བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ ༤༥ ཧྲིལ་བོ་འཁོར་བའི་དུས་དྲན་གྱི་གསུང་འཕྲིན།

༄༅། །བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་༤༥འཁོར་བའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་མོ་འདིར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐབས་༡༥པའི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་གཞོན་ལྷན་གྱི་ཚོགས་མི་ ༣༥༠༠༠ གི་ཚབ་ཞུས་ནས་རང་ཅག་བོད་གངས་ཅན་སྐྱེ་འགྲོ་ཀུན་གྱི་སྐྱབས་གནས་འཛམ་གླིང་ཞི་བདེའི་དེད་དཔོན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་གཡོ་བ་མེད་པའི་གུས་ཕྱག་དང་བཅས་ཏེ་བཀའ་དྲིན་རྗེས་དྲན་དང་། མི་ལོ་ ༦༥ རིང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་མཛད་རྗེས་ལ་གོང་བཀུར་ཡིད་རང་དང་འབྲེལ། ཤ་རུས་གདུང་རྒྱུད་གཅིག་པའི་གཞིས་བྱེས་སྤུན་ཟླ་ཡོངས་ལ་བཅོས་མིན་གྱི་འཚམས་འདྲི་ཞུ་རྒྱུ་ཡིན།

སྤྱི་ལོ་ ༡༩༧༠ ཟླ་བ་ ༡༠ ཚེས་ ༧ ཉིན་རིགས་གཞེན་དང་ལ་རྒྱའི་གསོན་ཤུགས་ལྡན་པའི་བྱེས་གྱར་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་རྒྱ་དམར་གྱི་ཧམ་བཟུང་བྱས་པའི་བོད་མི་རིགས་ཀྱི་ཕ་ས་དང་ཕ་གཞིས་དེའི་ཆེད་དུ་གཞིས་བྱེས་རྒྱ་ཆེའི་མི་མང་ནས་བོད་རང་བཙན་གྱི་ཆེད་དུ་དགྲ་བོ་རྒྱ་དམར་ལ་རྒོལ་འཛིང་དང་གདོང་ལེན་གྱི་ལས་འགུལ་སྤེལ་བཞིན་པ་དེ་དག་གི་བསམ་འདུན་སྒྲུབ་ཆེད་དུ་དཀའ་ངལ་ཐ་དག་ལ་གདོང་ལེན་གྱིས་རང་སྲོག་ཚུན་ལའང་ལྟོས་མེད་ཀྱིས་མདུན་སྐྱོད་བྱ་རྒྱུ་ཡིན་ཅེས་པའི་འགྱུར་མེད་ཀྱི་དམ་བཅའ་ཞིག་སྙིང་ཁོངས་སུ་བཅུག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་བཞིན་དངོས་སུ་དབུ་འཛུགས་གནང་བ་མ་ཟད། རང་ཅག་གི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེེད་དཔོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཀྱང་ཚོགས་ཆེན་ཐོག་སྔ་རྗེས་སུ་ཐེངས་གསུམ་ལ་ཞབས་གསོར་འཁོད་ནས་ཚོགས་བཅར་བ་བོད་རིགས་གཞོན་སྐྱེས་རྣམས་ལ་ དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་ལྷག་བསམ་དེ་རི་བཙུགས་པ་ནང་བཞིན་འགྱུར་བ་མེད་པའི་ཐོག་ལ་མདུན་ནས་མདུན་དུ་འགྲོ་ཐུབ་པ་ཞིག་དགོས། ༽ ཅེས་འཐབ་རྩོད་ཀྱི་བླ་སྲོག་ལྟ་བུའི་བཀའ་སློབ་ཟབ་མོ་ཕེབས་དོན་ལྟར་ད་བར་ལོ་ངོ་ ༤༥ ཡི་རིང་བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོ་དང། བོད་མི་རིགས་ཀྱི་ངོ་བོ་གསོན་གནས་ཐུབ་ཐབས། དེ་བཞིན་བོད་ཀྱི་ཐུན་མིན་སྐད་ཡིག་རིག་གཞུང་དང་བཅས་པ་སྲུང་སྐྱོབ་སོགས་ཀྱི་ཆེད་དུ་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་དོན་ལས་འགུལ་སྣ་མང་སྤེལ་ཐུབ་པ་བྱུང་བ་མ་ཟད། བོད་དོན་དྲིལ་བསྒྲགས་ཤུགས་ཆེར་སྤེལ་ཐུབ་པ་བྱུང་བ་དེས་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ལོ་རྒྱུས་ནང་ཕན་ནུས་མི་དམན་པ་ཐོན་ཐུབ་པ་བྱུང་ཡོད།

དེ་ཡང་གཙོ་བོར་རང་ཅག་གི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་དང་། དེ་བཞིན་གཞིས་བྱེས་བོད་མིའི་ཡིད་ཆེས་དང་རྒྱབ་སྐྱོར། རྒྱས་གཅེས་དཔའ་བོ་དཔའ་མོ་ཚོའི་བློས་གཏོང་དང་སྙིང་སྟོབས། ལྷག་བསམ་དང་ཤེས་འཇོན་གཉིས་ལྡན་གྱི་གཞོན་ལྷན་དབུས་སའི་རྒྱུན་ལས་ཟུར་པ་དང་ཚོགས་མི་རྣམས་པའི་དཀའ་སྤྱད་འབད་བརྩོན་སོགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན།

ཉེ་ཆར་སྤྱི་ལོ་ ༢༠༡༤ ཟླ་བ་ ༨ ཚེས་ ༡༢ དང་ ༡༣ ཉིན་གཉིས་རིང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་ལྷ་སར་ཚོགས་པ་དང། ཚོགས་ཐོག་ཏུ་རྒྱལ་ཁབ་ ༣༠ ལྷག་གི་མི་གྲངས་ ༡༠༠ ལྷག་འདུ་འགུགས་ཀྱིས་བོད་ཀྱི་གོང་འཕེལ་དང་། བོད་ཀྱི་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐོག་དོན་དངོས་དང་འགལ་བའི་དྲིལ་བསྒྲགས་བྱས་ཏེ་ཕྱི་རྒྱལ་གྱི་མི་མང་ཁག་ལ་བོད་ནང་དཔལ་འབྱོར་དང། སློབ་གསོ། འཕྲོད་བསྟེན་བཅས་ལ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་དང། བོད་ཀྱི་རང་བྱུང་འཁོར་ཡུག་གསོན་གནས་ཐོག་བོད་མི་རྣམས་བདེ་སྐྱིད་ཀྱི་འཚོ་བ་ལ་རོལ་བཞིན་ཡོད་པ་སོགས་ཀྱི་ངོས་འཛིན་དང་སྣང་སྙན་ཞིག་སྐྲུན་ཐབས་བྱས་ཡོད།

དོན་དངོས་ཐོག་འཛམ་གླིང་གི་ཡང་རྩེར་གྲགས་པའི་ཆོས་ལྡན་ཁ་བ་ཅན་གྱི་ཞིང་དེ་རྒྱ་དམར་གྱིས་བཙན་པོས་དབང་བསྒྱུར་བྱས་པ་ནས་བཟུང་ད་བར་མི་ལོ་༥༥ ལྷག་སོང་བའི་རིང་དགྲ་བོའི་དབང་བསྒྱུར་དང་བཙན་གནོན་འོག་གཞིས་ལུས་བོད་མིའི་ཛ་དྲག་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་རྩ་བ་ནས་ཕྱིན་མེད་པ་མ་ཟད།   རྒྱ་དམར་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་བོད་མི་རིགས་ཀྱི་ངོ་བོ་རྩ་བརླགས་ཏུ་གཏོང་ཆེད་མི་སེར་སྤེལ་བའི་ཕུག་ངན་སྲིད་ཇུས་ཀྱི་འོག་གཞིས་ལུས་སྤུན་ཟླ་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་ཀྱིས་ཆོས་དད་རང་དབང་དང་། སྨྲ་བརྗོད་རང་དབང། རྩོམ་འབྲིའི་རང་དབང། ཐ་ན་འགྲོ་འདུག་གི་རང་དབང་སོགས་ཀྱང་མེད་པར་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་མ་ཟད།   གཏེར་ཁ་བསྔོགས་འདོན་དང་ཤིང་ནགས་གཅོད་བྲེག་སོགས་ཀྱིས་མཚོན་པའི་བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཡང་གཏོར་བརླག་ཚབ་ཆེན་གཏོང་བཞིན་ཡོད་པ་རྒྱལ་སྤྱིའི་འཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོར་ཞིབ་པར་གསལ་ཡོད།

བོད་ནང་གཞི་རྩའི་བོད་མིའི་རང་དབང་དང། བོད་ཀྱི་སྐད་ཡིག་རིག་གཞུང་སྨོས་ཅི། ཐ་ན་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཆེད་དུ་སྲིད་གཞུང་ལ་ཞུ་འབོད་བྱེད་མཁན་གྱི་བོད་མི་ཚུན་ཆབ་སྲིད་ཀྱི་ཉེས་མིང་འོག འཇུ། རྡུང། གསོད། གསུམ་གྱི་མནར་གཅོད་གཏོང་བའི་གནས་ཚུལ་བསྟུད་མར་ཐོན་བཞིན་ཡོད།  དཔེ་མཚོན་ཞིག་ཞུས་ན་སྤྱི་ལོ་ ༢༠༡༤ ཟླ་བ་ ༨ ཚེས་ ༡༢ ཉིན་རྒྱ་དམར་གཞུང་གི་དམག་མི་ཚོས་བོད་ཀྱི་ཁམས་སྡེ་དགེའི་མི་དམངས་ཐོག་གང་བྱུང་མེ་མདའ་བརྒྱབ་སྟེ་དྲག་གནོན་བྱས་པའི་ཀླ་གློའི་བྱེད་སྤྱོད་དེ་ནི་རྒྱ་དམར་གཞུང་གིས་བོད་མི་རྣམས་ལ་སྡུག་སྦྱོང་གནར་གཅོད་གཏོང་བའི་མིག་སྔའི་དཔེ་མཚོན་གསར་ཤོས་ཤིག་ཡིན། དེས་ན་བོད་ནང་རྒྱ་དམར་སྲིད་གཞུང་གི་བཙན་གནོན་དང་གཉའ་གནོན་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་ཐོན་བཞིན་ཡོད་པ་དང། ལྷག་པར་སྤྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་བོད་མི་ ༡༣༠ ཙམ་གྱིས་རྒྱ་དམར་གྱི་བཙན་གནོན་དང་མཉའ་གནོན་ལ་འ་ཆད་འུ་ཐུག་གིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་ཡོད་པ་འདིའི་འབྱུང་རྩ་ནི་མི་ཆོས་ལས་འདས་པའི་རྒྱ་གཞུང་གི་སྲིད་ཇུས་ངན་པའི་འཇུག་འབྲས་ཡིན་པས། རྒྱལ་སྤྱིའི་རང་དབང་ཅན་གྱི་གསར་འགོད་པ་དང་གནད་དོན་ཉམས་ཞིབ་པ་བོད་ནང་དངོས་ཡོད་ཀྱི་གནས་ཚུལ་རྟོགས་ཞིབ་ཆེད་སྐྱོད་རྒྱུར་རྒྱ་ནག་གཞུང་ནས་ངོས་ལེན་རྩ་བ་ནས་བྱེད་ཐུབ་ཀྱི་མེད།

སྤྱི་ལོ་ ༢༠༡༣ ཟླ་བ་ ༣ ནང་ཞི་ཅིང་ཕིང་རྒྱ་ནག་གི་སྲིད་འཛིན་དུ་བསྐོ་བཞག་བྱས་རྗེས་ཀྱི་ལོ་ངོ་གཅིག་ལྷག་གི་རིང་རྒྱ་དམར་གཞུང་གིས་ལྐོག་ཟ་རུལ་སྲུང་ཐོག་རྒོལ་རྡུང་གཏོང་བའི་རྣམ་པའི་བྱ་འགུལ་ཞིག་སྤེལ་བཞིན་པ་ནི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང། མང་གཙོ། རང་དབང་སོགས་ཡར་རྒྱས་གཏོང་རྒྱུའི་འཆར་གཞི་ཞིག་མ་ཡིན་པར། དོན་དངོས་ཐོག་བྱ་འགུལ་དེ་ནི་སྒྱེལ་ལ་ཉེ་བའི་རྒྱ་ནག་དམར་ཤོག་གི་སྒྲིག་འཛུགས་སྲ་བརྟན་དང་དབང་ཆ་རྒྱུན་སྐྱོང་ཡོང་ཐབས་ཆེད་རྒྱ་ནག་མི་མང་གིས་དམར་ཤོག་སྲིད་གཞུང་ལ་རེ་བ་དང་ཡིད་ཆེས་གསར་པ་ཞིག་ཡོང་ཆེད་ཀྱི་ཕྱིའི་རྣམ་པ་ཙམ་གྱི་བྱ་འགུལ་ཞིག་ཡིན། དེ་ནི་ཞི་ཅིང་ཕིང་སྲིད་སྟེགས་སུ་བསྐོ་བཞག་བྱས་ནས་ད་བར་སྤྱིར་རྒྱ་ནག་ཡོངས་དང་ལྷག་པར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་ཡར་རྒྱས་རྩ་བ་ནས་ཕྱིན་མེད་པ་མ་ཟད། དམ་དྲག་ཤུགས་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་འདིས་ར་སྤྲོད་བྱས་ཡོད།

དེས་ན་ང་ཚོས་བོད་ཀྱི་གནད་དོན་འདི་ཡང་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་ཞེས་པ་ལྟར་ངེས་པར་དུ་ཕྱོགས་གང་ཅིའི་ཐད་ནས་གྲ་སྒྲིག་དང་འཐབ་རྩོད་བྱས་ཏེ་སེལ་དགོས་པ་ལས་རེ་སྒུག་ཁོ་ན་བྱས་ནས་སེལ་ཐབས་མེད་པ་ཤེས་པའི་ཐོག་ནས་ད་ལྟ་གཞིས་ལུས་སྤུན་ཟླའི་སྙིང་སྟོབས་དང། ཆིག་སྒྲིལ།   འགོག་རྒོལ་སོགས་ཀྱི་ནུས་ཤུགས་ཧ་ཅང་གི་ཚད་མཐོར་བསླེབས་པའི་གོ་སྐབས་འདི་དམ་འཛིན་གྱིས་རྒྱལ་སྤྱིིའི་ས་གནས་ཁག་ཏུ་ཡོད་པའི་བོད་རིགས་ཡོངས་ཀྱིས་སྒོ་གང་ས་ནས་བོད་ཀྱི་བདེན་དོན་འཐབ་རྩོད་ཐོག་ཤུགས་སྣོན་རྒྱག་དགོས་པའི་དུས་ལ་བབ་ཡོད།

རྒྱ་གཞུང་གིས་བོད་མིའི་སྤྱི་ཚོགས་ནང་སིམ་འཛུལ་དང་། བོད་རིགས་བསམ་མེད་རེ་བཟུང་རྒྱུ་ནོར་གྱི་སླུ་ཁྲིད་འོག་བེད་སྤྱོད་ཀྱིས་བོད་རིགས་ནང་ཁུལ་གྱི་མཛའ་མཐུན་དང་ཆིག་སྒྲིལ་གཏོར་བཤིག་གཏོང་བའི་བྱ་ངན་སྒོ་གང་ས་ནས་རྩོམ་བཞིན་ཡོད། དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཁག་ལ་ཆིབས་བསྒྱུར་བསྐྱངས་སྐབས་དོལ་རྒྱལ་རྗེས་འབྲངས་པ་ཉུང་ཤས་ཤིག་ཡོད་པ་དེ་དག་གིས་གཞི་རྩ་གང་ཡང་མེད་པར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བའི་ལས་ངན་ཇི་སྙེད་གཅིག་རྩོམ་བཞིན་ཡོད་པ་དང། དེ་བཞིན་རྡོ་རྗེ་ཤུགས་ལྡན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཟེར་བ་སོགས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མཚན་བྱང་བེད་སྤྱོད་ལོག་པར་གཏོང་བའི་གནས་ཚུལ་འབྱུང་བཞིན་པ་སོགས་ནི་རྒྱ་དམར་གཞུང་གིས་སྒོ་གང་ས་ནས་དངོས་ཤུགས་བརྒྱུད་གསུམ་གྱིས་བོད་མིའི་སྤྱི་ཚོགས་ནང་དབྱེན་སྦྱོར་དང་དཀྲུགས་ཤིང་གིས་བོད་རིགས་ནང་ཁུལ་གྱི་མཛའ་མཐུན་དང་ཆིག་སྒྲིལ་མེད་པར་བཟོ་ཐབས་དང། བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ནུས་པ་ཉམས་དམས་སུ་གཏོང་རྒྱུའི་གོ་རིམ་དང་འཆར་གཞི་ལྡན་པའི་ལས་ངན་སྤེལ་བཞིན་ཡོད་པ་རང་རིགས་སེར་སྐྱ་རྒན་གཞོན་བར་གསུམ་གྱིས་ངེས་ཤེས་བརྙེད་པའི་ཐོག་ནས་དུས་དང་རྣམ་པ་ཀུན་ཏུ་གཟབ་ནན་བྱེད་དགོས་པའི་ནན་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན།

དེ་རིང་བོད་ཀྱི་གཞོན་ནུའི་ལྷན་ཚོགས་དབུ་བརྙེས་པའི་དུས་སྐབས་འདི་དང་སྟབས་བསྟུན་ནས་རྒྱལ་སྤྱིའི་ས་ཕྱོགས་གང་སར་གནས་བའི་བོད་རིགས་གཞོན་སྐྱེས་རྣམས་ལ་ནན་བརྗོད་བྱ་རྒྱུར། བོད་ཀྱི་གཞོན་ནུ་ལྷན་ཚོགས་སྒྲིག་འཛུགས་འདི་ནི་བོད་རིགས་ན་གཞོན་ཡོངས་ཀྱིས་བོད་སྤྱི་པའི་བདེན་དོན་འཐབ་རྩོད་ཆེད་ནུས་པ་གཅིག་ཏུ་སྤུངས་སའི་སྡིང་ཆ་ཞིག་ཏུ་སྤྱི་ལོ་ ༡༩༧༠ ལོར་སྐབས་དེའི་གཞོན་སྐྱེས་ཤེས་ལྡན་པ་ཚོས་དགོས་དམིགས་གལ་ཆེར་གཟིགས་ནས་གསར་འཛུགས་གནང་བ་ལྟར།   ད་ལྟའི་བོད་རིགས་གཞོན་སྐྱེས་ཡོངས་ནས་བོད་བསྟན་སྲིད་ལ་སྨན་པའི་བོད་དོན་ལས་འགུལ་ཁག་གི་ནང་ངེས་པར་དུ་འགན་འཁུར་མཉམ་བཞུགས་དང་སྣེ་ཁྲིད་ཀྱིས་བོད་དོན་ལས་འགུལ་འདི་བཞིན་རྒྱལ་སྤྱིའི་ནང་སྔར་ལས་ལྷག་པའི་སྒོ་ནས་ཚད་གཞི་ཇེ་མཐོར་གཏོང་དགོས་པའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན།

མཐའ་དོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་གཞོན་ལྷན་རྩ་འཛུགས་ཀྱི་དམིགས་ཡུལ་ལྟར་བོད་རང་བཙན་སླར་གསོའི་འཐབ་རྩོད་གོང་འཕེལ་དང་རྒྱུན་སྐྱོང་བྱ་རྒྱུའི་འབད་བརྩོན་ལྷོད་མེད་བྱ་རྒྱུ་དང་ཆབས་ཅིག རང་ཅག་གི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་སྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་སེལ་བའི་སྨོན་འདུན་དང་བཅས།།

བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་

བོད་རྒྱལ་ལོ་ ༢༡༤༡ སྤྱི་ལོ་ ༢༠༡༤ ཟླ་བ་ ༡༠ ཚེས་ ༧ ཉིན།

Back To Top