༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དང་སྟབས་བསྟུན་གོམ་བགྲོད་ལས་འགུལ་བ་རྣམ་པར་ཐུགས་རྗེ་ཆེ་ཞུ་དང་བཅས་ཕྱག་འཁྱེར་ཕུལ།

Spread the love
ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ ཉིན་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དང་སྟབས་བསྟུན་ནས་ལྡི་ལི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་ཞྭ་མོ་ནག་པོའི་གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་ཚང་མར་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་གནང་བ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་མཛད་སྒོའི་ཐོག་གསུང་བཤད་གནང་བ་དང་། ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ཉམས་མྱོང་བརྗེ་རེས་བྱས་ཏེ་དེའི་གལ་ཆེན་རང་བཞིན་དང་འགྲུལ་བཞུད་སྐོར་ལ་ངོ་སྤྲོད་གནང་ཡོད། དེ་བཞིན་ལྡི་ལི་ས་གནས་བུད་མེད་ལྷན་ཚོགས་ནས་ཀྱང་གོམ་བགྲོད་པ་ཚང་མར་མཇལ་དར་དཀར་གཙང་རེ་ཕུལ་ཏེ་གུས་བརྩི་དང་ཐུགས་རྗེ་ཆེ་ཞུ་མཚོན་སླད་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་གནང་ཡོད།
མཇུག་བསྡུའི་ཐུགས་རྗེ་ཆེ་ཞུའི་གཏམ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཞྭ་མོ་ནག་པོའི་གོམ་མགྲོད་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རྣམས་ཀྱི་ལྷག་བསམ་དང་སྙོང་སྟོབས། བློས་གཏོང་། མི་རིགས་ཀྱི་ལར་རྒྱ། གཅིག་སྒྲིལ་གྱི་ནུས་ཤུགས་བཅས་ལ་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན།
ཨེ་ཝར་རེས་ཐ་ཀ་ལི་ཟ་ཁང་ནས་གོམ་བགྲོད་པ་རྣམས་ལ་དགོང་ཟས་གོ་སྒྲིག་གནང་ཡོད་པ་དང་། གོམ་བགྲོད་ལས་འགུལ་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཨེ་ཝར་རི་སི་ཐ་ཀ་ལི་སྦྱིན་བདག་འབྲེལ་ཡོད་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན། དམིགས་བསལ་དུ་ཨེ་ཝར་རི་སི་ཐ་ཀ་ལི་སྦྱིན་དག་རྣམས་ནི་ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བསྟན་འཛིན་འཇིགས་མེད་ལགས་དང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་ཟུར་པ་རིན་ཆེན་ལགས། ལྡི་ལི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་དང་ཚ་རང་ཀེ་ཧྥེ་གྱི་སྦྱིན་བདག་ཆོས་བཟང་ལགས བཅས་ལ་ལས་འགུལ་བ་ཚང་མའི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་མཁན་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ལྷག་བསམ་གཏོང་ཕོད་ཅན་གྱི་རྒྱབ་སྐྱོར་བ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་འདི་དོན་སྨིན་ལྡན་པ་དང་ཚགས་ཚུད་ལེགས་གྲུབ་བྱུང་ཡོད།
Back To Top