གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དྷེར་དྷུན་སྨིན་གྲོལ་གླིང་དགོན་དུ་རྒྱལ་གཅེས་རྒྱ་རི་ཚང་རྡོ་རྗེ་གཡུ་སྒྲོན་ལགས་ཀྱི་སྐུ་གདུང་ཞུགས་འབུལ་ལ་ཆེད་བཅར།

ཕྱི་ཚེས་ ༢༩ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དྷེ་ར་དྷུན་ཀེལ་མན་ཀྲོན་སྨིན་གྲོལ་གླིང་དགོན་དུ་རྒྱལ་གཅེས་རྒྱ་རི་ཚང་རྡོ་རྗེ་གཡུ་སྒྲོན་ལགས་ཀྱི་སྐུ་གདུང་ཞུགས་འབུལ་ལ་ཆེད་བཅར་གྱིས་སྤྱི་དོན་ལྷམ་བསམ་ཅན་གྱི་འདས་པོ་ཁོང་སླར་ཡང་བོད་མི་རིགས་རྒྱལ་གཅེས་ལྷག་བསམ་ཅན་ཞིག་ཏུ་འཁྲུངས་པའི་སྨོན་འདུན་དང། དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་དབུས་ཤུལ་ལུས་ནང་མི་སྤུན་མཆེད་དང་དགའ་ཉེ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུས། སྐབས་དེར་ཉེ་འཁོར་ས་གནས་གཞོན་ལྷན་ཁག་གི་ཚོགས་གཙོ་རྒྱུན་ལས་རྣམས་ཀྱང་མཉམ་བཞུགས་ཞུས་ཡོད།

ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་དང་མཇལ་འཕྲད།

དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་གཞོན་ལྷན་སྤྱི་ཁྱབ་ཟུང་དྲུང་ཚེ་རིང་ཆོས་འཕེལ་ལགས་དང་གཞོན་ལྷན་དྲིལ་བསྒྲགས་འགན་འཛིན་བསྟན་འཛིན་ལྷ་མོ་ལགས་རྣམ་གཉིས་ནས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བཞིའི་སྐུ་ཚབ་ལྷན་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་དང་མཇལ་འཕྲད་ཀྱིས་གཞོན་ལྷན་གྱི་ལས་དོན་བྱེད་ཕྱོགས་དང་བོད་ནང་གི་ཛ་དྲག་གནང་སྟངས་གཙོའི་གནད་དོན་ཁག་གཅིག་གི་ཐད་བསམ་ཚུལ་གོ་བསྡུར་སྦྱང་བཤད་ཞུ་རྒྱུ་བྱུང་ཡོད།

གཞོན་ལྷན་སྤྱི་ཁྱབ་ཡིག་ཚང་དུ་ཉི་ཧོང་གི་རྒྱལ་ཡོངས་གསར་འགྱུར་བརྒྱུད་ལམ་གྲགས་ཅན་(NHK Media Group) གྱི་རྩོམ་སྒྲིག་པ་དང་གསར་འགོད་པ་གཞན་གཉིས་ཆེད་ཕེབས་པ།

དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༢༧ ཉིན་རྒྱབ་གཞོན་ལྷན་སྤྱི་ཁྱབ་ཡིག་ཚང་དུ་ཉི་ཧོང་གི་རྒྱལ་ཡོངས་གསར་འགྱུར་བརྒྱུད་ལམ་གྲགས་ཅན་ (NHK Media Group) གྱི་རྩོམ་སྒྲིག་པ་དང་གསར་འགོད་པ་གཞན་གཉིས་ཆེད་ཕེབས་ཀྱིས་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་མཆོག་དང་གཞོན་ལྷན་དྲིལ་བསྒྲགས་འགན་འཛིན་བསྟན་འཛིན་ལྷ་མོ་ལགས་རྣམ་གཉིས་ལ་བཅར་འདྲི་དང་བོད་དོན་འཐབ་རྩོད་ཀྱི་ཐད་གོ་བསྡུར་སྦྱང་བཤད་བྱུང་ཡོད།

ལ་དྭགས་ཀྱི་ཚོགས་པ་ཆེ་ཁག་གི་སྐུ་ཚབ་ཁག་ཅིག་གཞོན་ལྷན་ཡིག་ཚང་དུ་གདན་ཞུས་ཀྱིས་ད་བར་བོད་དོན་འཐབ་རྩོད་ཐད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཞལ་ལག་སྟབས་བདེ་ཞིག་འབུལ་ལམ་ཞུས་ནས་སླད་མ་འོངས་པར་ཡང་བོད་དོན་ཐད་རྒྱབ་སྐྱོར་རོགས་རམ་སྔར་ལྷག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས།

 

དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༢༦ ཉིན་གྱི་སྔ་དྲོར་ལ་དྭགས་དགོན་ཚོགས་ཀྱི་ཚོགས་གཙོ་རྒན་དབང་འདུས་མཆོག་དང་ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རིག་འཛིན་མཆོག། ལ་དྭགས་ཨ་མ་ཚོགས་པའི་ཚོགས་གཙོ་དབྱངས་ཅན་མཆོག་དབུས་སྐུ་ཚབ་གཞན་གཉིས་བཅས་གཞོན་ལྷན་ཡིག་ཚང་དུ་གདན་ཞུས་དང་། ཞལ་ལག་འདེགས་འབུལ་སོགས་ཞུས་གནང་གིས་ལ་དྭགས་ཀྱི་འཛིན་སྐྱོང་འབྲེལ་ཡོད་ཡོངས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེད་ཀྱིས་བོད་མིར་རྒྱབ་སྐྱོར་རོགས་རམ་གང་ལེགས་གནང་བར་བཀའ་དྲིན་ཆེ་ཞུས་ཡོད་པ་མ་ཟད། མ་འོངས་པར་ཡང་བོད་ཀྱི་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་གཙོས་བོད་དོན་དྲིལ་བསྒྲགས་ཀྱི་ལས་དོན་ལ་སྔར་ལྷག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཡང་ཞུ་རྒྱུ་བྱུང་ཡོད།

རྡ་རམ་ས་ལར་ཨ་རིའི་གཞུང་འཚབ་དང་མཇལ་འཕྲད།

 

ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༢༦ ཉིན་རྒྱབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་མཆོག་དང་གཞོན་ལྷན་གྱི་ལས་བྱེད་དྲྭ་རྒྱའི་དོ་དམ་པ་བསྟན་འཛིན་བློ་བཟང་རྣམ་གཉིས་ནས་གཞུང་འབྲེལ་མིན་པའི་ཚོགས་པ་གཞན་ཁག་ཅིག་དང་ལྷན་ཨ་རིའི་གཞུང་འཚབ་མི་སྣ་སྐུ་ཞབས་ཝི་ལིམ་ཨོ་ཁོན་ནར་མཆོག་དང་སྐུ་ཞབས་རོ་བྷིན་རྣམ་གཉིས་གནང་ཡོད། སྐབས་དེར་གཞོན་ལྷན་སྒྲིག་འཛུགས་དང་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་ངོ་སྤྲོད་གོ་བསྡུར་དང་། དེ་མིན་ཨ་རིའི་གཞུང་ནས་ད་བར་བོད་ཀྱི་བདེན་དོན་འཐབ་རྩོད་ཐད་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པར་བཀའ་དྲིན་ཆེ་ཡང་ཞུ་རྒྱུ་བྱུང་ཡོད།

འཇར་མན་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཀལ་བྷ་རང་ཌི་ (Michael Brand) མཆོག་གིས་གཙོས་སུད་སི་སྐུ་ཚབ་དོན་གཅོད་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཐུག་འཕྲད་བྱུང་།

ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༨ ཉིན་རྒྱབ་ཆུ་ཚོད་ ༤།༣༠ ཐོག་འཇར་མན་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་མེ་ཀལ་བྷ་རང་ཌི་ (Michael Brand) མཆོག་གཙོས་འཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་ཁུར་བ་སྐུ་ཞབས་ཀྰ ཨེ་མུ་ལར་ (Kai Muller) མཆོག ལས་བྱེད་མེ་ཀལ་ (Micheal Gutsche) ལགས། དེ་བཞིན་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་བཅས་གཞོན་ལྷན་ཡིག་ཚང་དུ་ཆེད་ཕེབས་ཀྱིས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བཞིའི་སྐུ་ཚབ་དང་ཐུགས་འཕྲད་དང་། སྐབས་དེར་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ནས་གཞོན་ལྷན་གྱི་ངོ་བོ་དང་དམིགས་ཡུལ། དེ་བཞིན་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་ངོ་སྤྲོད་དང་ད་ལྟའི་སྐབས་བབ་བོད་ནང་གི་ཛ་དྲག་གནད་སྟངས་སོགས་ཀྱི་ཐད་གོ་བསྡུར་གང་ལེགས་བྱུང་ཡོད།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༠༢ ཚེས་ ༢༢ ནས་ཚེས་༢༥ ཉིན་གྲངས་གསུམ་རིང་སྦེལ་ཇམ་དུ་རང་གཞུང་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་མཆོག་མཉམ་ཞུགས་གནང་ཡོད། ཚོགས་འདུར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་དབུས་རྒྱལ་ཁབ་ ༤༢ ནས་ཚོགས་བཅར་བ་ ༡༧༠ ལྷག་མཉམ་ཞུགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གོ་བསྡུར་སྦྱང་བཤད་དང་། རྒྱལ་སྤྱིའི་ནང་བོད་དོན་ལས་འགུལ་སྔར་ལྷག་རྒྱ་ཆེ་བ་སྤེལ་ཕྱོགས་ཐད་གོ་བསྡུར་ཐག་གཅོད་བྱུང་ཡོད།

དགའ་སྤྲོའི་གླིང་ཁ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡༢ ཉིན་སྔར་ལོ་བཞིན་བཞུགས་སྒར་དུ་གནས་བཞུགས་ཆོལ་གསུལ་བོད་རིགས་སྤུན་ཟླ་རྣམས་ལོ་གསར་གྱི་དགའ་སྤྲོར་མཉམ་རོལ་ཡོང་ཆེད།

བོད་ཀྱི་ཟློས་གར་ཐང་སྟེང་དུ་དགའ་སྤྲོའི་གླིང་ཁ་ཐེངས་གཉིས་པ་གོ་སྒྲིག་ཞུས་ཡོད། དེ་ཡང་ལོ་གསར་ཚེས་གཉིས་ཀྱི་ཉིན་རྒྱབ་གཞོན་ལྷན་རྒྱུན་ལས་དང་ལས་བྱེད་སོགས་མཉམ་འཛོམས་ཀྱིས་བོད་ཀྱི་ཟློས་གར་ཐང་སྟེང་གཙང་བཟོ་དང་། ལོ་གསར་གྱི་རྣམ་པ་མཚོན་ཆེད་ཕྱོགས་བཞིར་དར་མཚོན་སྣ་ལྔ་ལས་གྲུབ་པའི་འཕྲེད་དར་དང་རྒྱལ་དར། ཚོགས་དར་སོགས་སྒྲེང་འཛུགས་ཀྱིས་གྲྭ་སྒྲིག་བྱས་མཚམས་ལོ་གསར་ཚེས་གསུམ་ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༡༡ ཐོག་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་ཤན་ཀ་པུར་མཆོག་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་གཙོས་ས་གནས་ཀྱི་གནད་ཡོད་ཁག་ཅིག་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ། བཞུགས་སྒར་རྡ་སའི་ས་གནས་གཞིས་འགོ་བཅས་གདན་ཞུས་ཀྱིས་ཐོག་མར་བསང་གསོལ་མཛད་སྒོ་དང་དེའི་རྗེས་མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་མཆོག་ནས་ཆོལ་གསུམ་བོད་རིགས་མང་ཚོགས་རྣམས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་ཡོད་པ་མ་ཟད། ལོ་གསར་གྱི་དུས་སྟོན་འདི་བཞིན་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་སོགས་ཀྱི་ཐད་གཏམ་བཤད་གནང་ཡོད། དེའི་རྗེས་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་ཤན་ཀ་པུར་མཆོག་ནས་ལོ་གསར་གྱི་འཚམས་འདྲི་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་ཡོད་པ་མ་ཟད་བོད་ཀྱི་ལོ་གསར་སྐབས་བོད་པ་ཚོ་དང་མཉམ་དུ་ལྷན་འཛོམས་ཀྱིས་ལོ་གསར་གྱི་དགའ་སྤྲོར་རོལ་རྒྱུའི་གོ་སྐབས་སྐྲུན་པར་གཞོན་ལྷན་ལ་ཐུགས་རྗེ་ཆེ་ཡང་ཞུས་གནང་ཡོད། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨར་ཇིཌ་ནེ་རི་ཡ་མཆོག་ནས་ཀྱང་གཏམ་བཤད་གནང་ཏེ་གཞིས་བྱེས་བོད་འབངས་ཡོངས་ལ་འཚམས་འདྲི་དང་བོད་རིགས་ཚོས་སོ་སོའི་ཡུལ་སྲོལ་གོམས་གཤིས་བཟང་པོ་རྣམས་རྒྱུན་འཛིན་གྱིས་ལོ་གསར་གཙོས་དུས་སྟོན་ཁག་སྲུང་བརྩི་ཞུ་བཞིན་ཡོད་པ་དེ་ནི་དགྲ་བོ་རྒྱ་དམར་ལ་འགོག་རྒོལ་གྱི་ཐབས་ལམ་གཅིག་ཡིན་པ་མ་ཟད། ལོ་གསར་གྱི་དུས་སྟོན་སྐབས་ཚང་མ་མཉམ་འཛོམས་ཀྱི་མཐུན་རྐྱེན་སྦྱར་བར་གཞོན་ལྷན་ཚོགས་གཙོ་གཙོས་རྒྱུན་ལས་ལས་བྱེད་ཡོངས་ལ་ཡང་ཡིད་རངས་བསྔགས་བརྗོད་ཞུས་གནང་ཡོད། གཏམ་བཤད་གྲུབ་མཚམས་རྡ་ས་གངས་ལྗོངས་བྲོ་ར་ཁྲ་མོ་དང་སྤྲོ་སྐྱིད་ཞབས་བྲོ་གླིང་གི་ཞབས་བྲོ་བ་རྣམས་ནས་སྒོར་གཞས་གཟིགས་འབུལ་དང་། དེ་མིན་གཞས་པ་གཞས་མ་ཁག་ཅིག་ནས་ཀྱང་རྐྱང་གཞས་སྙན་འབུལ་ཞུས་ཏེ་ལོ་གསར་གྱི་སྔ་དྲོའི་མཛད་རིམ་ལེགས་གྲུབ་བྱུང་ཡོད། མཛད་རིམ་གྲུབ་མཚམས་སྐུ་མགྲོན་གཙོས་ཚང་འཛོམས་གནང་བའི་ཆོལ་གསུམ་བོད་རིགས་ཡོངས་ལ་ཉིན་གུང་ཞལ་ལག་རིན་མེད་གདེགས་འབུལ་དང་། ཉིན་རྒྱབ་རྩེད་མོ་དང་ཞབས་བྲོ་སོགས་གོ་སྒྲིག་གནང་སྐབས། བཞུགས་སྒར་ཁུལ་གྱི་བོད་རིགས་ཕོ་མོ་རྒན་གཞོན་བར་གསུམ་ནས་མཉམ་རོལ་དང་སྒོར་གཞས་སོགས་ལ་མཉམ་ཞུགས་ཀྱིས་དགའ་སྤྲོའི་གླིང་ཁ་ཐེངས་ ༢ པ་དེ་བཞིན་དགའ་སྤྲོའི་ངང་མཇུག་སྒྲིལ་ཐུབ་པ་བྱུང་ཡོད་པ་མ་ཟད། གཞོན་ལྷན་ནས་ལོ་གསར་སྐབས་བཞུགས་སྒར་ཁུལ་དུ་བོད་མི་མཉམ་འཛོམས་ཀྱི་འཁོར་ཡུག་སྐྲུན་པར་རྒན་གཞོན་བར་གསུམ་ནས་དགའ་གུས་ཡིད་རངས་ཀྱིས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་མཁན་མི་ཉུང་བ་ཞིག་བྱུང་ཡོད།

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པའི་ལས་བསྡོམས་སྙིང་བསྡུས།

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པའི་ལས་བསྡོམས་སྙིང་བསྡུས།

བོད་རྒྱལ་ལོ་ ༢༡༥༡ རབ་གནས་ཤིང་འབྲུག་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པ་ཡིན་ཞིང་། གཞུང་འབྲེལ་གྱི་མཛད་སྒོ་དེ་བཞིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཞོགས་པའི་ཕྱག་ཚོད་བཅུ་པར་དབུ་འཛུགས་ཀྱིས་ཕྱག་ཚོད་བཅུ་གཉིས་ཙམ་ལ་གཞུང་འབྲེལ་མཛད་སྒོ་ལེགས་པར་གྲུབ། དེ་རྗེས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བཞི་སྟེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ནས་གོ་སྒྲིག་འགན་འཁུར་ཐོག་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གྱི་མི་མང་སྣེ་ཁྲིད་ཀྱིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ནས་གཞུང་ལམ་བརྒྱུད་རྡ་ཤོད་ཀ་ཅ་རི་བར་ངོ་རྒོལ་སྐད་འབོད་གནང་ཡོད་པ་དང་། ཐེངས་འདིའི་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་ནང་བཞུགས་སྒར་ཁུལ་གྱི་དགོན་སྡེ་གྲྭ་ཚང་དང་། སློབ་གྲྭ་ཁག་བཅས་མཁྱོན་མི་མང་སྟོང་ཕྲག་ལྷག་མཉམ་ཞུགས་གནང་ཡོད། རྡ་ཤོད་ཀ་ཅཱ་རིར་འབྱོར་མཚམས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གཙོ་སྐྱོང་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་གཏམ་བཤད་གནང་ཡོད་པ་དང་། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ནས་ལས་འགུལ་གོ་སྒྲིག་པ་ཚོགས་པ་ཆེ་ཁག་བཞིའི་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པའི་བསྒྲགས་གཏམ་སྒྲོག་སྦྱང་གནང་། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་ནས་ཚོགས་པ་ཆེ་ཁག་བཞིའི་གསུམ་བཅུའི་དུས་དྲན་གྱི་དབྱིན་ཡིག་བསྒྲགས་གཏམ་སྒྲོག་སྦྱང་ཞུས་པ་དང་འབྲེལ་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པ་ལེགས་གྲུབ་ཀྱིས་མཇུག་བསྡོམས་ལེགས་གྲུབ་བྱུང་ཡོད།

གཞན་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གོ་སྒྲིག་དང་། རོ་ཧི་ནི་ས་གནས་གཞོན་ནུ། ལྡི་ལི་བསམ་ཡས་གླིང་ས་གནས་གཞོན་ནུ། ཅན་དྷི་གྷར་ས་གནས་གཞོན་ལྷན་གཙོས་བོད་རང་བཙན་སློབ་ཕྲུག་ཚོགས་པ། ལྡི་ལི་ས་གནས་བུད་མེད་ལྷན་ཚོགས། འཕགས་བོད་འབྲེལ་མཐུད་ཚོགས་པ། རྒྱ་གར་བོད་དོན་འབྲེལ་མཐུད་ཁང་བཅས་ནས་མཉམ་རུབ་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པ་སྲུང་བརྩི་ཞུས་ཏེ། ཇན་པཊ་ནས་ཇན་ཏར་མན་ཏར་བར་ངོ་རྒོལ་སྐད་འབོད་ཀྱི་གོམ་བགྲོད་ལས་འགུལ་སྤེལ་ཡོད་པ་མ་ཟད། སྐབས་དེར་ལས་འགུལ་བ་ཡོངས་ནས་ད་ལྟའི་ཆར་ཁམས་སྡེ་དགེ་གཙོས་བོད་ནང་གི་ཛ་དྲག་གནས་ཚུལ་དང་བོད་མིའི་མངོན་འདོད་མཚོན་པའི་འབོད་ཚིག་སོགས་བསྒྲགས་ཡོད་པ་མ་ཟད། དེ་རྗེས་ལས་འགུལ་བ་རྣམས་ལྡི་ལི་ཇན་ཏར་མན་ཏར་རུ་མཉམ་འཛོམས་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་སྒྲིག་འཛུགས་འགན་འཛིན་ཡེ་ཤེས་ཆོས་འཕེལ་ལགས་ནས་བོད་མིའི་རང་དབང་སྒེར་ལངས་ཀྱི་བྱུང་རིམ་དང་གལ་གནད། དེ་བཞིན་སྐབས་བབ་ཀྱི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐད་གཏམ་བཤད་དང་། དེའི་རྗེས་བོད་དོན་རྒྱབ་སྐྱོར་བ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གྲོགས་པོ་ཝི་ཇེ་ཀརན་ཏི་མཆོག་དང་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཨ་ནན། འཕགས་བོད་འབྲེལ་མཐུད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་པན་ཀཇ་གྷོ་ཡལ་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཅྰཡ་ཡེ་ཤེས་ཕུན་ཚོགས་བཅས་ནས་གཏམ་བཤད་སོགས་སྤེལ་ཏེ་ལྡི་ལིའི་ཉིན་དང་པོའི་ལས་འགུལ་དེ་བཞིན་ལེགས་གྲུབ་བྱུང་ཡོད།

ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༡ ཉིན་གྱི་སྔ་དྲོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་བཞི་བཅུ་ཙམ་ནས་དེ་ཉིན་སྔ་དྲོ་དགྲ་བོ་རྒྱ་དམར་གྱི་གཞུང་ཚབ་མདུན་ཐང་དུ་ངོ་རྒོལ་སྐད་འབོད་ཀྱིས་མཐར་རྒྱ་གར་གྱི་ཉེན་རྟོགས་པས་ལས་འགུལ་བ་རྣམས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། དེ་ཉིན་ཕྱི་དྲོར་གློད་བཀྲོལ་བྱུང་མཚམས་ལས་འགུལ་བ་རྣམས་ལ་བོད་སྒར་བསམ་ཡས་གླིང་ས་གནས་གཞོན་ལྷན་གཙོས་ཚོགས་སྡེ་ཁག་ནས་ཐུགས་རྗེ་ཆེ་ཞུའི་མཇལ་དར་སྒྲོན་འབུལ་གནང་ཡོད་པ་མ་ཟད། སྐབས་དེར་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་མཆོག་ནས་ལས་འགུལ་བ་དང་བླངས་རྣམས་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་མ་ཟད། ལས་འགུལ་འདིའི་རིགས་ཀྱི་གཞིས་ལུས་བོད་མི་ཚོར་བརྡ་ལན་དང་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་དོན་དྲིལ་བསྒྲགས་ལ་ཕན་ནུས་རྒྱ་ཆེ་ཡོང་ཀྱིན་ཡོད་པ་སོགས་ཀྱི་ཐད་གཏམ་བཤད་སྤེལ་གནང་ཏེ་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པ་དང་འབྲེལ་བའི་ལས་འགུལ་གྱི་ལས་རིམ་མཇུག་སྒྲིལ་གནང་ཡོད།

 

 

 

 

ཨོ་སི་ཊོ་ལི་ཡི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་དང་ཐུག་འཕྲད་

ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༠ ཉིན་གྱི་དགོང་དྲོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་བཀྲིས་རྟགས་རྒྱས་ལགས་དང་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་རྣམ་གཉིས་ནས་ཨོ་སི་ཊོ་ལི་ཡི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་དང་ཐུག་འཕྲད་ཀྱིས་གཞོན་ལྷན་གྱི་ངོ་བོ་དང་དམིགས་ཡུལ། ལས་འགུལ་སྤེལ་ཕྱོགས་གཙོས་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐད་ངོ་སྤྲོད་དང་ཕན་ཚུན་གོ་བསྡུར་སྦྱང་བཤད་ལྷུག་པོ་ཞུ་རྒྱུ་བྱུང་ཡོད།

Back To Top