གཞོན་ལྷན་སྤྱི་ཁྱབ་ཡིག་ཚང་དུ་ཉི་ཧོང་གི་རྒྱལ་ཡོངས་གསར་འགྱུར་བརྒྱུད་ལམ་གྲགས་ཅན་(NHK Media Group) གྱི་རྩོམ་སྒྲིག་པ་དང་གསར་འགོད་པ་གཞན་གཉིས་ཆེད་ཕེབས་པ།

དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༢༧ ཉིན་རྒྱབ་གཞོན་ལྷན་སྤྱི་ཁྱབ་ཡིག་ཚང་དུ་ཉི་ཧོང་གི་རྒྱལ་ཡོངས་གསར་འགྱུར་བརྒྱུད་ལམ་གྲགས་ཅན་ (NHK Media Group) གྱི་རྩོམ་སྒྲིག་པ་དང་གསར་འགོད་པ་གཞན་གཉིས་ཆེད་ཕེབས་ཀྱིས་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་མཆོག་དང་གཞོན་ལྷན་དྲིལ་བསྒྲགས་འགན་འཛིན་བསྟན་འཛིན་ལྷ་མོ་ལགས་རྣམ་གཉིས་ལ་བཅར་འདྲི་དང་བོད་དོན་འཐབ་རྩོད་ཀྱི་ཐད་གོ་བསྡུར་སྦྱང་བཤད་བྱུང་ཡོད།

རྡ་རམ་ས་ལར་ཨ་རིའི་གཞུང་འཚབ་དང་མཇལ་འཕྲད།

 

ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༢༦ ཉིན་རྒྱབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་མཆོག་དང་གཞོན་ལྷན་གྱི་ལས་བྱེད་དྲྭ་རྒྱའི་དོ་དམ་པ་བསྟན་འཛིན་བློ་བཟང་རྣམ་གཉིས་ནས་གཞུང་འབྲེལ་མིན་པའི་ཚོགས་པ་གཞན་ཁག་ཅིག་དང་ལྷན་ཨ་རིའི་གཞུང་འཚབ་མི་སྣ་སྐུ་ཞབས་ཝི་ལིམ་ཨོ་ཁོན་ནར་མཆོག་དང་སྐུ་ཞབས་རོ་བྷིན་རྣམ་གཉིས་གནང་ཡོད། སྐབས་དེར་གཞོན་ལྷན་སྒྲིག་འཛུགས་དང་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་ངོ་སྤྲོད་གོ་བསྡུར་དང་། དེ་མིན་ཨ་རིའི་གཞུང་ནས་ད་བར་བོད་ཀྱི་བདེན་དོན་འཐབ་རྩོད་ཐད་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པར་བཀའ་དྲིན་ཆེ་ཡང་ཞུ་རྒྱུ་བྱུང་ཡོད།

འཇར་མན་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཀལ་བྷ་རང་ཌི་ (Michael Brand) མཆོག་གིས་གཙོས་སུད་སི་སྐུ་ཚབ་དོན་གཅོད་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཐུག་འཕྲད་བྱུང་།

ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༨ ཉིན་རྒྱབ་ཆུ་ཚོད་ ༤།༣༠ ཐོག་འཇར་མན་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་མེ་ཀལ་བྷ་རང་ཌི་ (Michael Brand) མཆོག་གཙོས་འཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་ཁུར་བ་སྐུ་ཞབས་ཀྰ ཨེ་མུ་ལར་ (Kai Muller) མཆོག ལས་བྱེད་མེ་ཀལ་ (Micheal Gutsche) ལགས། དེ་བཞིན་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་བཅས་གཞོན་ལྷན་ཡིག་ཚང་དུ་ཆེད་ཕེབས་ཀྱིས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བཞིའི་སྐུ་ཚབ་དང་ཐུགས་འཕྲད་དང་། སྐབས་དེར་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ནས་གཞོན་ལྷན་གྱི་ངོ་བོ་དང་དམིགས་ཡུལ། དེ་བཞིན་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་ངོ་སྤྲོད་དང་ད་ལྟའི་སྐབས་བབ་བོད་ནང་གི་ཛ་དྲག་གནད་སྟངས་སོགས་ཀྱི་ཐད་གོ་བསྡུར་གང་ལེགས་བྱུང་ཡོད།

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པའི་ལས་བསྡོམས་སྙིང་བསྡུས།

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པའི་ལས་བསྡོམས་སྙིང་བསྡུས།

བོད་རྒྱལ་ལོ་ ༢༡༥༡ རབ་གནས་ཤིང་འབྲུག་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པ་ཡིན་ཞིང་། གཞུང་འབྲེལ་གྱི་མཛད་སྒོ་དེ་བཞིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཞོགས་པའི་ཕྱག་ཚོད་བཅུ་པར་དབུ་འཛུགས་ཀྱིས་ཕྱག་ཚོད་བཅུ་གཉིས་ཙམ་ལ་གཞུང་འབྲེལ་མཛད་སྒོ་ལེགས་པར་གྲུབ། དེ་རྗེས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བཞི་སྟེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ནས་གོ་སྒྲིག་འགན་འཁུར་ཐོག་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གྱི་མི་མང་སྣེ་ཁྲིད་ཀྱིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ནས་གཞུང་ལམ་བརྒྱུད་རྡ་ཤོད་ཀ་ཅ་རི་བར་ངོ་རྒོལ་སྐད་འབོད་གནང་ཡོད་པ་དང་། ཐེངས་འདིའི་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་ནང་བཞུགས་སྒར་ཁུལ་གྱི་དགོན་སྡེ་གྲྭ་ཚང་དང་། སློབ་གྲྭ་ཁག་བཅས་མཁྱོན་མི་མང་སྟོང་ཕྲག་ལྷག་མཉམ་ཞུགས་གནང་ཡོད། རྡ་ཤོད་ཀ་ཅཱ་རིར་འབྱོར་མཚམས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གཙོ་སྐྱོང་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་གཏམ་བཤད་གནང་ཡོད་པ་དང་། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ནས་ལས་འགུལ་གོ་སྒྲིག་པ་ཚོགས་པ་ཆེ་ཁག་བཞིའི་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པའི་བསྒྲགས་གཏམ་སྒྲོག་སྦྱང་གནང་། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་ནས་ཚོགས་པ་ཆེ་ཁག་བཞིའི་གསུམ་བཅུའི་དུས་དྲན་གྱི་དབྱིན་ཡིག་བསྒྲགས་གཏམ་སྒྲོག་སྦྱང་ཞུས་པ་དང་འབྲེལ་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པ་ལེགས་གྲུབ་ཀྱིས་མཇུག་བསྡོམས་ལེགས་གྲུབ་བྱུང་ཡོད།

གཞན་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གོ་སྒྲིག་དང་། རོ་ཧི་ནི་ས་གནས་གཞོན་ནུ། ལྡི་ལི་བསམ་ཡས་གླིང་ས་གནས་གཞོན་ནུ། ཅན་དྷི་གྷར་ས་གནས་གཞོན་ལྷན་གཙོས་བོད་རང་བཙན་སློབ་ཕྲུག་ཚོགས་པ། ལྡི་ལི་ས་གནས་བུད་མེད་ལྷན་ཚོགས། འཕགས་བོད་འབྲེལ་མཐུད་ཚོགས་པ། རྒྱ་གར་བོད་དོན་འབྲེལ་མཐུད་ཁང་བཅས་ནས་མཉམ་རུབ་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པ་སྲུང་བརྩི་ཞུས་ཏེ། ཇན་པཊ་ནས་ཇན་ཏར་མན་ཏར་བར་ངོ་རྒོལ་སྐད་འབོད་ཀྱི་གོམ་བགྲོད་ལས་འགུལ་སྤེལ་ཡོད་པ་མ་ཟད། སྐབས་དེར་ལས་འགུལ་བ་ཡོངས་ནས་ད་ལྟའི་ཆར་ཁམས་སྡེ་དགེ་གཙོས་བོད་ནང་གི་ཛ་དྲག་གནས་ཚུལ་དང་བོད་མིའི་མངོན་འདོད་མཚོན་པའི་འབོད་ཚིག་སོགས་བསྒྲགས་ཡོད་པ་མ་ཟད། དེ་རྗེས་ལས་འགུལ་བ་རྣམས་ལྡི་ལི་ཇན་ཏར་མན་ཏར་རུ་མཉམ་འཛོམས་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་སྒྲིག་འཛུགས་འགན་འཛིན་ཡེ་ཤེས་ཆོས་འཕེལ་ལགས་ནས་བོད་མིའི་རང་དབང་སྒེར་ལངས་ཀྱི་བྱུང་རིམ་དང་གལ་གནད། དེ་བཞིན་སྐབས་བབ་ཀྱི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐད་གཏམ་བཤད་དང་། དེའི་རྗེས་བོད་དོན་རྒྱབ་སྐྱོར་བ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གྲོགས་པོ་ཝི་ཇེ་ཀརན་ཏི་མཆོག་དང་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཨ་ནན། འཕགས་བོད་འབྲེལ་མཐུད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་པན་ཀཇ་གྷོ་ཡལ་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཅྰཡ་ཡེ་ཤེས་ཕུན་ཚོགས་བཅས་ནས་གཏམ་བཤད་སོགས་སྤེལ་ཏེ་ལྡི་ལིའི་ཉིན་དང་པོའི་ལས་འགུལ་དེ་བཞིན་ལེགས་གྲུབ་བྱུང་ཡོད།

ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༡ ཉིན་གྱི་སྔ་དྲོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་བཞི་བཅུ་ཙམ་ནས་དེ་ཉིན་སྔ་དྲོ་དགྲ་བོ་རྒྱ་དམར་གྱི་གཞུང་ཚབ་མདུན་ཐང་དུ་ངོ་རྒོལ་སྐད་འབོད་ཀྱིས་མཐར་རྒྱ་གར་གྱི་ཉེན་རྟོགས་པས་ལས་འགུལ་བ་རྣམས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། དེ་ཉིན་ཕྱི་དྲོར་གློད་བཀྲོལ་བྱུང་མཚམས་ལས་འགུལ་བ་རྣམས་ལ་བོད་སྒར་བསམ་ཡས་གླིང་ས་གནས་གཞོན་ལྷན་གཙོས་ཚོགས་སྡེ་ཁག་ནས་ཐུགས་རྗེ་ཆེ་ཞུའི་མཇལ་དར་སྒྲོན་འབུལ་གནང་ཡོད་པ་མ་ཟད། སྐབས་དེར་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་མཆོག་ནས་ལས་འགུལ་བ་དང་བླངས་རྣམས་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་མ་ཟད། ལས་འགུལ་འདིའི་རིགས་ཀྱི་གཞིས་ལུས་བོད་མི་ཚོར་བརྡ་ལན་དང་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་དོན་དྲིལ་བསྒྲགས་ལ་ཕན་ནུས་རྒྱ་ཆེ་ཡོང་ཀྱིན་ཡོད་པ་སོགས་ཀྱི་ཐད་གཏམ་བཤད་སྤེལ་གནང་ཏེ་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པ་དང་འབྲེལ་བའི་ལས་འགུལ་གྱི་ལས་རིམ་མཇུག་སྒྲིལ་གནང་ཡོད།

 

 

 

 

ཨོ་སི་ཊོ་ལི་ཡི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་དང་ཐུག་འཕྲད་

ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༠ ཉིན་གྱི་དགོང་དྲོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་བཀྲིས་རྟགས་རྒྱས་ལགས་དང་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་རྣམ་གཉིས་ནས་ཨོ་སི་ཊོ་ལི་ཡི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་དང་ཐུག་འཕྲད་ཀྱིས་གཞོན་ལྷན་གྱི་ངོ་བོ་དང་དམིགས་ཡུལ། ལས་འགུལ་སྤེལ་ཕྱོགས་གཙོས་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐད་ངོ་སྤྲོད་དང་ཕན་ཚུན་གོ་བསྡུར་སྦྱང་བཤད་ལྷུག་པོ་ཞུ་རྒྱུ་བྱུང་ཡོད།

རྡོར་གདན་སྤྱི་ཚོགས་ཞབས་ཞུའི་ལས་བསྡོམས།

རྡོར་གདན་སྤྱི་ཚོགས་ཞབས་ཞུའི་ལས་བསྡོམས།

 

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༩ ནས་ ༣༡ བར་གསུང་ཆོས་དང་། ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡ ཉིན་བརྟན་བཞུགས་བསྟར་འབུལ་བཅས་ཁྱོན་ཉིན་གྲངས་བཞིའི་རིང་གསུང་ཆོས་བཀའ་དྲིན་བསྐྱངས་གཏན་འཁེལ་བ་བཞིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་ལོ་ལྟར་གསུང་ཆོས་ནམ་བསྩལ་སྐབས་སྤྱི་ཚོགས་ཞབས་ཞུའི་ལས་དོན་གཉེར་སྲོལ་ཡོད་པ་བཞིན། འདི་ལོའི་རྡོར་གདན་སྤྱི་ཚོགས་ཞབས་ཞུའི་གོ་སྒྲིག་ཚོགས་ཆུང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་བཀྲ་ཤིས་རྟགས་བརྒྱད་ལགས་དང་། གཞོན་ལྷན་གྱི་ལས་བྱེད་དྲྭ་རྒྱ་དོ་དམ་པ་བསྟན་འཛིན་བློ་བཟང་ལགས་རྣམ་གཉིས་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢ ཉིན་གྱི་དགོང་དྲོ་བཞུགས་སྒར་རྡ་རམ་ས་ལ་ནས་ཕེབས་ཐོན་གྱིས་ལྡི་ལི་ནས་མེ་འཁོར་བརྒྱུད་ཕྱི་ཚེས་ ༥ ཉིན་གནས་མཆོག་རྡོ་རྗེ་གདན་དུ་བདེ་འབྱོར་གྱིས་རྡོར་གདན་གྱི་ Dr. (Smt.) Mahashweta Maharathi Member Secretray, BTMC མཆོག་དང་། Ven. Bhikkhu Deenanand དེ་བཞིན་རྡོར་གདན་མེ་འཁོར་འབབ་ཚུགས་ཀྱི་ Umesh kumar Gaya Station manager. བཅས་སར་ཆེད་བཅར་གྱིས་རྡོར་གདན་དང་གྷ་ཡ་མེ་འཁོར་འབབ་ཚུགས་ལ་གཞོན་ལྷན་གྱི་གསལ་བསྒྲགས་ཁང་གསར་འཛུགས་ཀྱི་ཆོག་མཆན་བཀའ་འཁྲོལ་ཞུས་ཡོད་པ་དང་། དེ་བཞིན་གཞོན་ལྷན་གྱི་སྤྱི་ཁྱབ་ཟུང་དྲུང་ཚེ་རིང་ཆོས་འཕེལ་དང་། སྤྱི་ཚོགས་ཞབས་ཞུའི་འགན་འཛིན་བསྟན་འཛིན་འཇམ་དཔལ། གཞོན་ལྷན་གྱི་ལས་བྱེད་བོད་ཡིག་ཉམས་ཞིབ་པ་ངག་དབང་ཡར་འཕེལ་བཅས་བཞུགས་སྒར་རྡ་ས་ནས་ཕྱི་ཚེས་ ༡༥ དགོང་དྲོ་ཆེད་ཐོན་གྱིས་ལྡི་ལི་བརྒྱུད་ཕྱི་ཚེས་༡༨ ཉིན་གྱི་ཞོགས་པ་གནས་མཆོག་རྡོ་རྗེ་གདན་དུ་བདེ་འབྱོར་བྱུང་ཡོད། གཞོན་ལྷན་གྱི་རྡོར་གདན་དང་བླངས་སྤྱི་ཚོགས་ཞབས་ཞུ་བ་རྣམས་ཕྱི་ཚེས་ ༡༩ ཉིན་འབྱོར་ཐོ་བཀོད་ཟིན་པ་དང་། ཐེངས་འདིའི་གཞོན་ལྷན་གྱི་རྡོར་གདན་སྤྱི་ཚོགས་ཞབས་ཞུ་བ་ཁྱོན་ས་གནས་ཁག་བཅུ་ཙམ་ནས་དང་བླངས་བ་མི་གྲངས་ ༦༠ ཙམ་གྱིས་མཉམ་ཞུགས་གནང་ཡོད་པ་དང་། དེའི་ཁྲོད་རྒན་དར་གཞོན་གསུམ་དང་། སྐྱ་སེར་ཕོ་མོ་དབྱེར་མེད་ཀྱིས་མཉམ་ཞུགས་གནང་ཡོད།

དེ་ལྟར་ཕྱི་ཚེས་ ༢༠ ཉིན་ནས་བཟུང་གཞོན་ལྷན་གྱི་རྡོར་གདན་སྤྱི་ཚོགས་ཞབས་ཞུ་དབུ་འཛུགས་ཞུས་ཡོད་པ་དང་། དེ་ཡང་སྡེ་ཚན་ཁག་བཞི་རུ་བགོས་ཏེ་ཆུ་ཚོད་ཉེར་བཞིའི་རིང་ཛ་དྲག་རོགས་སྐྱོར་སྡེ་ཚན་དང་། གྷ་ཡ་མེ་འཁོར་འབབ་ཚུགས་སུ་དད་ལྡན་ཆོས་ཞུ་བར་ཉིན་ཚན་ཀུན་ཏུ་རོགས་རམ་སྡེ་ཚན། གསུང་ཆོས་རིང་ཕྱི་ནང་གི་དད་ལྡན་ཆོས་ཞུ་བའི་ཆ་དངོས་བོར་བརྙེད་བྱུང་བ་ཁག་ཐོ་འགོད་ཀྱིས་རོགས་རམ་སྡེ་ཚན། དེ་བཞིན་དད་ལྡན་ཆོས་ཞུ་བ་རྣམས་ཀྱི་གནས་ཚུལ་མཁྱེན་རྟོགས་སོགས་གང་སྤྱིར་སྟབས་བདེ་ཡོང་སླད་སྐད་ཡིག་བརྒྱད་ལས་གྲུབ་པའི་གསལ་བསྒྲགས་ཁང་གི་སྡེ་ཚན་བཅས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་རྣམས་ལ་སྟབས་བདེའི་སླད་སྤྱི་ཚོགས་ཞབས་ཞུའི་སྡེ་ཚན་གཙོ་བོ་ཁག་བཞི་གོ་སྒྲིག་ཞུ་ཐུབ་པ་བྱུང་བ་དང་། དེ་ལྟར་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༠ ནས་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༣ ཉིན་བར་ཁྱོན་ཉིན་གྲངས་ ༡༥ རིང་སྤྱི་ཚོགས་ཞབས་ཞུ་སྒྲུབ་ཐུབ་པ་བྱུང་བ་དང་། ལོ་ལྟར་རྡོར་གདན་སྤྱི་ཚོགས་ཞབས་ཞུ་གྲུབ་རྗེས་དང་བླངས་བ་རྣམས་ཉིན་གཅིག་རིང་རྡོར་གདན་ཉེ་འཁོར་གྱི་གནས་མཇལ་ཁག་ལ་ཁྲིད་སྲོལ་ཡོད་ནའང་འདི་ལོ་མངའ་སྡེའི་ནང་འགྲུལ་སྐྱོད་བཀག་བསྡོམས་ཀྱི་དབང་གིས་གནས་མཇལ་ཁག་ལ་ཁྲིད་མ་ཐུབ་ཀྱང་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༢ ཉིན་གྱི་སྔ་དྲོ་དཔལ་ལྡན་ས་སྐྱའི་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་དུ་དང་བླངས་བ་རྣམས་མཇལ་བཅར་དུ་ཁྲིད་ཡོད་པ་དང་། དེ་བཞིན་ཉིན་རྒྱབ་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་མཇལ་བཅར་གྱིས་སྤྱི་ཚོགས་ཀྱི་གནས་བབ་དང་གཞོན་སྐྱེས་ཚོའི་ལས་དོན་གནང་ཕྱོགས་སོགས་དོན་སྙིང་ལྡན་པའི་བཀའ་སློབ་ཟབ་མོ་གནང་། དེ་ལྟར་ཕྱི་ཚེས་ ༤ ཉིན་གཞོན་ལྷན་གྱི་གསལ་བསྒྲགས་ཁང་སོགས་དང་བླངས་བའི་སྡོད་ཁང་། དང་བླངས་བའི་ལམ་འགྲོན་སོགས་ཀྱི་གླ་རིན་སོགས་རྩིས་སྤྲོད་དགོས་རིགས་ཁག་རྩིས་རྒྱག་གིས་ཕྱི་ཚེས་ ༥ ཉིན་གཞོན་ལྷན་གྱི་རྡོར་གདན་སྤྱི་ཚོགས་ཞབས་ཞུའི་གོ་སྒྲིག་ཚོགས་ཆུང་རྒྱུན་ལས་ལས་བྱེད་རྣམས་གྷ་ཡ་མེ་འཁོར་བརྒྱུད་ཕྱི་ཚེས་ ༦ ཉིན་ལྡི་ལིར་བདེ་འབྱོར་གྱིས་གཞོན་ལྷན་གྱི་རྡོར་གདན་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་རྡ་སར་རིམ་པར་བདེ་འབྱོར་བྱུང་ཡོད།

 

ཐའེ་ཝན་མང་གཙོ་ཐེབས་རྩ་ཁང་གི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་ཆེད་ཕེབས་

དེ་རིང་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢ ཉིན་གྱི་སྔ་དྲོར་ཐའེ་ཝན་མང་གཙོ་ཐེབས་རྩ་ཁང་གི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་ཆེད་ཕེབས་ཀྱིས་གཞོན་ལྷན་ཚོགས་གཙོ་གཙོས་པའི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ཐུག་འཕྲད་གནང་ཡོད་པ་མ་ཟད། སྐབས་དེར་གཞོན་ལྷན་ཚོགས་གཙོ་མཆོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོ་བོ་དང་དམིགས་ཡུལ། ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐད་གོ་བསྡུར་སྦྱང་བཤད་དང་དྲི་བ་དྲིས་ལན། གཞན་ཡང་འཆར་ལོའི་ལས་འཆར་སོགས་ཀྱི་ཐད་གོ་བསྡུར་གནང་ཡོད་པ་དང་། ཁོང་རྣམས་ནས་ཀྱང་གཞོན་ལྷན་གྱི་འཐབ་རྩོད་ཀྱི་བསམ་བློ་དང་སེམས་ཤུགས་སོགས་ལ་ཡི་རངས་བསྔགས་བརྗོད་གནང་ཡོད་པ་མ་ཟད། མ་འོངས་པར་ལས་འགུལ་མཉམ་དུ་སྤེལ་ཕྱོགས་སོགས་ཀྱི་ཐད་གོ་བསྡུར་ཞུ་རྒྱུ་བྱུང་ཡོད།

Back To Top