༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་དང་འབྲེལ་བའི་ལས་འགུལ།

༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་ཕྱི་ལོ་༡༩༨༩ཟླ་༤ཚེས་༢༥ཉིན་སྐུ་འཁྲུངས། ཕྱི་ལོ་༡༩༩༥ཟླ་༥ཚེས་༤ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོའི་ཡང་སྲིད་འཁྲུལ་བྲལ་ངེས་རྙེད་བྱུང་བའི་གསལ་བསྒྲགས་བསྐྱངས་གནང་མཛད། ཕྱི་ལོ་༡༩༩༥ཟླ་༥ཚེས་༡༧ཉིན་རྒྱ་དམར་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོར་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དང་། ཡབ་ཡུམ་བཅས་འཛིན་བཟུང་གིས་ད་ལྟ་བར་གར་སོང་ཆ་མེད་དུ་གྱུར་ནས་༸ཁོང་ཡབ་ཡུམ་དང་བཅས་པ་གང་དུ་ཡོད་མེད་དང། སྐུ་ཁམས་འཚོ་བཞུགས་ཡོད་མེད་ཀྱི་གནས་ཚུལ་སོགས་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད། ཕྱི་ལོ་ ༡༩༩༥ ཟླ་ ༡༡ ཚེས་ ༢༩ ཉིན་རྒྱ་དམར་གཞུང་གིས་ངན་བྱུས་ལག་བསྟར་གྱིས་བོད་ཕྲུག་རྒྱལ་མཚན་ནོར་བུ་ཞེས་པ་ཞིག་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་བསྐོ་བཞག་བྱས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ལོ་ ༡༩༩༧ འགན་ལྷན་ཐེངས་ ༢༨ པ་ཨོ་རི་སའི་ཕུན་ཚོགས་གླིང་གཞིས་ཆགས་སུ་སྐོང་འཚོགས་སྐབས་སུ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་ཚེས་ཀྱི་ཉིན་མོར་ལྷ་གསོལ་དང། གསར་འགོད་གསལ་བསྒྲགས། རྔམ་སྟོན་ཁྲོམ་སྐོར། རྐང་འཁོར་དང་སྦག་སྦག་སྐོར་སྐྱོད་སོགས་ཆབ་སྲིད་ཀྱི་ལས་འགུལ་དབུས་ས་གཉིས་ཕྱོགས་ནས་སྤེལ་རྒྱུ་ཞེས་གཏན་འབེབས་ལས་འགུལ་དུ་གྲོས་ཆོད་བཞག་པ་བཞིན་ལས་འགུལ་སྤེལ་མུས་དང་།

 

བོད་རྒྱལ་ལོ་༢༡༣༨ཕྱི་ལོ་༢༠༡༡ཟླ་ཚེས་༢༢ནས་༢༥བར་བསྐྱངས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༢པའི་གྲོས་གཞི་དོན་ཚན་གསུམ་པའི་ནང་གསེས་ག་པའི་གྲོས་ཆོད་དང་པོའི་དགོངས་དོན་དུ་ཕྱི་ཟླ་༥ཚེས་༡༧ཉིན་མོ་ནི་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་དམར་གཞུང་གིས་འཛིན་བཟུང་བྱས་པའི་ཉིན་མོ་ཞིག་འཁེལ་ཡོད་སྟབས་གཞོན་ལྷན་གྱིས་གཏན་འབེབས་ལས་འགུལ་ལ་སྲུང་བརྩི་ཞུ་རྒྱུར་ཐག་གཅོད་བྱུང་ཡོད་པ་ལྟར། ལོ་ལྟར་ཉིན་མོ་འདིར་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་དགོས་པ་སོགས་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན།

Back To Top