དེ་རིང་ནི་ཉིན་ཉེར་བཞི་པ་དེ་ཡིན་ཞིང་། ཞྭ་མོ་ནག་པོའི་གོམ་འགྲོད་ལས་འགུལ་གོ་སྒྲིག་ཚོགས་ཆུང་གིས་རྒྱ་གར་རྒྱལ་ཡོངས་ཆབ་སྲིད་ཚོགས་པ་ཁག་གི་ལས་ཁུངས་ཁག་ལ་འབྲེལ་མཐུད་དང་ཞུ་གཏུགས་ཀྱི་ཆེད་དུ་འཚམས་འདྲིར་ཆེད་བཅར་ཞུས། སྔ་དྲོའི་ཆུ་ཚོད་ ༡༡:༣༠ ཙམ་ལ་རྒྱ་གར་རྒྱལ་ཡོངས་ཀོང་རེས་སེ་ཚོགས་པའི་ལས་ཁུངས་སུ་ཆེད་བཅར་གྱིས་ཀོང་རེས་ཚོགས་པའི་དྲུང་ཆེ་གཞོན་པ་བགྲེས་སོང་ཨ་ཏི་ཝ་ཨན་ཊོ་ནི་མཆོག་དང་། ཚོགས་པའི་གཙོ་འཛིན་ཆེན་མོ་ཤར་མཱ་ཇི་མཆོག ལས་བྱེད་པ་མཱ་ནོ་ཇི་བཅས་དང་མཇལ་འཕྲད་ཀྱིས་གླེང་མོལ་ཞུས་ཡོད། ཕྱི་དྲོའི་ཆུ་ཚོད་ ༡༢:༣༠ ཙམ་ལ་ཇཱན་ཏཱ་དལ་ཡུ་ནའི་ཊི་ལས་ཁུངས་སུ་འཚམས་འདྲིར་བཅར་ཏེ། ནི་སར་ཇི་དང་མཇལ་མོལ་ཞུས། དེ་བཞིན་ཆུ་ཚོད་ ༢:༣༠ ཙམ་ལ་སཱ་མཱ་ཇི་ཝཱ་ཌི་པཱར་ཊི་ལས་ཁུངས་སུ་འཚམས་འདྲིར་བཅར་བ་དང་། དེ་རྗེས་རཱ་ཤི་ཊི་རི་ཡ་ལོ་ཀ་དལ་ལས་ཁུངས་སུ་ཆེད་བཅར་གྱིས་རཱ་ཤི་ཊི་རི་ཡ་ལོ་ཀ་དལ་གྱི་རྒྱལ་ཡོངས་དྲུང་ཆེ་དང་མགྲིན་ཚབ་པ་སར་མཱ་པལ་ཇི། སན་ཏོ་ཤི་ཇཱ་ཡི་སི་ཝལ་ཇི་བཅས་དང་མཇལ་མོལ་ཞུས་ཡོད། མཇལ་འཕྲད་འདི་དག་གི་སྐབས་སུ་ཆབ་སྲིད་ཚོགས་པ་བཞི་ཀའི་སྐུ་ཚབ་དང་མཇལ་འཕྲད་བྱས་ཏེ། ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་དང་དེའི་དམིགས་ཡུལ་སྐོར་གསལ་བཤད་བྱས་པ་དང་། ཚོགས་པ་རེ་རེའི་ལས་ཁུངས་སུ་ཞུ་གཏུགས་ཡི་གེ་རེ་ཡང་ཕུལ་ཡོད། ལྷག་པར་དུ་རྒྱ་གར་རྒྱལ་ཡོངས་ཀོང་རེས་སེ་ཚོགས་པས་བོད་དང་བོད་མིར་རྒྱབ་སྐྱོར་མུ་མཐུད་ཤུགས་ཆེན་པོ་ཡོད་པ་བསྐྱར་ནན་གནང་སོང་བ་བཅས་དེ་རིང་རྒྱ་གར་གྱི་ཆབ་སྲིད་འབྲེལ་མཐུད་པ་དང་ལས་ཁུངས་ཁག་ལ་ཆེད་བཅར་གྱིས་གནད་ཡོད་མི་སྣ་མཇལ་འཕྲད་ཀྱི་ལས་རིམ་གང་ལེགས་བྱུང་ནས་མཇུག་བསྒྲིལ་བ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་སྐུ་ངོ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

