ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ Grace Meng ལགས་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་མུ་མཐུད་རྒྱབ་སྐྱོར་ཡོང་བར་འབོད་སྐུལ་ཞུས།

ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༤ ཉིན་ཚེ་དབྱངས་ལགས་ནས་འགྲེལ་ལམ་འཐུན་འགྱུར་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་གཙོས་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་ཟུར་པ་བཀྲིས་ལམ་བཟང་ལགས། ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་ནོར་སྒྲོན་ལགས། ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་སྟོབས་ལྡན་ལགས་དང་བཅས་ནས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ Grace Meng ལགས་དང་མཇལ་འཕྲད་བྱུང་ཡོད་བ་དང་། དེ་སྐབས་བོད་ནང་གི་ཛ་དྲག་གནས་ཚུལ་སྐོར་དང་། རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་ནང་གི་བོད་མི་རྣམས་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པ། མཐའ་ན་བོད་ནང་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཙམ་ཡང་མེད་པའི་གནས་ཚུལ་སྐོར་ངོ་སྤྲོད་ཞིབ་ཕྲ་ཞུས། ལྷག་པར་དུ་ཟླ་བ་གོང་མའི་ཚེས་ ༢ ཉིན་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་སར་བོད་རང་དབང་རང་བཙན་འཐབ་རྩོད་པ་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་སླད་རང་ལུས་མེར་སྲེག་གནང་བའི་སྐོར་ལ་དམིགས་བསལ་གྱིས་ཞིབ་ཕྲའི་གནས་ཚུལ་ཞུས། དེ་མིན་བོད་དོན་རྒྱབ་སྐྱོར་མུ་མཐུད་ཡོང་བའི་འབོད་སྐུལ་ཡང་ཞུ་རྒྱུ་བྱུང་ཡོད།

 

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ནས་རང་ལུས་མེར་སྲེག་གནང་ཡུལ་དུ་ཆེད་བཅར།

ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༣༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་དང་། སྤྱི་ཁྱབ་ཚོགས་ཟུར་ཚེ་དབང་རིག་འཛིན་ལགས། སྤྱི་ཁྱབ་རྒྱུན་ཟུར་ནོར་བཟང་ལགས་བཅས་ནས་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་སྲེག་གནང་སའི་ཡུལ་དངོས་སུ་ཕེབས་ཡོད། སྐབས་དེར་རྒྱལ་གཅེས་དཔའ་བོ་ཁོང་གི་སྙིང་སྟོབས་དང་ལྷག་བསམ། བློས་གཏོང་བཅས་པར་གུས་བཀུར་ཡི་རང་དང་། གདུང་སེམས་མཉམ་སྐྱེད་ཞུས་ཤིང་། བོད་དོན་བདེན་པའི་འཐབ་རྩོད་ཀྱི་ལས་དོན་ཐད་ཞབས་ཕྱི་ཞུ་རྒྱུའི་དམ་བཅའ་བསྐྱར་དུ་བརྟན་དུ་བཏང་ཡོད། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ལ་གུས་བརྩི་ཟབ་མོའི་ངང་དྲན་གསོ་ཞུ་རྒྱུ་དང་། ཁོང་གིས་སྐུ་སྲོག་བློས་གཏོང་གནང་བ་དེས་རྒྱལ་སྤྱི་དང་མིག་གསལ་རྒྱལ་སྤྱིའི་མཉམ་འགྲེལ་རྒྱལ་ཚོགས་ལ་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་ལྷུང་ཡོད་པས་ཐུགས་སྣང་དགོས་པའི་གལ་ཆེའི་དོན་དངོས་དྲན་སྐུལ་གནང་ཡོད་པ་དང་། བཙན་བྱོལ་བོད་མི་ཚོ་ལ་ཡང་བོད་རང་བཙན་གྱི་དོན་དུ་ལས་འགུལ་གང་མང་སྤེལ་དགོས་པའི་འབོད་སྐུལ་བཅས་གནང་ཡོད། ང་ཚོས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ལྷག་བསམ་དང་སྙིང་སྟོབས། བློས་གཏོང་བཅས་བརྗེད་མེད་ལ། ཁོང་རྣམ་པའི་ཞལ་ཆེམས་དང་མངོན་འདོད་དེ་བས་བརྗེད་མེད། ང་ཚོས་བོད་བརྗེད་མེད་ལ་བོད་དོན་འཐབ་རྩོད་དེ་བས་བརྗེད་མེད། བོད་རང་བཙན་སླར་གསོའི་དོན་དུ་ངོ་རྒོལ་སྐད་འབོད་དང་། བོད་དོན་ཞུ་གཏུགས་ལས་འགུལ་མུ་མཐུད་ནས་སྤེལ་རྒྱུ་ཡིན།

 

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་རྒྱུན་ལས་དང་ཐེ་ཝན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་དྲུག་དང་ལྷན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཁུངས་སུ་ཚོགས་འདུ་ཚོགས་པ།

ཚོགས་འདུ་དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོ་སྤྲོད་ཀྱིས་འགོ་བཙུགས་པ་དང་། དེ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་བཀྲ་ཤིས་དར་རྒྱས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་བསྟན་འཛིན་བློ་བཟང་གཉིས་ཀྱིས་གནང་། ཁོང་གིས་སྐུ་ཚབ་ཚོགས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བོད་མི་གཞོན་སྐྱེས་ཀྱིས་འགོ་ཁྲིད་པའི་བོད་ཀྱི་ཚོགས་པ་ཆེ་ཤོས་དང་བྱེད་སྒོ་ཆེ་ཤོས་ཡིན་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དོན་རྐྱེན་ཆེན་པོ་དང་མཉམ་འབྲེལ་ངོ་རྒོལ་སྐབས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞན་དག་གི་འགོ་ཁྲིད་ཀྱང་བྱེད་ཀྱི་ཡོད་པའི་སྐོར་གསལ་བཤད་གནང་།
དེའི་རྗེས་སུ་སྐུ་ཞབས་ཚང་ཧྲུན་ཧོ་(Mr. Tsang Hsun Ho ) ཡིས་ཐེ་ཝན་མི་སེར་གྱི་མཉམ་ཞུགས་ཀྱི་གསར་འཛུགས་ཚོགས་གཙོ་ཡིས་ཐེ་ཝན་གྱི་སྐུ་ཚབ་ཚོགས་པ་ངོ་སྤྲོད་གནང་བ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མི་འདྲ་བ་དྲུག་གིས་སྐུ་ཚབས་གནང་ཏེ་ཁོང་རྣམས་པའི་ངོ་སྤྲོད་ཀྱིས་འགོ་བཙུགས།
ཁོང་གིས་བོད་མི་རང་ལུས་མེར་སྲེག་གཏོང་བའི་གནས་སྟངས་དེ་ང་ལ་སེམས་ཁྲལ་ཆེན་པོ་བྱུང་། ངས་རང་ལུས་མེར་སྲེག་གཏོང་མཁན་གཉིས་པ་མཐོང་སྐབས། ངས་ཁོང་མེ་ལྕེའི་ནང་དུ་འཚུད་པ་དང་། ཁོང་གི་ཁ་ནས་དུ་བ་ནག་པོ་ཐོན་པ་མཐོང་། མཐོང་སྣང་དེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་པ་དང་། དེ་ངའི་སྐྱེས་སྐར་ཉིན་བྱུང་བས་དེ་ནི་ཉམས་མྱོང་ཧ་ཅང་ཟབ་མོ་ཞིག་བྱུང་།
ཚོགས་འདུའི་སྐབས་སུ། སྐུ་ཞབས་ཚང་(Mr. Tsang Hsun Ho ) གིས་བོད་ཀྱི་དཔའ་བོ་དཔའ་མོ་ཚང་མའི་མཚན་བྱང་བཀོད་པའི་ཁོང་གི་ཡིག་གཟུགས་སྒྱུ་རྩལ་ཞིག་ཅོག་ཙེའི་སྟེང་དུ་བཤམས་ཏེ་གདུང་སེམས་མཉམ་སྐྱེད་དང་གུས་བཀུར་མཚོན་པར་བྱས།
ཅོག་ཙེའི་སྟེང་དུ་བོད་ཀྱི་རང་ལུས་མེར་སྲེག་གནང་མཁན་ཐོག་མ་དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་དཔའ་བོ་བྱམས་པ་ཡེ་ཤེས་གཉིས་ཀྱི་སྐུ་པར་དང་དྲན་རྟེན་བཤམས་ཡོད་པ་མ་ཟད། བོད་ཀྱི་དཔའ་བོ་དཔའ་མོ་ཚང་མའི་བློས་གཏོང་མཚོན་པའི་ཡིག་གཟུགས་སྒྱུ་རྩལ་ཡང་བཤམས་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་གྱིས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས་དོན། “ང་ཚོས་ཁྱེད་ཀྱི་ཡིག་གཟུགས་བཤམས་པའི་ཅོག་ཙེ་དེ་རང་གི་སྟེང་དུ་བོད་ཀྱི་དཔའ་བོ་བཞིའི་སྐུ་ཕུང་འཇོག་པའི་ཐོག་ཁོང་རཉམས་པའེ་ཆེད་དུ་སྨོན་ལམ་གསོལ་འདེབས་བྱས་པ་ཡིན། དེ་དུས་ང་ཚོས་ཁོང་ཚོའི་རྣམ་ཤེས་དམ་པ་ང་ཚོ་དང་མཉམ་དུ་ཡོད་པ་ཚོར་བྱུང་། སེམས་སྐྱོ་བའི་ངང་ནས་ཁྱེད་ཀྱིས་ང་ཚོར་སྐད་ཅིག་མ་ཟབ་མོ་འདི་བསྐྲུན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།”
ཐོག་མར་ཆུ་ཚོད་ཕྱེད་ཀའི་རིང་གི་ཚོགས་འདུ་ཞིག་གོ་སྒྲིག་བྱས་ཡོད་ཀྱང་། གྲོས་བསྡུར་སྐབས་ཕན་ཚུན་གོ་རྟོགས་ཟབ་མོ་དང་། ཐུན་མོང་གི་རིན་ཐང་། དམིགས་ཡུལ་གཅིག་མཚུངས་བཅས་བྱུང་བའི་རྐྱེན་གྱིས་ཆུ་ཚོད་གཉིས་རིང་རྒྱུན་བསྲིངས་བྱུང་། ཕྱོགས་གཉིས་ཀས་སྤྱི་ཚོགས་ཀྱི་མཉམ་ཞུགས་དང་། འགྲོ་བ་མིའི་ཐོབ་ཐང་གི་དོན་དུ་ཞུ་གཏུགས། རང་དབང་དང་དམངས་གཙོ་གོང་འཕེལ་གཏོང་བར་གཞོན་སྐྱེས་ཀྱིས་སྣེ་ཁྲིད་པའི་ལས་འགུལ་གྱི་གལ་ཆེན་རང་བཞིན་བཅས་ཀྱི་ཐོག་བསམ་ཚུལ་བརྗེ་རེས་བྱས།
ཚོགས་འདུ་དེ་བོད་དང་ཐེ་ཝན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དབར་མུ་མཐུད་གྲོས་མོལ་དང་མཉམ་ལས་བྱ་རྒྱུའི་དམ་བཅའ་དང་མཉམ་དུ་མཇུག་བསྒྲིལ།

བོད་དོན་འཐབ་རྩོད་ཐོག་ནུས་པ་མཉམ་སྤུང་ཐད་གོ་བསྡུར་སྦྱང་བཤད།

དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༡༧ ཉིན་རྒྱབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མཆོག་དང་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་གི་སྐུ་ཚབ་རྣམས་ནས་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་འགན་འཛིན་སྐུ་ཞབས་སུན་ཡོའུ་ལཱན་ (Mr. SUN You-lian) མཆོག་དང་། སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་བཀྲ་ཤིས་ཚེ་རིང་མཆོག བོད་དོན་རྒྱབ་སྐྱོར་བ་ལྕམ་ལིའོ་ཧུའེ་ཕང་ (Ms. LIAO Hui-Fang) མཆོག་བཅས་དང་ལྷན་བོད་དོན་འཐབ་རྩོད་ཐོག་ནུས་པ་མཉམ་སྤུང་ཐད་གོ་བསྡུར་སྦྱང་བཤད་གང་ལེགས་བྱུང་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ནང་མཉམ་ཞུགས་གནང་མཁན་ལས་འགུལ་བ་ཁག་ཅིག་ནས་དཔལ་ས་སྐྱའི་ཁྲི་འཛིན་ ༤༢ པ་གདུང་སྲས་བགྲེས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་ཕྱི་དབང་རིན་པོ་ཆེ་མཆོག་རྣམ་གཉིས་ལ་མཇལ་བཅར།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ནང་མཉམ་ཞུགས་གནང་མཁན་ལས་འགུལ་བ་ཁག་ཅིག་ནས་དཔལ་ས་སྐྱའི་ཁྲི་འཛིན་ ༤༢ པ་གདུང་སྲས་བགྲེས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་ཕྱི་དབང་རིན་པོ་ཆེ་མཆོག་རྣམ་གཉིས་ལ་མཇལ་བཅར་ཞུ་རྒྱུ་བྱུང་ཡོད་པ་མ་ཟད། ད་ཐེངས་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་བཞིན་གེགས་མེད་ལམ་ལྷོང་ཡོང་བར་ཐུགས་སྨོན་སྐྱབས་འཇུག་ཡོང་བའི་གསོལ་འདེབས་ཀྱང་ཞུ་རྒྱུ་བྱུང་ཡོད།

Back To Top