ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་བཅུ་གཅིག་ནས་ཉིན་ཉི་ཤུ་བར།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་བཅུ་གཅིག་པ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་བཅུ་གཅིག་པ་དེ་བཞིན་ཞོགས་པ་ཆུ་ཚོད་ལྔ་པ་ཙམ་ལ་རོ་པར་ནས་ཀུ་རི་ལ་བར་གྱི་གོམ་བགྲོད་ཞུ་འཆར་གྱིས། ཞོགས་པའི་སྨོན་ལམ་གསུང་འདོན་ཞུས་རྗེས་གོ་སྒྲིག་ཚོགས་ཆུང་གིས་ཉིན་གཅིག་གི་བྱེད་སྒོ་ངོ་སྤྲོད་ཞུས། ཀུ་རི་ལར་ཨར་ཨེས་ཨེས་ཚོགས་མི་རྣམས་ཀྱིས་སྐུ་ཞབས་རཱ་ཝིན་ཌར་ཇི། སྐུ་ཞབས་ཝི་ཀྲམ་ཇི། དང་སྐུ་ཞབས་ཧར་ཝིན་ཌར་སིང་ར་ཐུར་ (DESMDRC Student front party chief) གཙོས་པས་དགའ་བསུ་ཆེན་པོ་གནང་། ཀུ་རི་ལར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་ཀྱང་སྐོང་ཚོགས་བྱས་ཏེ་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་དགོས་དམིགས་ངོ་སྤྲོད་དང་། བོད་དོན་ཐད་རྒྱ་གར་དབུས་སའི་གཞུང་དང་མི་མང་ནས་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞེས་ཞུས། དེ་རིང་གི་ཉི་མའི་ཚ་གྲོད་ཇི་ལྟར་ཆེ་ནའང་ལས་འགུལ་བ་རྣམས་ནས་དཀའ་སྤྱད་གདོང་ལེན་གྱིས་སྙིང་སྟོབས་ཆེན་པོས་ཞག་སྡོད་ས་ཚིགས་བར་གོམ་བགྲོད་ཀྱིས་ལས་འགུལ་ལེགས་གྲུབ་བྱུང་བ་དང་། མཚན་མོའི་ཞག་སྡོད་བྱ་ས་ནི་ཨར་ཨེས་ཨེས་ཀུ་རི་ལ་ཚོགས་པས་བཀོད་སྒྲིག་གང་ལེགས་གནང་འདུག་པ་མ་ཟད། ལས་འགུལ་བ་རྣམས་ནས་དཀར་ཟས་རྐྱང་པའི་དགོང་ཟས་དང་མཉམ་དུ་དེ་རིང་གི་ལས་འགུལ་ཡོངས་སུ་མཇུག་བསྒྲིལ་ཞུས།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་བཅུ་གཉིས་པ།
དེ་རིང་ཞོགས་པ་ཆུ་ཚོད་ ༤:༠༠ པའི་ཐོག་སྨོན་ལམ་གསུང་འདོན་ཞུས་རྗེས་གོ་སྒྲིག་ཚོགས་ཆུང་གིས་ཉིན་དེའི་བྱེད་སྒོ་ཁག་ངོ་སྤྲོད་ཞུས། དེ་རྗེས་ཀ་རུ་ལི་ནས་གོམ་བགྲོད་འགོ་འཛུགས་ཀྱིས་ཉིན་རྒྱབ་ཙམ་ལ་ཅན་དྷི་གྷར་དུ་འབྱོར་བ་དང་། དེ་གའི་ས་གནས་གཞོན་ནུའི་ཚོགས་གཙོ་དང་རྒྱུན་ལས་ཚོགས་མི་ཚོས་སྣེ་ལེན་གཟབ་རྒྱས་གནང་། ཉིན་རྒྱབ་ཆུ་ཚོད་ ༣:༠༠ ཙམ་ལ་ལས་འགུལ་བ་ཚོས་པན་ཇབ་གཙུག་ལག་སློབ་གྲྭ་ཆེན་མོའི་མདུན་དང་། དེ་རྗེས་སེག་ཊར་ ༡༧ ནང་ངོ་རྒོལ་སྐད་འབོད་ཁྲོམ་སྐོར་བྱས། ཨཱར་ཨེས་ཨེས་ཀྱི་ཚོགས་མི་ཤྲི་ཨིར་ཅ་རན་གི་དང་། ཤྲི་སུ་མིཏ་ཀུ་མར་གི པུ་གཙུག་ལག་སློབ་གྲྭའི་སཾསྐྲྀཏ་སྡེ་ཚན་གྱི་དགེ་རྒན་ཆེན་མོ་ཊོ་མར་གི་དང་། ཨཱ་ཤེཤ་གི་ (འབུམ་རམས་པ) དང་། དགེ་རྒན་ཆེན་མོ་ཀེ་པི་སིང་གི་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་། ཅན་དྷི་གྷར་གྱི་ཀ་མ་ལི་ཇིཏ་སིང་པན་ཅི་ཡིས་ཀྱང་རྒྱལ་ཡོངས་མི་སེར་གྱི་ཐོབ་ཐང་དང་ལྐོག་ཟ་རུལ་སུངས་ཅན་ལ་ངོ་རྒོལ་གནང་མཁན་གྱི་སྟོབས་ཤུགས་ཅན་གྱི་ཚོགས་གཙོ་དང་ཚོགས་མི་རྣམས་གདན་ཞུས་ཀྱིས་བོད་དོན་ཐད་གདུང་སེམས་མཉམ་སྐྱེད་ཀྱིས་ངོ་རྒོལ་སྐད་འབོད་ལས་འགུལ་ནང་མཉམ་ཞུགས་བྱས། ངོ་རྒོལ་སྐད་འབོད་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་གསར་འགོད་པ་དང་བརྒྱུད་ལམ་ཁག་ལ་བོད་ནང་གི་ད་ལྟའི་གནས་སྟངས་དང་། ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་གྱི་གལ་ཆེའི་རང་བཞིན་སྐོར་ངོ་སྤྲོད་གནང་། སེག་ཊར་ ༡༧ ནང་དུ་པུ་རུ་ཝ་ལའི་ས་གནས་གཞོན་ནུ་དང་། ས་གནས་བུད་མེད་ལྷན་ཚོགས་གཉིས་ཀྱིས་གོམ་བགྲོད་པ་རྣམས་ལ་མཇལ་དར་ཕུལ་བ་དང་། ཆུ་དང་ཤིང་ཏོག་འདེགས་འུལ་གྱིས་སྣེ་ལེན་གནང་། གོམ་བགྲོད་པ་རྣམས་ཀྱི་ཞབས་ལ་ན་ཟུག་ཇི་ལྟར་བྱུང་ཡང་། དེ་ཉིན་གྱི་དམིགས་ཚད་ལྟར་གོམ་བགྲོད་དང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ལམ་ལྷོང་ལེགས་གྲུབ་བྱུང་ནས་མཇུག་བསྒྲིལ་ཞུས། མཐར་ཅན་དྷི་གྷར་གྱི་ཨཱར་ཨེས་ཨེས་ཚོགས་པ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷག་པར་དུ་ཤྲི་ཨིར་ཅ་རན་གི་དང་། ཤྲི་སུ་མིཏ་ཀུ་མར་གི དགེ་རྒན་ཆེན་མོ་ཊོ་མར་གི འབུམ་རམས་པ་ཨཱ་ཤེཤ་གི དགེ་རྒན་ཆེན་མོ་ཀེ་པི་སིང་གི་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཅན་དྷི་གྷར་རྒྱ་གར་གཞོན་ནུ་ཚོགས་པ་ཚོའི་བློས་གཏོང་དང་རྒྱབ་སྐྱོར་ལ་ཡང་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་བཅུ་གསུམ་པ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་དེ་བཞིན་ཉིན་གྲངས་བཅུ་གཉིས་རིང་མུ་མཐུད་དུ་གོམ་བགྲོད་བྱས་ཡོད་པ་དང་། དེའི་རིང་ལམ་བར་དུ་ལས་འགུལ་བ་རྣམས་གནམ་གཤིས་ཚ་གྲང་དང་། ཆར་རླུང་། དེ་བཞིན་རྐང་པར་ཆུ་འབུར་སོགས་ཀྱིས་རྐྱེན་པས་དཀའ་ཚེགས་ཇི་ལྟར་འཕྲད་ཀྱང་སེམས་ཤུགས་དང་སྙིང་སྟོབས་ཆེན་པོས་མདུན་སྐྱོད་བྱས་ཡོད་པ་དང་། ལས་ཉིན་བཅུ་གསུམ་སྟེ་དེ་རིང་ནི་གོམ་བགྲོད་ལས་འགུལ་བ་རྣམས་ཅན་དྷི་གྷར་དུ་ས་གནས་གཞོན་ནུའི་གོ་སྒྲིག་དང་མཐུན་འགྱུར་རྒྱབ་སྐྱོར་འོག་ངལ་གསོ་ལེགས་པོ་ཞིག་བརྒྱབ་པ་མ་ཟད། གོམ་བགྲོད་ལས་འགུལ་བ་ཆ་ཚང་བའི་སྐུ་གཟུགས་ལ་རྟག་དཔྱད་ཀྱང་བྱས་ཡོད་པ་རེད། དེ་སྐབས་སྨན་པ་བསམ་གྲུབ་རྡོ་རྗེ་ལགས་དང་། སྨན་བཅོས་རྟག་དཔྱད་སྨན་ཁང་གི་སྤྱི་ཚོགས་ཞབས་ཞུའི་རུ་ཁག་ཡོངས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ལྷག་པར་དུ་ཅན་དྷི་གྷར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་པ་བསྟན་འཛིན་མཐའ་ཡས་ལགས་ནས་འདི་ལྟར་གནང་ཐུབ་པར་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན། གོམ་བགྲོད་པ་ཚང་མ་རྟག་དཔྱད་གྲུབ་དོན་དུ་བདེ་ཐང་ཡིན་འདུག་པས་གོ་སྒྲིག་ཚོགས་ཆུང་གཙོ་བྱས་པའི་ལས་འགུལ་བ་རྣམས་ཀྱི་ནང་མི་བུ་ཕྲུག་དང་། གཞོན་ལྷན་གྱི་ལས་འགུལ་ཐད་ཐུགས་འཁུར་རྒྱབ་སྐྱོར་གནང་མཁན་ཡོངས་རྫོགས་བློ་བདེ་གནང་ཆོག་པ་བཅས་དེ་རིང་ལས་འགུལ་བ་རྣམས་དང་མོ་ཊ་སོགས་ལ་ངལ་གསོ་དོན་སྨིན་ལྡན་པ་ཞིག་བྱུང་བ་བཅས་སོང་བ་ལགས། འགྲུལ་བཞུད་རྒྱང་ཐག་ཇི་ལྟར་རིང་ཡང་ནམ་ཞིག་རང་ཡུལ་བོད་དུ་འདི་ལྟར་ཕྱིར་ལོག་ཐུབ་པའི་རེ་བ་དང་ཡིད་ཆེས་བཅངས་ནས་བསྡད་ཡོད་པ་བཅས་སོ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་བཅུ་བཞི་པ།
དེ་རིང་ནི་གོམ་བགྲོད་ལས་ཉིན་བཅུ་བཞི་པ་དེ་ཡིན་ཞིང་། ལས་འགུལ་བ་རྣམས་ཀྱིས་ད་བར་གོམ་བགྲོད་བྱས་པའི་ནང་ནས་གོམ་བགྲོད་རྒྱང་ཐག་རིང་ཤོས་དེ་ཆགས་ཡོད་པ་དང་། གོམ་བགྲོད་པ་རྣམས་ཀྱིས་ཁྱོན་སྤྱི་ལེ་ ༥༣ ཙམ་གོམ་བགྲོད་གནང་ཡོད། ལས་འགུལ་བ་རྣམས་ཞོགས་པའི་ཆུ་ཚོད་ ༤ པར་བཞེངས་ཐོག་སྔར་རྒྱུན་ལྟར་ཉིན་རེའི་ཞོགས་པའི་གསོལ་འདེབས་སྨོན་ལམ་གསུང་འདོན་ཞུས་པ་དང་། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་དེ་རིང་གི་གོམ་བགྲོད་ལས་འགུལ་གྱི་བྱེད་སྒོ་ཁག་ངོ་སྤྲོད་དང་བཅས་གོམ་བགྲོད་འགོ་འཛུགས་ཞུས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ཁ་ཐག་ཇེ་ཉེ་ཇེ་ཉེར་འགྲོ་སྐབས་གནམ་གཤིས་ཀྱང་ཚ་དྲོད་ཇེ་ཆེ་ཇེ་ཆེར་འགྲོ་བཞིན་ཡོད་ནའང་ལས་འགུལ་བ་རྣམས་ནས་དཀའ་སྡུག་ལ་གདོང་ལེན་གྱིས་སྙིང་སྟོབས་དང་སེམས་ཤུགས་ཆེན་པོས་ཉིན་གང་གོམ་བགྲོད་གནང་མཐར་དགོང་དྲོའི་ཆུ་ཚོད་ ༥:༣༠ ཙམ་ལ་ཧ་རི་ཡ་ན་མངའ་སྡེའི་ཨམ་བྷ་ལར་བདེ་འབྱོར་བྱུང་བ་དང་། དེ་སྐབས་ཡོ་གེ་ཤི་ལགས་ཀྱི་འགོ་ཁྲིད་འོག་ཨམ་བྷ་ལ་ཀན་ཊི་ཨ་བྷི་ཝི་པི་སློབ་ཕྲུག་ཚོགས་པའི་སྣེ་ལེན་དྲོན་མོ་ཞིག་གནང་བྱུང་བ་དང་། གོམ་བགྲོད་ལས་འགུལ་བ་རྣམས་ཞག་སྡོད་ས་ཚིགས་གུར་དུ་བསླེབས་རྗེས་བྷ་རཏ་ཏི་བྷཏ་མིཏྲ་སཾགྷ་པའི་ཚོགས་གཙོ་སྐུ་ཞབས་ན་རེན་དར་ལགས་དང་། ཚོགས་གཞོན་ཨ་རུན་ལགས་ཀྱིས་གོམ་བགྲོད་པ་རྣམས་ལ་ཤིང་ཏོག་འདེགས་འབུལ་གནང་བ་དང་། བྷ་རཏ་ཏི་བྷཏ་མིཏྲ་སཾགྷ་པའི་ཧ་རི་ཡ་ན་མངའ་སྡེའི་ཚོགས་གཙོ་སྐུ་ཞབས་སུ་ཤིལ་ཀུ་མར་ལགས་དང་ཁོང་གི་ལས་རོགས་རྣམས་ཀྱིས་ཀྱང་མེ་ཏོག་དང་མེ་ཏོག་གི་ཕྲེང་བ་སོགས་ཀྱིས་ཚང་མར་སྣེ་ལེན་དང་དགའ་བསུ་ཟབ་རྒྱས་ཞུས། དེ་གར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ནས་གསར་འགོད་པ་དང་བརྒྱུད་ལམ་ཁག་ལ་བོད་མིའི་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་གྱི་དགོས་དམིགས་ངོ་སྤྲོད་དང་། རྒྱ་གར་དབུས་སའི་གཞུང་དང་མི་མང་ནས་ད་བར་བོད་དོན་འཐབ་རྩོད་ཐད་འགྱུར་མེད་ཀྱིས་རྒྱབ་སྐྱོར་མུ་མཐུད་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་ཡོད་པ་རེད། པོན་ཊ་ས་ཧིབ་ས་གནས་བོད་ཀྱི་གཞོན་ནུ་དང་པོན་ཊ་ས་ཧིབ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནས་ཀྱང་ཨམ་བྷ་ལར་ཡོང་ནས་གོམ་བགྲོད་པ་རྣམས་ཀྱི་བློས་གཏོང་དང་ལྷག་བསམ་ལ་ཐུགས་རྗེ་ཆེ་ཞུས་པ་དང་། བོད་མིའི་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་། ཉིན་མོ་འདི་ནི་གོམ་བགྲོད་ལས་འགུལ་བ་རྣམས་ནས་དཀའ་སྡུག་ལ་མ་འཛེམས་པར་གོམ་བགྲོད་ཀྱི་འགྲུལ་བཞུད་རྒྱང་ཐག་རིང་ཤོས་དེ་གནང་དགོས་བྱུང་བར་བརྟེན། གོམ་བགྲོད་པ་ཚང་མ་ཧ་ཅང་ཐང་ཆད་ཡོད་མོད་ཀྱང་ས་ཚིགས་སུ་འབྱོར་མཚམས་རྒྱ་གར་མི་སྣ་འདྲ་མིན་དང་། བོད་མི་སྤྱི་སྒེར་རྣམས་ཀྱིས་སྣེ་ལེན་གང་གཟབ་གནང་བ་བཅས་ཉིན་རེའི་རྒྱང་ཐག་རིང་ཤོས་ཀྱི་གོམ་བགྲོད་ལས་འགུལ་དེ་ལེགས་གྲུབ་ཀྱིས་མཇུག་སྒྲིལ་ཞུས།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་བཅོ་ལྔ་པ།
དེ་རིང་ནི་གོམ་བགྲོད་ལས་འགུལ་ཉིན་བཅོ་ལྔ་པ་དེ་ཡིན་ཞིང་། སྔ་དྲོའི་ཆུ་ཚོད་ ༥:༠༠ ཐོག་སྔར་རྒྱུན་ལྟར་སྨོན་ལམ་གསུང་འདོན་དང་ཉིན་དེའི་བྱེད་སྒོ་ཁག་གི་སྐོར་གོ་སྒྲིག་ཚོགས་ཆུང་ནས་ངོ་སྤྲོད་བྱས་རྗེས་གོམ་བགྲོད་འགོ་བཙུགས། གོམ་བགྲོད་པ་རྣམས་ཀྱི་དེ་རིང་གི་དམིགས་ཡུལ་ནི་ཤ་ཧ་བྷ་ཏ་བར་ཡིན་ཞིང་། དེ་ནི་སྤྱི་ལེ་ ༢༢ ཙམ་གྱི་རྒྱང་ཐག་ཡོད་པ་རེད། གོམ་བགྲོད་པ་རྣམས་ཉིན་དགུང་ཆུ་ཚོད་ ༡༢:༣༠ ཙམ་ལ་ཤྲི་ཤ་ཀམ་བྷ་རི་དེ་ཝི་མཎྜིར་དུ་འབྱོར་ཞིང་། དེར་གོ་སྒྲིག་བྱེད་མཁན་ནི་ཝིཤྭ་ཧིན་དུ་པར་ཤཏ་ཤ་ཧ་བྷ་ཏ་ཡིན་པ་དང་། ཁོང་ཚོར་ཤྲི་མན་ཤེ་བྷ་ག་ཏ་ཇི། པཎྜིཏ་ཤྲི་ར་ཇེ་ཤ་ཤ་མ་ཇི། ཤྲི་སན་ཏ་པལ་བྷ་ཏི་ཡ་ཇི། ཤྲི་ར་ཇ་ཀུ་མར་བྷ་ཏི་ཡ་ཇི། ཤྲི་སུ་རེན་ཌར་ཇིན་ཇི། ཤྲི་ཨར་ཌི་གུཔྟ་ཇི། ཤྲི་མ་རན་ཌར་མ་དན་ཇི། ཤྲི་རམ་པལ་ཇི། ཤྲི་ར་ཀེ་ཤ་ཁ་ན་ཇི་བཅས་ཀྱི་རྒྱབ་སྐྱོར་འོག་ཁོང་ཚོས་རྒྱ་གར་གྱི་སྲོལ་རྒྱུན་ཧིན་དྷུའི་ལུགས་ལྟར་མེ་ཏོག་གི་ཆར་བབ་དང་། མེ་ཏོག་གི་ཕྲེང་བ་ཕུལ་ཏེ་གུས་བསུ་ཞུས། དགའ་བསུའི་མཛད་སྒོ་གྲུབ་རྗེས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་གསར་འགོད་པ་དང་གསར་འགྱུར་ལས་ཁང་ལ་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་དང་དེའི་དམིགས་ཡུལ་སྐོར་གྱི་གསལ་བཤད་གནང་ཡོད་པ་དང་། གསར་འགོད་པའི་དྲི་བར་ལན་འདེབས་སྐབས་ཚོགས་གཙོས་མཇུག་བསྡོམས་སུ་འདི་ལྟར་གསུངས། “ཉི་མས་ང་ཚོ་འཚིག་ནའང་། ང་ཚོའི་རྒྱལ་ཁབ་བོད་ཀྱི་ཆེད་དུ་འཐབ་རྩོད་བྱེད་པའི་སྙིང་སྟོབས་དང་ཆོད་སེམས་ནམ་ཡང་ཉམས་སུ་མི་འཇུག” ཅེས་དེ་རིང་ནི་ཚ་བ་ཆེན་པོ་ཡོད་སྟབས་གོམ་བགྲོད་པ་རྣམས་ངལ་དུབ་ཆེ་བས་མི་ཚང་མ་མགྱོགས་པོར་ངལ་གསོ་དགོས་གལ་གྱིས་གོམ་བགྲོད་ལས་འགུལ་མཇུག་སྒྲིལ་ཞུས།
ཞྭ་མོ་ནག་པོ་འི་གོམ་འགྲོདལས་འགུལ་ཉིན་བཅུ་དྲུག་པ།
དེ་རིང་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་གྲངས་བཅུ་དྲུག་པ་དེ་ཡིན་ཞིང་། ཞོགས་པ་ཆུ་ཚོད་ ༤ པར་སྔ་པོ་ནས་སྨོན་ལམ་གསོལ་འདེབས་དང་། དེ་ནས་གོ་སྒྲིག་ཚོགས་ཆུང་གིས་ཉིན་དེའི་བྱེད་སྒོ་ཁག་ངོ་སྤྲོད་གནང།
ཞོགས་པ་གོམ་བགྲོད་པ་རྣམས་མ་ཐོན་ཙམ་གྱི་ཆུ་ཚོད་ ༩ པའི་ཐོག་བོད་དོན་ལས་འགུལ་བ་འཇམ་དབྱངས་ལགས་གོམ་བགྲོད་པ་ཚོར་མཇལ་འཕྲད་དུ་ཕེབས་ཤིང་། ཁོང་དྷེ་ར་དྷུན་ནས་ཆེད་ཕེབས་ཀྱིས་ཞྭ་མོ་ནག་པོའི་གོམ་བགྲོད་པ་ཚོར་དམིགས་བསལ་འཚམས་འདྲི་ཞུ་བ་དང་། བོད་དོན་འཐབ་རྩོད་ཆེད་ཁོང་ཚོའི་ལྷག་བསམ་དང་ཆོད་སེམས་ལ་ཐུགས་རྗེ་ཆེ་ཡང་ཞུས། དེ་རྗེས་གོམ་བགྲོད་ཀྱིས་ཕྱི་དྲོའི་ཆུ་ཚོད་ ༡།༣༠ ང་ཚོ་ཧིན་དུའི་ཆོས་ལུགས་ཀྱི་གནས་མཆོག་གལ་ཆེ་ཤོས་ཀུ་རུ་ཀུ་ཤེ་ཊ་རུ་འབྱོར་ཞིང་། དེར་ཀུ་རུ་ཀུ་ཤེ་ཊའི་ཨེ་བི་ཝེ་པི་སློབ་ཕྲུག་ཚོགས་པ་ནས་སུ་བྷམ་ཤར་མ་ལགས་ཀྱིས་གཙོས་པའི་ཚོགས་མི་ཚོས་དགའ་བསུའི་སྣེ་ལེན་ཞུས་པ་དང་མཉམ་དུ་རྒྱ་གར་དང་བོད་ཀྱི་མཛའ་མཐུན་ནམ་ཡང་མི་ནུབ་པའི་འབོད་ཚིག་བསྒྲགས། ཆུ་ཚོད་ ༢:༣༠ ཀུ་རུ་ཀུ་ཤེ་ཊའི་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་སུ་ཤིལ་ལགས་དང་། ར་ཝིནྡར་ལགས། ཝི་ཀ་སི་ལགས་བཅས་དང་། ཁོང་ཚོའི་ལས་དོན་ཚོགས་ཆུང་ཡོངས་ཀྱིས་གོམ་བགྲོད་པ་ཚོར་དགའ་བསུ་ཞུས་པ་དང་། བོད་ཀྱི་འཐབ་རྩོད་ཆེད་སྐུལ་མ་གནང། དུས་སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་གསར་འགོད་པ་དང་བརྒྱུད་ལམ་ཁག་ལ་ཞྭ་མོ་ནག་པོའི་གོམ་བགྲོད་དང་དེའི་དམིགས་ཡུལ་སྐོར་གསལ་བཤད་གནང་། ཚ་བ་ཇི་ལྟར་ཆེ་ཡང་གོམ་བགྲོད་པ་ཚོས་ཆོད་སེམས་བརྟན་པོར་གནས་ཡོད་པ་རེད། པོན་ཊ་ས་ཧིབ་བོད་མིའི་གཞིས་སྒར་ནས་ཡོང་བའི་རྒན་རྒོན་གཉིས་ཀྱིས་ང་ཚོར་སེམས་འགུལ་ཐེབས་པའི་མཇལ་འཕྲད་གནང་བ་ཟད། ཁོང་གཉིས་གོམ་བགྲོད་པ་ཚོར་དམིགས་བསལ་མཇལ་འཕྲད་དུ་ཕེབས་པ་དང་། བོད་རང་བཙན་གྱི་སྙིང་སྟོབས་ནམ་ཡང་མི་ཉམས་པའི་ཐུགས་རྗེ་ཆེ་ཞུ་བ་དང་མཐར་བོད་རྒྱལ་གྱུར་ཅིག་ཅེས་བརྗོད། དེ་དང་མཉམ་དུ་ང་ཚོས་དེ་རིང་གི་ལས་འགུལ་འདི་མཇུག་བསྒྲིལ་བ་དང་། དགོང་དྲོའི་ཞལ་ལག་རྒྱ་གར་གྱི་ཟ་མ་སྟབས་བདེ་ཞིག་མཆོད་པ་རེད། དམིགས་བསལ་གྱིས་ནིའུ་ཡོག་གྲོང་ཁྱེར་ནས་ཡིན་པའི་ཡར་ལུང་རུ་ཁག་གི་ཚོགས་མི་ཚོས་ལས་འགུལ་བ་རྣམས་ལ་ཉིན་གང་པོར་ཞོགས་ཇ་དང་། ཉིན་གུང་། དགོང་ཟས་བཅས་སྦྱིན་བདག་གནང་བར་གོམ་བགྲོད་པ་ཡོངས་ཀྱིས་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་གྲངས་བཅུ་བདུན་པ།
དེ་རིང་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་གྲངས་བཅུ་བདུན་པ་དེ་ཡིན་ཞིང་། ཞོགས་པ་ཆུ་ཚོད་ ༤ པར་སྔ་པོ་ནས་སྨོན་ལམ་གསོལ་འདེབས་དང་། དེ་ནས་གོ་སྒྲིག་ཚོགས་ཆུང་གིས་ཉིན་དེའི་བྱེད་སྒོ་ཁག་ངོ་སྤྲོད་གནང་།
དེ་ནས་གོམ་བགྲོད་འགོ་འཛུགས་ཀྱིས་ཧ་རི་ཡ་ན་མངའ་སྡེའི་ནི་ལོ་ཁེ་རི་ལ་རུ་ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་འབྱོར་བ་དང་། ཨེབ་ཝི་པི་ནི་ལོ་ཁེ་རི་ཡི་སློབ་མ་རྣམས་ཀྱིས་ཨ་བི་ཤེག་རཱ་ན་ལགས་ཀྱི་ལམ་སྟོན་འོག་དང་། གཞོན་སྐྱེས་འགོ་ཁྲིད་ལོ་ཝ་པྲ་ཏཱབ་སིང་ལགས་དང་ཁོང་གི་རུ་ཁག་གི་འགོ་ཁྲིད་འོག་དགའ་བསུ་སྣེ་ལེན་གཟབ་རྒྱས་གནང་། ནི་ལོ་ཁེ་རི་ཡི་རྒན་རབས་གསར་འགོད་པ་ཨ་ཧུ་ཇ་ལགས་ཀྱི་རྒྱབ་སྐྱོར་འོག་བཛྲང་དལ་དྷར་མ་ཤཱ་ལ་རུ་གསར་འགོད་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་ཡོད་པ་དང་། ཨ་ཧུ་ཇ་ལགས་ཀྱིས་གོམ་བགྲོད་པ་རྣམས་ཀྱི་སེམས་ཤུགས་སྤར་བ་དང་རྒྱལ་ཁབ་ཀྱི་དོན་དུ་ལས་འགུལ་སྤེལ་རྒྱུར་སྐུལ་མ་གཏོང་ཆེད་སྙན་ངག་ཅིག་ཀྱང་བསྐྱོར་འདོན་གནང་སོང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་གསར་འགོད་པ་རྣམས་ལ་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་དམིགས་ཡུལ་དང་དེའི་གལ་ཆེན་རང་བཞིན་སྐོར་གསུངས་ཡོད་པ་དང་། དེ་བཞིན་དགོང་མོར་ཡང་ཚོགས་གཙོའི་འགོ་ཁྲིད་འོག་གོམ་བགྲོད་པ་རྣམས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གྲོས་བསྡུར་བྱས་ཏེ་གོམ་བགྲོད་ཉིན་བཅུ་བདུན་ཉིན་མོ་དེ་དོན་སྙིང་ལྡན་པ་ཞིག་བྱུང་བ་བཅས་དེ་རིང་གི་གོམ་བགྲོད་ལས་འགུལ་ལེགས་གྲུབ་ཀྱིས་མཇུག་སྒྲིལ་ཞུས།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་གྲངས་བཅོ་བརྒྱད་པ།
དེ་རིང་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་གྲངས་བཅོ་བརྒྱད་པ་དེ་ཡིན་ཞིང་། ཞོགས་པ་ཆུ་ཚོད་ ༤ པའི་ཐོག་སྔར་རྒྱུན་ལྟར་སྨོན་ལམ་གསོལ་འདེབས་དང་། དེ་ནས་གོ་སྒྲིག་ཚོགས་ཆུང་གིས་ཉིན་དེའི་བྱེད་སྒོ་ཁག་ངོ་སྤྲོད་གནང་། དེ་རྗེས་གོམ་བགྲོད་ལས་འགུལ་འགོ་འཛུགས་ཀྱིས་ཉིན་དགུང་ཆུ་ཚོད་ ༡༢ ཙམ་ལ་ཀར་ནལ་གྱི་ཇཱཊ་བྷ་ཝན་དུ་འབྱོར་བ་དང་། དེར་ཨེ་བི་ཝི་པི་ཀར་ནལ་གྱིས་དགའ་བསུ་ཆེན་པོ་ཞུས་པ་དང་། ཨ་བྷི་ཤེཀ་ར་ན་ལགས་ཀྱི་ལམ་སྟོན་དང་། ཌི་པཱཀ་ཡ་དབ་ལགས་དང་ལོབ་པར་ཏབ་ལགས་ཀྱི་འགོ་ཁྲིད་འོག་ཚོགས་པའི་ཚོགས་མི་རྣམས་ནས་སྣ་ལེན་ཟབ་མོ་གནང་། དེ་མིན་ང་ཚོར་ཧར་ཡ་ན་བི་ཊི་ཨེསི་ཨེམ་གྱིས་སུ་ཤིལ་ཀུ་མར་ལགས་ཀྱི་འགོ་ཁྲིད་འོག་དང་། རཱཇ་ཝིར་པཱ་ལ་ཝན་ལགས་དང་ཁོང་གི་ཚོགས་པ་བཅས་ཀྱིས་ཀར་ནལ་དུ་གོམ་བགྲོད་པ་རྣམས་ལ་དགའ་བསུ་དང་སྣེ་ལེན་གནང་། དེ་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་དང་ལས་རོགས་ཟུང་དྲུང་ངག་དབང་དཔལ་འབྱོར་ལགས་རྣམ་གཉིས་ཀྱིས་གསར་འགོད་ཀྱི་བརྒྱུད་ལམ་ཁག་ནང་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་གྱི་དགོས་དམིགས་སོགས་ངོ་སྤྲོད་གསལ་བཤད་གནང་བ་དང་། དེ་བཞིན་ད་ལྟའི་ཆར་རྒྱ་གར་དང་རྒྱ་ནག་གི་འབྲེལ་བའི་སྐོར་ལ་གྲོས་བསྡུར་ཡང་བྱུང་ཡོད། དེ་རྗེས་དེ་རིང་གི་གོམ་བགྲོད་ལས་འགུལ་དང་ལས་དོན་ཁག་ལེགས་གྲུབ་ཀྱིས་མཇུག་སྒྲིལ་ཞུས། མཐའ་དོན་དམིགས་བསལ་གོམ་བགྲོད་ལས་འགུལ་བ་རྣམས་ཐབ་ཚང་རུ་ཁག་གི་ངོས་ནས་སྔར་རྒྱུན་བཞིན་དགོང་དྲོའི་ཞལ་ལག་ཞིམ་པོ་ཞིག་གྲ་སྒྲིག་གནང་འདུག་པར་དང་བླངས་གོམ་བགྲོད་ལས་འགུལ་བ་ཚང་མའི་ཚབ་ཞུས་ཏེ་ཐབ་ཚང་རུ་ཁག་གི་ལྷག་བསམ་དང་འབད་བརྩོན་ལ་ཡི་རང་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་ཀྱང་ཞུ་རྒྱུ་ཡིན།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་གྲངས་བཅུ་དགུ་པ།
དེ་རིང་ནི་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་བཅུ་དགུ་པ་དེ་ཡིན་ཞིང་། ཞོགས་པའི་ཆུ་ཚོད་བཞི་པ་ནས་སྔར་རྒྱུན་ལྟར་ཞོགས་པའི་སྨོན་ལམ་གསུང་འདོན་དང་། དེ་རིང་གི་ལས་དོན་ངོ་སྤྲོད་གནང་རྗེས་གོམ་བགྲོད་འགོ་འཛུགས་ཀྱིས་མཐར་ཁྱོན་སྤྱི་ལེ་ ༣༥ ཙམ་གོམ་བགྲོད་གནང་རྗེས་ཕྱི་དྲོའི་ཆུ་ཚོད་བཞི་པ་ཙམ་ལ་ང་ཚོ་པཎི་པཊ་ལ་འབྱོར་ཞིང་། དེར་སྐུ་ཞབས་གུ་ལབ་ཇི་ (BTSM པཎི་པཊ་) དང་། བྷི་ཇེ་པི་ཡི་འགོ་ཁྲིད་སྐུ་ཞབས་ནེ་རཇ་ཇི། ཨེ་བྷི་ཝི་པི་ཡི་སུ་ཧིལ་ཝར་མ་བཅས་ཀྱིས་དགའ་བསུ་ཆེན་པོ་གནང་། ཨེ་བྷི་ཝི་པི་ཡི་ཚོགས་མི་དང་། ཌི་ཨེས་ (PG) མཐོ་སློབ་ཀྱི་སློབ་མ་རྣམས་ཀྱང་རྒྱབ་སྐྱོར་ཆེད་དུ་འཛོམས་གནང་ཡོད། རྗེས་སུ་ཌི་ཨེས་མཐོ་སློབ་ཀྱི་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་ཀྱང་བསྐོང་ཚོགས་བྱས་ཏེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་གསར་འགོད་པ་རྣམས་ལ་གཏམ་བཤད་གནང་ཞིང་། ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་དམིགས་ཡུལ་དང་དགོས་པའི་སྐོར་སོགས་ལ་གསལ་བཤད་གནང་། མཐོ་སློབ་དེ་ནས་མ་ཐོན་གོང་། མཐོ་སློབ་ཀྱི་སློབ་སྤྱི་དང་འཛིན་སྐྱོང་གི་ལས་བྱེད་དང་མཇལ་བའི་གོ་སྐབས་བྱུང་བ་མ་ཟད། པཎི་པཊ་ཀྱི་ལས་རིམ་ཡོངས་རྫོགས་སྐུ་ངོ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱི་ལམ་སྟོན་འོག་གོ་སྒྲིག་བྱུང་ཡོད། དེ་ལྟར་ལས་འགུལ་བ་རྣམས་ཀྱི་དེ་རིང་གི་བཞུགས་གནས་ནི་བྷི་ཊི་ཨེས་ཨེམ་པཎི་པཊ་དང་ཨེ་བྷི་ཝི་པི་པཎི་པཊ་གཉིས་ཀྱིས་གོ་སྒྲིག་གང་ལེགས་གནང་འདུག་པ་བཅས་དེ་རིང་གི་ལས་འགུལ་མཇུག་སྒྲིལ་ཞུས། དམིགས་བསལ་རྒྱ་གར་གྱི་རྒྱབ་སྐྱོར་བ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། ལྷག་པར་དུ་སྐུ་ངོ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་རྒྱ་གར་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་མུ་མཐུད་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་གྲངས་ཉི་ཤུ་པ།
དེ་རིང་ནི་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་གྲངས་ཉི་ཤུ་པ་དེ་ཡིན་ཞིང་། ཞོགས་པ་ཆུ་ཚོད་ ༥:༠༠ ཐོག་སྨོན་ལམ་གསོལ་འདེབས་དང་། དེ་རྗེས་གོ་སྒྲིག་ཚོགས་ཆུང་གིས་ཉིན་རེའི་གོམ་བགྲོད་འཆར་གཞི་དང་དམིགས་ཡུལ་གསལ་བཤད་ཀྱིས་གོམ་བགྲོད་ལས་འགུལ་འགོ་བཙུགས། དེ་ལྟར་གནམ་གཤིས་ཀྱི་ཚ་བར་མ་འཛེམ་པར་ལྷག་བསམ་དང་སྙིང་སྟོབས་ཆེན་པོས་མུ་མཐུད་ནས་གོམ་བགྲོད་ཀྱིས་ཉིན་གུང་ཆུ་ཚོད་ ༡༢:༠༠ ཙམ་ལ་སམ་ལཁ་ལ་འབྱོར་བ་དང་། དེ་སྐབས་ས་གནས་འགོ་ཁྲིད་དང་མི་མང་གིས་ཁྲོམ་རར་དགའ་བསུ་གཟབ་རྒྱས་གནང་བ་དང་། དེ་རྗེས་ང་ཚོ་ཨ་བི་ཝི་པི་སམ་ལཁ་དང་བི་ཊི་ཨེསི་ཨེམ་ཧ་རི་ཡ་ནས་ཕེབས་བསུ་སྣ་ལེན་གནང་ཡོད། ཤྲི་གུ་ལ་བྷི་སིང་ཇི་དང་སམ་ལཁ་རུ་ཁག་གིས་སམ་ལཁ་རུ་བི་ཇེ་པི་ལས་ཁུངས་སུ་ཞྭ་མོ་ནག་པོའི་གོམ་བགྲོད་པ་ཚོར་དགའ་བསུ་ཆེན་པོ་ཞུས་བྱུང་བ་དང་། དགའ་བསུའི་གསོལ་སྟོན་ཞིག་ཀྱང་གོ་སྒྲིག་གནང་འདུག དེ་ནས་བི་ཇེ་པི་ལས་བྱེད་ཤྲི་ནི་རཇ་ཇི་ཡིས་གཙོ་སྐྱོང་གནང་བ་དང་། ལས་རིམ་ནང་དུ་སྐུ་ངོ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱི་གསུང་བཤད་དང་། བི་ཊི་ཨེསི་ཨེམ་ཧ་རི་ཡ་ནའི་ཤྲི་གུ་ལ་བྷི་ཇི་དང་ཤྲི་སུ་ཤིལ་ཇི་ཡི་དགའ་བསུ་གསུང་བཤད་བཅས་ཚུད་ཡོད། དེ་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ནས་ཀྱང་མི་མང་ལ་གསུང་བཤད་དང་། ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་དམིགས་ཡུལ་དང་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་སྐོར་སོགས་གསུངས་ཡོད།
དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ནས་གསར་འགྱུར་བརྒྱུད་ལམ་ཁག་ལ་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་སྐོར་ངོ་སྤྲོད་གསལ་བཤད་གནང་། བི་ཊི་ཨེསི་ཨེམ་དང་ཨ་བི་ཝི་པི་ཧ་རི་ཡ་ན། ཤྲི་ས་ཧིལ་ཝར་མ་ཇི་ཡིས་སྣེ་ཁྲིད་དེ་གོམ་བགྲོད་པ་རྣམས་ལ་མར་ཇ་བཀོད་སྒྲིག་གནང་འདུག་པ་དང་། དེ་རིང་ཞག་སྡོད་ཀྱི་བཞུགས་གནས་ཀྱང་ཁོང་ཚོས་བཀོད་སྒྲིག་ཚགས་ཚུད་གནང་འདུག ཕྱི་དྲོའི་ཆུ་ཚོད་ ༥:༠༠ ཙམ་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཆུ་ལ་ཀ་ན་དྷམ་གྱི་ཧིན་དུའི་ལྷ་ཁང་ལ་གཟིགས་སྐོར་དུ་ཕེབས་པ་དང་། དེ་རུ་ལྷ་ཁང་གི་འགོ་ཁྲིད་ཚོས་དགའ་བསུ་གཟབ་རྒྱས་གནང་ཡོད་པ་དང་། ཁོང་གིས་ད་དུང་ཨར་ཨེསི་ཨེསི་ཧ་རི་ཡ་ནའི་ལས་ཁུངས་ལ་གཟིགས་སྐོར་དུ་ཕེབས་ནས་ཤྲི་ར་ཇ་ཀུམ་ཇི་དང་ཤྲི་ཝི་ཇེ་ཇི་དང་མཇལ་འཕྲད་གནང་། ཨར་ཨེསི་ཨེསི་ཧ་རི་ཡ་ནའི་ལས་ཁུངས་ནི་རྒྱ་གར་ནང་གི་ལས་ཁུངས་ཆེ་ཤོས་གྲས་ཤིག་ཡིན་པར་གསུང་གི་ཡོད། ཤྲི་གུ་ལ་བྷི་སིང་ཇི་ (བི་ཊི་ཨེསི་ཨེམ་ཧ་རི་ཡ་ན)དང་། ཤྲི་ས་ཧིལ་ཝར་མ་ཇི་ (ཨ་བི་ཝི་པི)། ཤྲི་ནི་རཇ་ཇི་ (བི་ཇེ་པི)། དང་ཤྲི་ཧ་རི་ཨོམ་ཇི་བཅས་ལ་ཁོང་ཚོའི་རྒྱབ་སྐྱོར་དང་ཉིན་གཉིས་རིང་པན་ཇབ་དང་སམ་ལཁ་གཉིས་ཀྱི་ནང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཆེད་བཀོད་སྒྲིག་གནང་པར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས་དེ་རིང་གི་གོམ་བགྲོད་ལས་འགུལ་མཇུག་སྒྲིལ་ཞུས།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་གྱི་ཉིན་བཅུ་པ།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་བཅུ་པ་དེ་ཡིན་ཞིང་སྔ་དྲོའི་ཆུ་ཚོད་ལྔ་པར་སྨོན་ལམ་གསུང་འདོན་དང་། གོ་སྒྲིག་ཚོགས་ཆུང་ནས་ཉིན་དེའི་ལས་རིམ་སྐོར་ངོ་སྤྲོད་གསལ་བཤད་གནང་།
དེ་རྗེས་གོམ་བགྲོད་ལས་འགུལ་བ་རྣམས་སྙིང་སྟོབས་ཆེན་པོས་ཉིན་གང་གོམ་བགྲོད་ཀྱིས་དགོང་དྲོའི་ཆུ་ཚོད་ ༤:༣༠ ཙམ་ལ་རོ་པར་རྫོང་ཁུལ་དུ་འབྱོར་སོང་བ་དང་། དེར་རྒྱ་གར་གྱི་དྲང་ཉུང་མི་རིགས་ཀྱི་དབུས་རྒྱུན་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཨིག་བལ་སིང་ལལ་པུ་ར་ལགས་དང་། སྐུ་ཞབས་ཨ་མི་ཀུ་མར་ལགས་ཀྱིས་སྣེ་ཁྲིད་པའི་ཨར་ཨེས་ཨེས་རོ་པར་ཚོགས་ཆུང་ནས་དགའ་བསུའི་སྣེ་ལེན་གཟབ་རྒྱས་གནང་།
དེ་བཞིན་རོ་པར་དུ་གསར་འགོད་པ་ཚོར་སྣེ་ལེན་དང་བཅས་གཞོན་ལྷན་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་དགོས་དམིགས་ངོ་སྤྲོད་དང་། བོད་དོན་འཐབ་རྩོད་སྐོར་གོ་རྟོགས་སྤེལ།
རོ་པར་ཁྲོམ་གཞུང་དུ་ལས་འགུལ་བ་རྣམས་ཀྱིས་ཞི་བའི་ངོ་རྒོལ་སྐད་འབོད་བྱས་ཏེ། རྒྱ་དམར་སྲིད་གཞུང་གི་མི་རིགས་མཉམ་འདུས་ཀྱི་ཁྲིམས་ཡིག་གིས་མི་རིགས་སྡེབ་གསོད་བྱེད་ཀྱི་ཡོད་ཚུལ་སོགས་དྲིལ་བསྒྲགས་བྱས་ཏེ་ས་གནས་རྒྱ་གར་མང་ཚོགས་ཀྱི་དོ་སྣང་ཤུགས་ཆེ་ཡོང་ཐབས་བྱས། དགོང་དྲོའི་ཞལ་ལག་དེ་བཞིན་བོད་ཟས་ཐན་ཐུག་བཟོས་ནས་ཨར་ཨེས་ཨེས་ཚོགས་མི་ཚོ་དང་མཉམ་དུ་བཤམས་ཏེ་བོད་དོན་འཐབ་རྩོད་ཀྱི་ལོ་རྒྱུས་བཤད་པ་དང་། ཁོ་ཚོས་ང་ཚོ་ལ་གདུང་སེམས་མཉམ་སྐྱེད་གནང་བ་བཅས་བས་ནས་དགོང་མོ་འདི་དོན་སྙིང་ལྡན་པ་ཞིག་བྱུང་ཡོད། བྱ་ལན་དྷར་ས་གནས་གཞོན་ནུ་ས་གནས་རྒྱུན་ལས་སློབ་མ་གིས་རོ་པར་ལ་བསྐྱོད་དེ་རྒྱལ་ཁབ་ཀྱི་དོན་དུ་བློ་གཅིག་སེམས་གཅིག་གིས་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང།
ལས་འགུལ་བ་རྣམས་མཚན་མོ་རོ་པར་ཚོགས་མི་ཚོས་བང་ལམ་མུ་ཁི་ལྷ་ཁང་ནང་སྡོད་གནས་གོ་སྒྲིག་གནང་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས་ལས་ཉིན་བཅུ་པའི་གོམ་བགྲོད་ལེགས་གྲུབ་ཀྱིས་མཇུག་སྒྲིལ་ཞུས།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་དགུ་པ།

དེ་རིང་ནི་ཆར་པ་ཤུགས་ཆེ་བབས་པའི་རྐྱེན་གྱིས་གོམ་བགྲོད་པ་རྣམས་སྔར་རྒྱུན་བཞིན་ཞོགས་པ་སྔ་པོར་ཐོན་མ་ཐུབ་པར་ལས་འགུལ་འགོ་འཛུགས་ཅུང་ཙམ་ཕྱི་པོ་ཆགས་སོང་། འོན་ཀྱང་སྔར་རྒྱུན་བཞིན་ཞོགས་པའི་སྨོན་ལམ་གསུང་འདོན་ཞུས། དེ་རྗེས་གོ་སྒྲིག་ཚོགས་ཆུང་གིས་དེ་ཉིན་ལས་འགུལ་གྱི་འཆར་གཞི་སྐོར་ལ་གསལ་བཤད་བྱས།
ཆར་པ་ཅུང་ཆད་མཚམས་གོམ་བགྲོད་ལས་འགུལ་བ་རྣམས་བིལ་སི་པུར་ནས་ཕྱོགས་ཐོན་གྱིས་སྤྱི་ལེ་ ༣༨ ཙམ་གྱི་རིང་གོམ་བགྲོད་ཀྱིས་ཀི་ར་ཏི་པུར་ས་ཧིབ་བར་མུ་མཐུད་དེ་འགྲོ་མགོ་བཙུགས། ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ཉིན་དགུ་པའི་སྐབས་སུ་གོམ་བགྲོད་པ་ཚོའི་ཆོད་སེམས་དང་སེམས་ཤུགས་ཆེན་པོས་གནམ་གཤིས་ཇི་ལྟར་ཡོད་མིན་ལ་མ་ལྟོས་པར་མུ་མཐུད་མདུན་སྐྱོད་གནང་མཐར་ཕྱི་དྲོའི་ཆུ་ཚོད་ ༢:༣༠ ཙམ་ལ་ཀི་ར་ཏི་པུར་ས་ཧིབ་ཀྱི་ཤིབ་དང་རམ་མཎྜིར་དུ་འབྱོར་ཞིང་། རས་སི་ཡི་ཨ་ཤྲི་ཇོ་ཤི་ཇི་དང་ཀུ་མར་ཇི་སོགས་ཀྱི་སྣེ་ཁྲིད་འོག དྲོ་སྐྱིད་དང་ལྡན་པའི་ངང་ཕེབས་བསུ་གང་ལེགས་གནང་བྱུང་། དེ་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ནས་གསར་འགོད་པ་དང་བརྒྱུད་ལམ་ཁག་ལ་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་གྱི་དམིགས་ཡུལ་དང་སྙིང་སྟོབས་སྐོར་ལ་གསུང་བཤད་གནང་།
ང་ཚོས་བོད་རང་བཙན་ཐོབ་པའི་ཉིན་མོ་ཞིག་འོང་བར་ཡིད་ཆེས་བརྟན་པོ་དང་བཅས་རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཤིང་། ལས་འགུལ་བ་རྣམས་དོ་ནུབ་ཤིབ་མཎྜིར་དུ་ངལ་གསོ་རྒྱག་རྒྱུ་ཡིན་ལ། རྒྱ་གར་གྱི་ལྷ་དབང་ཕྱུག་གི་བྱིན་རླབས་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་མ་ཟད། དེ་རིང་རེས་གཟའ་ལྷག་པ་ཡིན་སྟབས་དགོང་མོའི་ཞལ་དེ་བཞིན་དཀར་ཟས་སྟབས་བདེ་ཞིག་དང་བཅས་དེ་རིང་གི་གོམ་བགྲོད་ལས་འགུལ་ལེགས་གྲུབ་ཀྱིས་མཇུག་བསྒྲིལ་ཞུས།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་བརྒྱད་པ།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་བརྒྱད་པའི་ཞོགས་པ་ཆུ་ཚོད་ ༥ པར་རྒྱུན་ཏན་ལྟར་ཞོགས་པའི་ཞལ་འདོན་སྨོན་ལམ་ཚུགས། དེ་རྗེས་གོ་སྒྲིག་ཚོགས་ཆུང་གིས་ཉིན་དེའི་བྱེད་སྒོ་ཁག་གི་སྐོར་ལ་ངོ་སྤྲོད་གསལ་བཤད་ཞུས་རྗེས་གོམ་བགྲོད་ལས་འགུལ་དེ་བཞིན་སུན་དྷར་ནཱ་གྷ་ནས་དངོས་སུ་འགོ་འཛུགས་ཀྱིས་ཆོད་སེམས་བརྟན་པོས་ཆུ་ཚོད་ ༡༡ ཙམ་རིང་སྤྱི་ལེ་ཁྱོན་ ༤༠ ལྷག་ཙམ་གོམ་བགྲོད་གནང་མཐར་ལས་འགུལ་བ་རྣམས་འགལ་རྐྱེན་སོགས་གང་ཡང་མེད་པར་ཕྱི་དྲོའི་ཆུ་ཚོད་ ༤ ཙམ་ལ་བྷི་ལ་སི་པུར་ལ་བདེ་འབྱོར་བྱུང་ཡོད་པ་དང་། དེ་སྐབས་ས་གནས་རྒྱ་གར་གྱི་གཞོན་སྐྱེས་མི་མང་ཚོས་དགའ་བསུ་ཆེན་པོ་གནང་བ་མ་ཟད། རོ་བཅུད་ལྡན་པའི་གསོལ་ཇ་ཞིག་ཀྱང་འདེགས་འབུལ་གནང་བྱུང་བ་དང་། དེ་རྗེས་གོམ་བགྲོད་ལས་འགུལ་བ་རྣམས་ནས་དགྲ་བོ་རྒྱ་དམར་སྲིད་གཞུང་གི་སྡུག་རྩུབ་དང་གཡོ་སྒྱུ་ཅན་གྱི་བཅའ་ཁྲིམས་དེར་ངོ་རྒོལ་སྐྱོན་བརྗོད་སླད་བྷི་ལ་སི་པུར་ཁྲོམ་རྭའི་ནང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་ཐུབ་པ་བྱུང་ཡོད། དེ་སྐབས་ས་གནས་རྒྱ་གར་མི་མང་ཚོས་ང་ཚོར་མཐུན་སྒྲིལ་དང་རྒྱབ་སྐྱོར་མཚོན་ཆེད་ཚོར་ཤུགས་ཆེན་པོས་མཉམ་ཞུགས་ཀྱིས་རྒྱ་ནག་གི་ “མི་རིགས་མཐུན་སྒྲིལ་ཁྲིམས་ལུགས་ནི་མི་རིགས་སྡེབ་གསོད་བཅའ་ཁྲིམས་རེད།” ཅེས་དང་། “རྒྱ་གར་དང་བོད་ཀྱི་མཛའ་གྲོགས་རྟག་ཏུ་བརྟན་གྱུར་ཅིག” ཅེས་ངོ་རྒོལ་སྐད་འབོད་ཀྱིས་ཁྲོམ་སྐོར་བྱས་ཏེ་གོམ་བགྲོད་པ་ཚང་མར་སྟོབས་ཤུགས་སྤར་བ་དང་། ང་ཚོའི་མཉམ་འབྲེལ་གྱི་སྙིང་སྟོབས་ཇེ་བརྟན་དུ་བཏང་།
དེ་བཞིན་ས་གནས་རྒྱ་གར་སྲིད་གཞུང་གི་ཁང་པར་གསར་འགོད་ལྷན་ཚོགས་ཤིག་ཀྱང་བསྐོངས་ཏེ། རྒྱ་དམར་སྲིད་གཞུང་གིས་བོད་ནང་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་གང་ཡང་མེད་ཚུལ་སོགས་ཞུས་ཡོད། ང་ཚོས་བྷི་ལ་སི་པུར་གྱི་རཱཥྚ་རཱི་ཡ་ས་ཝམ་སེབ་ཀ་སང་གི་གཞོན་སྐྱེས་ཚོགས་མི་ (Rashtriya Swayamsevak Sangh youth members) དང་། ཤིབ་ཀུ་མར་ལགས། ར་ཀེ་ཤི་ལགས། རུ་པེན་དྲ་པི་ཡུ་ཤི་ལགས། པྲ་དྱུ་མན་ལགས། ར་ཧུལ་ལགས། ཀར་ཐིག་ལགས། སུ་རྱ་ལགས། མུ་ནི་ཤི་ལགས། རམ་པ་ལི་ལགས་དང་། བྷི་ལ་སི་པུར་རྒྱ་གར་མི་མང་ཡོངས་ལ་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུས།
ཉིན་མོ་དེར་ས་གནས་རྒྱ་གར་གྱི་གཞུང་ཁང་  (MCD Hall) ནང་ཞག་སྡོད་ངལ་གསོ་བྱས་ཏེ་གོམ་བགྲོད་ལས་འགུལ་ལེགས་གྲུབ་ཀྱིས་མཇུག་སྒྲིལ་ཞུས།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་བདུན་པ།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་བདུན་པ་དེ་བཞིན་ཞོགས་པ་ཆུ་ཚོད་ ༥:༠༠ ཐོག་ནས་དབུ་འཛུགས་ཀྱིས་༧སྐུའོ་གཅུང་པོ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་དགོངས་པ་རྫོགས་ནས་ཞག་ཞེ་དགུ་འཁེལ་ཡོད་སྟབས། ལས་འགུལ་བ་རྣམས་ནས་དམ་པ་དེ་ཉིད་ཀྱི་ཆེད་དུ་མ་ཎི་དང་སྨོན་ལམ་གསུང་འདོན་ཞུས་ཡོད་པ་དང་། དེ་གྲུབ་རྗེས་གོ་སྒྲིག་ཚོགས་ཆུང་གིས་དེ་ཉིན་གྱི་གོམ་བགྲོད་ལས་རིམ་ངོ་སྤྲོད་ཞུས་རྗེས་རིམ་བཞིན་གོམ་བགྲོད་ཀྱིས་སུན་ཌར་ནཱ་གྷའི་ཕྱོགས་སུ་གོམ་བགྲོད་ཞུས། དེ་རིང་གནམ་གཤིས་ཅུང་ཚ་དྲོད་སྙོམ་པས་ལས་འགུལ་བ་རྣམས་ལ་དཀའ་ཁག་ཆེ་བ་ཅང་མ་བྱུང་། དེ་ལྟར་ཕྱི་དྲོའི་ཆུ་ཚོད་ ༡༢:༣༠ ཙམ་ལ་ང་ཚོ་སུན་ཌར་ནཱ་གྷར་འབྱོར་སྐབས་དེ་གའི་གླ་གཏོང་རླངས་འཁོར་མཐུན་ཚོགས་ཀྱི་ཚོགས་མི་དང་། རླངས་འཁོར་ཆུང་ངུ་གཏོང་མཁན་གྱི་ཚོགས་མི། ས་གནས་ཀྱི་ཚོང་པ་དང་མི་མང་བཅས་ནས་གོམ་བགྲོད་ལས་འགུལ་བ་རྣམས་ལ་མེ་ཏོག་གི་ཕྲེང་བ་དང་། མེ་ཏོག་གི་འདབ་མ་གཏོར་ནས་བསུ་བ་ཟབ་རྒྱས་གནང་བྱུང་བ་དང་། དེ་བཞིན་ཀྲྀ་ཤི་ནཱ་ཆན་ཌ་དང་། ཌུར་གཱ་ཌུཏ་ (པཱ་ལུ་ཤར་མཱ་) ཊཱ་རཱ་ཆན་ཌ། བཱ་ལཱ་ཀ་རཱམ་ (ཊེཀ་ཆན་ཌ་) བཅས་ཀྱི་འགོ་ཁྲིད་འོག་ས་གནས་ཀྱི་མི་མང་ཚོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་དང་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེའི་རྣམ་པའི་ཐོག་ནས་མཉམ་འཛོམས་གནང་བ་མ་ཟད། གོམ་བགྲོད་པ་ཚོའི་ལྷག་བསམ་དང་སྙིང་སྟོབས་ལ་བསྔགས་བརྗོད་ཀྱང་ཆེན་པོ་གནང་བྱུང་།
དེ་ནས་རིམ་སྐྱོད་ཀྱིས་ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་ང་ཚོ་ཞག་སྡོད་བྱེད་སའི་སྡོད་གནས་སུ་བདེ་འབྱོར་བྱུང་བ་དང་། དེ་རིང་ལམ་བར་དུ་དཀའ་ཚེགས་ཆེ་བ་ཅང་མ་བྱུང་སྟབས་ཞག་སྡོད་ས་ཚིགས་སུ་མགྱོགས་པོ་འབྱོར་སོང་། དགྲ་བོ་རྒྱ་དམར་སྲིད་གཞུང་གིས་བོད་དང་བོད་མིའི་སྤྱི་ཚོགས་ལ་སྡུག་རྩུབ་གཉའ་གནོན་ཇི་ལྟར་བྱས་པ་དེ་ཚོད་ཀྱིས་ལས་འགུལ་བ་རྣམས་ནི་གོམ་པ་རེ་རེ་བཞིན་སྙིང་སྟོབས་ཇེ་ཆེར་འགྲོ་བཞིན་འདུག
ལས་འགུལ་བ་རྣམས་ཉིན་གང་གོམ་བགྲོད་བྱས་ནས་ས་ཚིགས་སུ་འབྱོར་མཚམས་མ་ཇན་ཚོགས་ཆུང་ནས་དགོང་དྲོའི་ཞལ་ལག་ཐེན་ཐུག་ཞིམ་པོ་ཞིག་བཟོས་འདུག་པ་དང་། དེ་ནི་བོད་པའི་སྲོལ་རྒྱུན་གྱི་ཟས་རིགས་ཤིག་ཡིན་པས་སེམས་ངལ་གསོ་བ་དང་ལྷན་ང་ཚོའི་མེས་པོ་ཚོ་ཡང་དྲན་དུ་བཅུགས་པ་བཅས་དེ་རིང་གི་གོམ་བགྲོད་ལས་འགུལ་ལེགས་གྲུབ་ཀྱིས་མཇུག་སྒྲིལ་ཞུས་ཡོད།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་དྲུག་པ།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་དྲུག་པར་སྔ་དྲོའི་ཆུ་ཚོད་ ༥:༠༠ ཐོག་ཞལ་འདོན་དང་། དེ་སྐབས་གོ་སྒྲིག་ཚོགས་ཆུང་གིས་ལས་ཉིན་དྲུག་པའི་ལས་རིམ་སྐོར་གྱི་གསལ་བཤད་ཞུས་རྗེས། གོམ་བགྲོད་དབུ་འཛུགས་ཀྱིས་མཎྜི་ལ་མ་སླེབས་ཙམ་གྱི་ལམ་བར་ནས་གུརྡུ་ཝ་ར་དང་སིག་ཆོས་ལུགས་ཀྱི་མི་མང་གིས་ཉིན་གུང་གསོལ་ཚིགས་ལ་མགྲོན་འབོད་གནང་ནས་གོམ་བགྲོད་པ་ཚང་མར་ཟས་རིགས་དྲོན་མོ་བཟོས་ཏེ་སྣེ་ལེན་གཟབ་རྒྱས་གནང་།
དེ་རྗེས་མུ་མཐུད་གོམ་བགྲོད་ཀྱིས་ཉིན་རྒྱབ་ཆུ་ཚོད་ ༢:༠༠ ཙམ་ལ་ལས་འགུལ་བ་རྣམས་མཎྜི་ལ་འབྱོར་བ་དང་། ས་གནས་བོད་མི་དང་དཔོན་རིགས་མི་སྣ་ཁག་བཅས་ནས་སྣེ་ལེན་གང་ལེགས་གནང་། དེ་སྐབས་མཎྜི་བོད་མིའི་གཞིས་ཆགས་ལས་ཁུངས་ཀྱི་ལས་དྲུང་ལྷ་མོ་ཆོས་སྒྲོན་ལགས་དང་། མཎྜི་ས་གནས་འགོ་འཛིན་ཟུར་པ་ངག་དབང་དོན་གྲུབ་ལགས། མཎྜི་ས་གནས་འཐུས་ཚོགས་ཀྱི་ཡེ་ཤེས་རྡོ་རྗེ་ལགས་དང་བཀྲ་ཤིས་ཚེ་དབང་ལགས། བཀྲ་ཤིས་ཕུན་ཚོགས་ལགས་བཅས་མཎྜི་ས་གནས་བོད་པའི་མི་མང་ཕེབས་ཡོད་པ་དང་། མཎྜི་ཧིན་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཞབས་ཌ་ནེ་ཤི་ཀུ་མར་ལགས་ཀྱིས་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་གྱི་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་ཀྱང་གོ་སྒྲིག་གནང་འདུག་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་མཎྜི་བོད་པའི་མི་མང་ལ་མི་རེ་ངོ་རེ་ནས་བོད་དོན་འཐབ་རྩོད་གནང་ཕྱོགས་དང་འབྲེལ་གཏམ་བཤད་གནང་བ་དང་། དེ་བཞིན་མཎྜི་ནང་གི་གུ་རུ་གོ་བིནྡ་སིང་གུརྡུ་ཝ་རའི་ནང་བཞུགས་གནས་གཏན་འཁེལ་གྱིས་གོམ་བགྲོད་ལས་འགུལ་གྱི་ལས་ཉིན་དྲུག་པ་ལེགས་གྲུབ་ཀྱིས་དེ་གར་མཇུག་བསྒྲིལ་ཞུས།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་ལྔ་པ།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་ལྔ་པའི་སྔ་དྲོའི་ཆུ་ཚོད་ལྔ་པར་ཞལ་འདོན་གྲུབ་རྗེས་གོ་སྒྲིག་ཚོགས་ཆུང་གིས་ཉིན་དེའི་གོམ་བགྲོད་ལས་འགུལ་གྱི་བྱེད་སྒོའི་སྐོར་ངོ་སྤྲོད་གསལ་བཤད་ཞུས། དེ་རིང་གི་གོམ་བགྲོད་ལམ་བར་དུ་བོད་མིའི་གཞིས་ཆགས་གང་ཡང་མེད་ཀྱང་། ང་ཚོས་སྦིར་བོད་མིའི་གཞིས་ཆགས་ནས་པདྷར་བར་བོད་མིའི་རྒྱབ་སྐྱོར་ཡོད་མེད་ལ་མ་ལྟོས་པར་ཚོར་ཤུགས་དྲག་པོས་མདུན་སྐྱོད་བྱས། སྦིར་ནས་གོམ་བགྲོད་མུ་མཐུད་བྱས་རྗེས་པདྷར་ལ་མ་འབྱོར་ཙམ་དུ་གསར་འགོད་པ་ཁག་ཅིག་དང་ཐུག་འཕྲད་བྱེད་པའི་གོ་སྐབས་བྱུང་ཡོད། འདི་ནི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་། ཧིན་བོད་མཛའ་གྲོགས་ཚོགས་པའི་ཚོགས་མི་སྐུ་ཞབས་རཱཇ་ཐཱ་ཀུར་ལགས། ཅོན་ཏ་ར་ས་གནས་གཞོན་ནུ་ཚོགས་གཙོ་བསོད་ནམས་གཡུ་རྒྱལ་ལགས་བཅས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཞིག་རེད།
དེ་སྐབས་གོམ་བགྲོད་ལས་འགུལ་ནང་གི་གཞོན་སྐྱེས་གོམ་བགྲོད་པ་ཞིག་གིས་བཤད་དོན། ངས་ཅིའི་ཕྱིར་ཞྭ་མོ་ནག་པོའི་གོམ་བགྲོད་ལ་ཞུགས་པ་ཡིན་ཞེ་ན། གལ་ཏེ་ང་ཚོས་ང་ཚོའི་དོན་དག་ཆེད་འཐབ་རྩོད་མུ་མཐུད་དུ་མ་བྱས་ན། མི་རབས་གསར་པ་ཚོས་ང་ཚོའི་རྒྱལ་ཁབ་ཀྱི་དོན་དག་བརྗེད་ངེས་རེད། དེའི་ཕྱིར་ངས་ལས་འགུལ་འདིའི་ནང་ཞུགས་པ་ཡིན་པ་དང་། ངའི་ཕྲུ་གུ་ཚོ་མ་འོངས་པར་འདིའི་ནང་ཞུགས་ངེས་རེད། འདི་ཁོ་ཚོའི་མིག་དཔེར་གྱུར་པ་དང་། ང་ཚོས་སྤོབས་པ་བྱེད་དགོས་པ་ཞིག་ཆགས་ཡོད་ཅེས་གོམ་བགྲོད་པ་ཚོར་སེམས་འགུལ་ཐེབས་པའི་བཀའ་མོལ་ཞིག་གིས་ང་ཚོ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སོང་།
དེ་ལྟར་ལམ་བར་དུ་དྲག་ཆར་རླུང་ཚུབ་ཇི་ལྟར་ཆེ་ནའང་གོམ་བགྲོད་ལས་འགུལ་བ་རྣམས་གོམ་བགྲོད་མཚམས་མ་བཞག་པར་སེམས་ཤུགས་དང་སྙིང་སྟོབས་ཆེན་པོས་མུ་མཐུད་གོམ་བགྲོད་ཀྱིས་པདྷར་ཞེས་པར་བདེ་འབྱོར་གྱིས་ལས་ཉིན་ལྔ་པའི་གོམ་བགྲོད་ལས་འགུལ་ལེགས་གྲུབ་བྱུང་ནས་དེ་གར་ཞག་སྡོད་ཞུས།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་བཞི་པ། 

ཞྭ་མོ་ནག་པོའི་ལས་འགུལ་ཉིན་བཞི་པའི་སྔ་དྲོ་ཆུ་ཚོད་ ༥:༠༠ པའི་ཐོག་གཞལ་འདོན་འགོ་བཙུགས་གྲུབ་རྗེས་གོ་སྒྲིག་ཚོགས་ཆུང་གིས་ཉིན་མོའི་དེའི་ལས་དོན་བྱེད་སྒོའི་སྐོར་ངོ་སྤྲོད་གསལ་བཤད་ཞུས།
ཆུ་ཚོད་ ༩:༣༠ ཙམ་ལ་དབུས་རྒྱུན་ཟུར་པ་དང་བིར་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རབ་རྒྱས་ལགས་དང་། བིར་ས་གནས་མགོ་འཛིན་མཆོག ཅིན་ཏ་ར་ས་གནས་མགོ་འཛིན་མཆོག བིར་ས་གནས་གཞོན་ནུ། ཅོན་ཏ་ར་ས་གནས་གཞོན་ནུ། ཅོན་ཏ་ཟབ་གསང་ཆོས་འཁོར་གླིང་དགོན་པ་བཅས་ཀྱིས་གྷ་ཊ་མན་ཏྲི་འི་ས་མཚམས་སུ་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས། ལྷག་པར་དུ་ཅོན་ཏ་ར་ས་གནས་གཞོན་ནུའི་ཚོགས་གཙོ་གཡུ་རྒྱལ་ལགས་ཀྱིས་ཞྭ་མོ་ནག་པོ་གོམ་བགྲོད་ལས་འགུལ་ཆེད་གསར་འགོད་པ་བཀོད་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ།
བིར་ལ་འགྲོ་བའི་ལམ་བར་དུ་ནམ་ལངས་མགྲོན་ཁང་གིས་གོམ་བགྲོད་པ་ཡོངས་ལ་ཇ་མངར་མོ་དང་ཁ་ཟས་གཟབ་རྒྱས་ཕུལ། ལམ་བར་དུ་བིར་ཁྲོམ་རའི་སྡེ་དགེ་ཚོགས་པ་ནས་སྣེ་ལེན་དགའ་བསུ་ཞུས།
ཆུ་ཚོད་ ༡:༣༠ ཙམ་ལ་བིར་བོད་མིའི་གཞིས་ཆགས་སུ་འབྱོར་སྐབས་མི་མང་ནས་ཕེབས་སུ་ཟབ་རྒྱས་གནང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་བིར་མི་མང་ལ་གསུང་བཤད་གནང་དོན་ལྟར། ང་ཚོས་རྒྱ་ནག་དམར་ཤོག་ཚོགས་པར་བརྡ་ལན་དུ་ང་ཚོས་བོད་རང་དབང་རང་བཙན་སླར་གསོ་བྱ་རྒྱུའི་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན་ཞེས་ལན་འདེབས་བྱེད་ཀྱི་ཡོད། དེ་ནི་མི་རབས་ནས་མི་རབས་འགོར་ནའང་བོད་དོན་འཐབ་རྩོད་མུ་མཐུད་བྱེད་རྒྱུ་མཁས་ལེན་དམ་བཅའ་གཙང་མ་ཡིན་བཅས་གསུངས།
དེ་རིང་ནི་གོམ་བགྲོད་པ་རྣམས་ཞག་བསྡོད་ས་ཚིགས་སུ་སྔོན་གྱི་ཉིན་མ་གསུམ་ལས་མགྱོགས་པ་འབྱོར་སོང་། རྒྱུ་མཚན་ཅི་ཡིན་ཞེ་ན་ང་ཚོའི་འཐབ་རྩོད་ཀྱི་བསམ་བློས་ང་ཚོ་མགྱོགས་སུ་སྐྱོད་བཅུགས། ང་ཚོའི་སེམས་པར་བོད་རང་དབང་རང་བཙན་གྱི་དམིགས་ཡུལ་གཅིག་ལ་བཅངས། དེ་རིང་གི་ལས་འགུལ་མཇུག་བསྒྲིལ། བོད་རང་བཙན་ནི་ཐག་རིང་པོ་མིན་པའི་རེ་བ་དང་ཆོད་སེམས་ཀྱིས་ལས་འགུལ་བ་རྣམས་སྙིང་སྟོབས་ཆེན་པོས་མདུན་སྐྱོད་གནང་རྒྱུར་ཇེ་མགྱོགས་ནས་ཇེ་མགྱོགས་སུ་གྱུར་བར་སྣང་བ་བཅས་ལས་ཉིན་བཞི་པ་ལེགས་གྲུབ་བྱུང་ཡོད།
བིར་ས་གནས་མགོ་འཛིན་ལས་འཁུང་དང་ཅོན་ཏ་ར་ས་གནས་མགོ་འཛིན། བིར་ས་གནས་གཞོན་ནུ་དང་ཅོན་ཏ་ར་ས་གནས་གཉིས་བཅས་ཀྱིས་གནས་ཚང་དང་དགོང་ཟས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷག་པར་དུ་བིར་ས་གནས་འཕྲོད་བསྟེན་སྨན་ཁང་ནས་སྨན་བཅོས་སྒམ་ཆས་རང་འགྲིག་དང་། སུ་ཇ་བོད་ཁྱིམ་སློབ་ཕྲུག་རྣམས། ནམ་ལང་རི་སོར་དང་བིར་མི་མང་རྣམས་ཀྱིས་ཞལ་འདེབས་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་གསུམ་པ།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་གྱི་ཉིན་གསུམ་པའི་ཞོགས་པ་ཆུ་ཚོད་ལྔ་པའི་ཐོག་ཞོགས་པའི་གཞལ་འདོན་དང་གོ་སྒྲིག་ཚོགས་ཆུང་ནས་དེ་ཉིན་གྱི་ལས་རིམ་ངོ་སྤྲོད་ཞུས་རྗེས་ཆུ་ཚོད་ ༩ པའི་ཐོག་གཞོན་ལྷན་གྱི་གོམ་བགྲོད་པ་རྣམས་རྒྱ་གར་གྱི་སྲོལ་རྒྱུན་ལྟར་སེམས་གསོའི་ཁ་བཏགས་དང་བཅས་པ་ལམ་པུར་དུ་འབྱོར་མཚམས་དེ་སྔའི་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་པར་ཝིན་ཀུ་མར་དང་ཁོང་གི་ལས་རོགས་བཅས་ཀྱིས་དགའ་བསུ་ཞུས་ཤིང་། བོད་དོན་ལས་འགུལ་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་།
ཆུ་ཚོད་ ༡༡ ཙམ་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་གཞོན། ལས་འགུལ་བ་ཚོགས་མི་བཅས་དང་། དེ་བཞིན་པུ་རུ་ཝ་ལའི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་གོམ་བགྲོད་པ་ཁ་ཤས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གྲོགས་པོ་དང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤཱན་ཏ་ཀུ་མར་མཆོག་དང་མཇལ་འཕྲད་གནང་། ཁོང་ད་ལྟ་དགུང་ལོ་ ༩༡ ལ་ཕེབས་ཡོད་ཀྱང་བོད་དོན་ལས་འགུལ་ལ་རྒྱབ་སྐྱོར་གནང་རྒྱུར་བློ་ཐག་རྦད་བཅད་གནང་ཡོད། ང་ཚོས་ཁོང་ལ་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་དམིགས་ཡུལ་ངོ་སྤྲོད་ཞུས་པ་མ་ཟད། བོད་མི་མང་དང་ང་ཚོའི་འཐབ་རྩོད་ལ་ཁོང་གིས་ཡུན་རིང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཡང་ཞུས་ཡོད།
ཕྱི་དྲོའི་ཆུ་ཚོད་ ༤:༣༠ པར་ང་ཚོ་བཀྲ་ཤིས་ལྗོངས་བོད་མིའི་ས་ཁུལ་དུ་འབྱོར་བ་དང་བཀྲ་ཤིས་ལྗོངས་དགོན་པས་དགའ་བསུ་གནང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་བོད་རིགས་རྣམས་ལ་གསུང་བཤད་གནང་བོད་མི་ཚོས་སྔར་ལས་ལྷག་པའི་ལས་འགུལ་གྱི་ནུས་པ་འདོན་དགོས་པ་དང་། བོད་མི་ཚོ་སྔར་ལས་མང་བས་མཉམ་ཞུགས་དང་གཅིག་སྒྲིལ་བྱེད་དགོས་པའི་སྐུལ་མ་གནང་། ཉིན་དེའི་མཇུག་ཏུ་བཀྲ་ཤིས་ལྗོངས་བོད་མིའི་གཞིས་ཆགས་ནས་གསོལ་ཚིགས་ཞིམ་པོ་ཞིག་གོ་སྒྲིག་གནང་བས་ལས་འགུལ་བ་རྣམས་ཧ་ཅང་ཐང་ཆད་པའི་སྐབས་དེར་ཕན་རླབས་ཆེན་པོ་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། སྐུ་ཞབས་ཤཱན་ཏ་ཀུ་མར་མཆོག་དང་བཀྲ་ཤིས་ལྗོངས་བོད་མིའི་གཞིས་ཆགས་དང་བཀྲ་ཤིས་ལྗོངས་མགོན་པའི་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་གཉིས་པ།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་གྱི་ཉིན་གཉིས་པར་ཞོགས་པ་ཆུ་ཚོད་ལྔ་པའི་ཐོག་ཞོགས་པའི་གཞལ་འདོན་དང་གོ་སྒྲིག་ཚོགས་ཆུང་ནས་དེ་རིང་གི་ལས་རིམ་སྙན་སེང་ཞུས། དེ་མ་ཐག་གོམ་བགྲོད་ལས་འགུལ་དེ་བཞིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་འགོ་བཙུགས་ཀྱིས་ཌ་ཌི་བརྒྱུད་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་ཕྱོགས་སུ་བསྐྱོད། ཌ་ཌི་རུ་བོད་པའི་ཆ་མུཎ་ཌའི་ཚོགས་མི་རྣམས་དང་། ཧི་མ་ལ་ཡ་པཱ་རི་ཝར་རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་རི་ཤི་ཀུ་མཱར་ཇི་དང་། ཌོལ་ཕིན་མགྲོན་ཁང་གི་སྦྱིན་བདག་བཅས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཞྭ་མོ་ནག་པོའི་གོམ་བགྲོད་པ་རྣམས་ལ་དགའ་བསུ་ཞུས་ཏེ་རྒྱབ་སྐྱོར་ཤུགས་ཆེན་བྱས། ཕྱི་དྲོ་ཆུ་ཚོད་ལྔ་པའི་མཚམས་སུ་ལས་འགུལ་བ་རྣམས་གོ་པལ་པུར་བོད་ཁྱིམ་སློབ་གྲྭར་བདེ་འབྱོར་སྐབས་སློབ་ཕྲུག་རྣམས་ཀྱིས་གོམ་བགྲོད་པ་རྣམས་ལ་དགའ་བསུས་སྣེ་ལེན་གནང་བ་མ་ཟད། སློབ་གྲྭའི་འཛིན་སྐྱོང་གིས་དགོང་མོའི་གནས་ཚང་དང་གསོལ་ཇ་གོ་སྒྲིག་གནང་།
ཕྱི་དྲོ་ཆུ་ཚོད་དྲུག་པའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གཉིས་ནས་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས་ལ་གཏམ་བཤད་དང་དྲི་བ་དྲིས་ལན། དེ་བཞིན་སློབ་ཕྲུག་རྣམས་ཀྱིས་སློབ་སྦྱོང་ལ་དོ་སྣང་ཆེན་པོ་བྱས་ཏེ་མ་འོངས་པར་བོད་དོན་འཐབ་རྩོད་སླད་འགན་འཁུར་ཞུ་ཕྱོགས་ཐད་འབོད་སྐུལ་ཞུས་པ་བཅས་ལས་འགུལ་ཉིན་གཉིས་པ་ལེགས་གྲུབ་ཀྱིས་མཇུག་བསྡུ་ཞུས།
Back To Top