གསུམ་བཅུའི་དུས་དྲན་སྲུང་བརྩིའི་ངོ་རྒོལ་ལས་འགུལ།

༄༅། །གསུམ་བཅུའི་དུས་དྲན་ཐེངས་  ༦༣ པའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་ཡོངས་ཁྱབ་གསུང་འཕྲིན།

 

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐབས་བཅུ་བདུན་པའི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་གཞོན་ལྷན་དབུས་སའི་རྒྱུན་ལས་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ་གཞིས་བྱེས་བོད་མི་ཡོངས་ལ་མཛའ་བརྩེའི་འཚམས་འདྲི་ཞུ་བ་དང་སྦྲགས། རྒྱ་དམར་སྲིད་གཞུང་གིས་བོད་དུ་དྲག་པོའི་བཙན་འཛུལ་བྱས་པ་ནས་བཟུང་ད་བར་བོད་མི་དམར་གསོད་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ལྷག་བསམ་དང་སྙིང་སྟོབས། བློས་གཏོང་བཅས་ལ་བཀའ་དྲིན་རྗེས་དྲན་དང་། མྱ་ངན་གུས་བཏུད་ཞུ་རྒྱུ་མ་ཟད། བོད་ནང་ད་བར་རྒྱ་གཞུང་གི་དམ་དྲག་སྲིད་བྱུས་འོག་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།

དེ་རིང་ནི་བོད་རྒྱལ་ཁབ་དང་མི་རིགས་ལ་མཚོན་ན་ནམ་ཡང་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཆགས་ཡོད། རྒྱ་ནག་དམར་པོའི་སྲིད་གཞུང་གིས་ངོ་ཚ་ཁྲེལ་མེད་ཀྱིས་ཕྱི་ལོ་ ༡༩༤༩ ཙམ་ནས་རང་གི་ཁྱིམ་མཚེས་རྒྱལ་ཁབ་བོད་དུ་དྲག་པོའི་བཙན་འཛུལ་བྱེད་འགོ་བརྩམས་ནས་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཁྱོན་ཡོངས་ལ་དྲག་པོའི་དམག་གིས་བཙན་བཟུང་བྱས་པ་མ་ཟད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱི་སྐུ་ཕྱྭར་ལའང་ལྐོག་གཡོ་ངན་བྱུས་ཀྱིས་མཐོ་བརྩམས་པར་བརྟེན་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་ཆོལ་གསུམ་བོད་མི་སྟོང་ཕྲག་མང་པོས་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་༸རྒྱལ་བའི་སྐུ་ཕྱྭའི་སླད་ནོར་གླིང་ཕོ་བྲང་མཐའ་སྐོར་དུ་འདུ་འཛོམས་ཐོག་རྒྱ་དམག་འགོག་སྲུང་དང་། དེ་བཞིན་ “༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག” ཅེས་པའི་འབོད་སྒྲའི་འོག་འཚེ་མེད་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱིས་བོད་མིའི་རང་དབང་སྒེར་ལངས་ཐོག་མ་དེ་བྱུང་ཡོད། དེ་སྐབས་རྒྱ་དམར་སྲིད་གཞུང་གིས་གདུག་རྩུབ་ཆེ་བའི་དྲག་གནོན་བྱས་ཏེ་བོད་མི་སྟོང་ཕྲག་མང་པོ་སྡེབ་གསོད་བཏང་བའི་བརྗེད་དུ་མི་རུང་བའི་ཉིན་མོ་ཞིག་ཀྱང་ཆགས་ཡོད། དུས་དེ་ནས་བཟུང་རྒྱ་གཞུང་གིས་བོད་མི་རྣམས་གང་བྱུང་ཉེས་མེད་འཛིན་བཟུང་བཙོན་འཇུག་དང་། སྡུག་སྦྱོང་མནར་གཅོད་ཀྱིས་བོད་མི་ས་ཡ་རྒལ་བ་དམར་གསོད་བཏང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ནང་རྒྱ་གཞུང་གི་དམ་དྲག་སྲིད་བྱུས་ཇེ་སྡུག་ཇེ་ཞན་དུ་བཏང་བར་བརྟེན་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་བོད་རྒྱལ་ཁབ་དང་མི་རིགས། རིག་གཞུང་དང་བཅས་པའི་སླད་གཞིས་བྱེས་བོད་མི་རྒན་གཞོན་གྲངས་ ༡༦༧ ཙམ་གྱིས་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་འཚེ་མེད་ཞི་བའི་ལམ་ནས་རང་ལུས་མེར་སྲེག་གནང་དགོས་བྱུང་ཡོད་པ་དང་། ། འདི་ལོ་ཡང་རང་ལོ་ ༢༥ ལ་སོན་པའི་གླུ་གཞས་སྒྱུ་རྩལ་བ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་སྐུ་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་ཡོད་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད།

ཉེ་བའི་ཆར་ཡང་རྒྱ་གཞུང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་མ་ཚུགས་པའི་ཡར་སྔོན་དུ་བོད་ནང་སྲིད་བྱུས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། བོད་ཀྱི་ས་ཁུལ་ཁག་དང་ལམ་ཟུར་རྩིགས་གྱང་གང་གསར་དམར་ཤོག་རིང་ལུགས་ཀྱི་ལྟ་བ་རྒྱུད་སྤེལ་གྱིས་སྦྱར་ཡིག་གང་སར་བཙན་གྱིས་འགྲེམས་སྦྱར་བྱས་ཡོད་པ་མ་ཟད། གྲོང་དང་གྲོོང་ཁྱེར་གྱི་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་ཡོད་ཚད་ནང་རྒྱ་དམར་སྲིད་གཞུང་འགོ་ཁྲིད་ཞི་ཅིན་ཕིང་སོགས་ཀྱི་འདྲ་པར་བཙན་གྱིས་སྒྲིག་གཤོམ་བྱེད་དུ་བཅུགས་པ་སོགས་བོད་མིའི་སེམས་ཁམས་ལ་གནོན་ཤུགས་དང་སྲུན་རྩེར་གྱིས་རྨ་ཁ་ཆེན་པོ་བཟོས་པ། བོད་ནང་གི་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོར་མི་ལོ་བཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་པ་སོགས་ཉེས་མེད་གང་བྱུང་བོད་མི་འཛིན་བཟུང་བཀག་ཉར་བྱེད་པ། ཁམས་བྲག་མགོ་ཁུལ་གྱི་སྟོན་པའི་སྐུ་གཉེན་དང་། གུ་རུའི་སྐུ་གཉེན་སོགས་གཏོར་བཤིག་བཏང་བ། སློབ་གྲྭ་སྒོ་རྒྱག་ཏུ་འཇུག་པ། ཞིང་འབྲོག་གནས་སྤོས་གཏོང་བ། ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་བཀག་འགོག་བྱེད་པ། བོད་མིའི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་བཙན་འཕྲོོག་བྱེད་པ། བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་ཚོད་འཛིན་བཀག་སྐྱིལ་བྱེད་པ། ལྷག་པར་བོད་བརྒྱུད་ནང་བསྟན་དེ་ཡང་ཀྲུང་གོའི་ཁྱད་ཆོས་ཅན་དུ་སྒྱུར་གང་ཐུབ་བྱེད་པ་སོགས་བོད་ཀྱི་སྐད་དང་ཡེ་གེ ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་བཅས་བོད་མིའི་ངོ་བོ་མཚོན་བྱེད་ཡོད་ཚད་རྩ་མེད་དང་རྩ་གཏོར་བཏང་དང་གཏོང་མུས་གདུག་རྩུབ་ཆེ་བའི་སྲིད་བྱུས་ངན་པ་ལག་བསྟར་གྱིས་རིག་གནས་གསར་བརྗེ་གཉིས་པ་ཞིག་བོད་ནང་སྐྱར་དུ་ལག་བསྟར་གྱིས་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད།

ལྷག་པར་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ངོས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་བདེ་སྡུག འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་དང་རང་དབང་སོགས་ལ་འགན་འཁུར་དགོངས་བཞེས་མ་གནང་བར་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གོ་སྐབས་དེ་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་ཁྲིམས་ལ་བརྩིས་མེད་རྡོག་རོལ་གྱིས་བོད་དང་ཤིན་ཅང་སོགས་ལ་དབང་སྒྱུར་བཙན་མནོན་དང་། སྡུག་སྦྱོང་མནར་གཅོད་ཚད་མེད་གཏོང་མཁན་གྱི་རྒྱ་དམར་སྲིད་གཞུང་ལ་ཚུགས་རྒྱུའི་གོ་སྐབས་སྤྲད་པ་དེ་ནི་ནོར་འཁྲུལ་ཅན་གྱི་ཐག་གཅོད་ཅིག་ཡིན་པ་དང་། རྒྱ་དམར་སྲིད་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་དང་བཟང་སྤྱོད་ཀྱི་ཆ་ནས་དེ་ལྟ་བུ་རྩེད་འགྲན་ཚོགས་རྒྱུའི་འོས་བབ་མེད་ཅེས་རང་རེའི་གཞུང་སྒེར་ཚོགས་སྡེ་ཁག་ནས་ཞུ་སྙན་འབུལ་གཏུགས་དང་། ངོ་རྒོལ་སྐྱོན་བརྗོད་ཀྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་ཡོད་པ་སོགས་ལ་བརྟེན་འདི་ལོར་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་ཞི་བདེ་དང་རང་དབང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བཅས་པར་བརྩི་མཐོང་ཆེ་བའི་རྒྱལ་ཁབ་མང་པོས་གཞུང་འབྲེལ་སྐུ་ཚབ་མངགས་གཏོང་གནང་མེད་པ་དང་། རྒྱ་གཞུང་ནས་ཀྱང་རྒྱལ་སྤྱིའི་གསར་ཁང་དང་གསར་འགོད་པ་ཁག་ལ་བཀག་འགོག་དང་རང་དབང་མ་སྤྲད་པའི་ཁར་རྒྱལ་སྤྱིའི་རྩེ་འགྲན་པ་རྣམས་ལ་སྡིག་ར་དང་བཅས་དོ་དམ་སྟངས་འཛིན་དང་། ཟུར་བཀག་སྡོད་གནས་སོགས་ཀྱི་མཐུན་རྐྱེན་ཡག་པོ་སྦྱར་ཐུབ་མེད་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདོད་བློ་མ་ཁེངས་པ་སོགས་ལ་བརྟེན་རྒྱ་གཞུང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བརྙན་འཕྲིན་ལྟ་མཁན་ཉུང་བ་སོགས་ཀྱི་རྒྱ་དམར་སྲིད་གཞུང་གི་གདོང་རིས་ངོ་མ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་སྟོན་དགོས་བྱུང་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དམ་དྲག་སྲིད་བྱུས་དང་བོད་མིར་སྡུག་སྦྱོང་མནར་གཅོད་ལོ་རེ་ནས་ལོ་རེར་ཇེ་སྡུག་ཇེ་ཞན་དུ་གཏོང་བཞིན་པར་ངོ་རྒོལ་སྐྱོན་བརྗོད་མཐའ་གཅིག་ཏུ་བྱེད་རྒྱུ་མ་ཟད། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་གྱི་བར་དེ་སྲིད་དུ་རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་དང་བོད་དོན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད། ཕྱོགས་ཡོངས་ནས་རྡོག་རྩ་གཅིག་སྒྲིལ་གྱིས་བོད་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་དེ་བཞིན་སྒོ་གང་ས་ནས་སྔར་ལས་གཞི་རྒྱ་ཆེ་བ་དང་གཏིང་ཟབ་ཏུ་གཏོང་རྒྱུའི་འཆར་གཞི་དང་ཆོད་སེམས་བརྟན་པོ་ཡིན་ཞེས་ནན་བརྗོད་བྱེད་རྒྱུ་དང་བཅས། །

 

བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས།

བོད་རྒྱལ་ལོ་ ༢༡༤༩ ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༠ ཉིན།

གསུམ་བཅུའི་དུས་དྲན་སྲུང་བརྩིའི་ངོ་རྒོལ་ལས་འགུལ།

ཕྱི་ལོ་ ༡༩༥༩ ལོར་བོད་ས་ཁྱོན་ཡོངས་ལ་དྲག་པོའི་དམག་གིས་བཙན་བཟུང་བྱས་པ་མ་ཟད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་ལའང་ལྐོག་གཡོ་ངན་བྱུས་ཀྱིས་མཐོ་བརྩམས་པར་བརྟེན་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་ཆོལ་གསུམ་བོད་མི་སྟོང་ཕྲག་མང་པོས་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་༸རྒྱལ་བའི་སྐུ་ཕྱྭ་སྲུང་སྐྱོབ་སླད་ནོར་གླིང་ཕོ་བྲང་མཐའ་སྐོར་དུ་འདུ་འཛོམས་ཐོག་རྒྱ་དམག་འགོག་སྲུང་དང་། དེ་བཞིན་ “༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག” ཅེས་པའི་འབོད་སྒྲའི་འོག་འཚེ་མེད་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱིས་བོད་མིའི་རང་དབང་སྒེར་ལངས་ཐོག་མ་དེ་བྱུང་སྟེ་ད་བར་ལོ་ངོ་ཧྲིལ་པོ་ ༦༣ འཁོར་བའི་དུས་དྲན་སྲུང་བརྩི་དང་། དགྲ་བོ་རྒྱ་དམར་སྲིད་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་སྐྱོན་བརྗོད་ཀྱིས་གཞོན་ལྷན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་དེ་ཉིན་ཕྱི་ལོ་ ༢༠༢༢ ཟླ་ ༣ པའི་ཚེས་ ༡༠ ཉིན་ཏེ་གསུམ་བཅུའི་དུས་དྲན་ཐེངས་ ༦༣ པའི་བསྒྲགས་གཏམ་ཤོག་ངོས་གསུམ་ཅན་ཞིག་བོད་དབྱིན་གཉིས་ཐོག་ནས་སྤེལ་ཡོད་པ་མ་ཟད། བཞུགས་སྒར་དྷ་ས་དང་ལྡི་ལི། བྷེང་ལོར་བཅས་ས་ཁུལ་སོ་སོར་གསུམ་བཅུའི་དུས་དྲན་གྱི་ངོ་རྒོལ་ལས་འགུལ་གོ་སྒྲིག་ཞུས་ཡོད།

 

དེ་ཡང་གཞོན་ལྷན་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ལྔ་ཡིས་གོ་སྒྲིག་དང་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་ཕོན་ཆེ་མཉམ་ཞུགས་ཀྱིས་མེག་གྷན་ནས་ཀ་ཅེ་རི་བར་རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་གོམ་བགྲོད་ལས་འགུལ་སྤེལ་བ་དང་། སྐབས་དེར་གོ་སྒྲིག་ཚོགས་ཆུང་ནང་གཞོན་ལྷན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཟུང་དྲུང་ཚེ་དབང་རབ་རྒྱས་ལགས་དང་། སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་ལགས་རྣམ་གཉིས་གཙོས་པའི་གཞོན་ལྷན་བོད་ཡིག་ཉམས་ཞིབ་པ་དང་རྩིས་པ་ཡོད་པ་མ་ཟད། སྒྲིག་འགན་སྤེན་པ་ཚེ་རིང་ལགས་ནས་ཚོགས་པ་ལྔའི་སྐུ་ཚབ་ཀྱིས་བོད་སྐད་ཐོག་གཏམ་བཤད་ཡང་སྤེལ་གནང་ཡོད།

ཉིན་དེར་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་དང་དྲིལ་བསྒྲགས་འགན་འཛིན་བསྟན་འཛིན་ལྷ་མོ་ལགས། གཞོན་ལྷན་དབྱིན་ཇིའི་ཉམས་ཞིབ་པ་བསྟན་འཛིན་ནོར་འཛོམས་ལགས་བཅས་ནས་རྒྱ་གར་རྒྱལ་ས་ལྡི་ལིའི་ལས་འགུལ་གྱི་གོ་སྒྲིག་ཚོགས་ཆུང་གནང་ཏེ་སྔར་རྒྱུན་བཞིན་དགྲ་བོ་རྒྱ་དམར་སྲིད་གཞུང་གི་གཞུང་ཚབ་མདུན་ཐང་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་དང་། སྐབས་དེར་ལྡི་ལི་བསམ་ཡས་གླིང་ས་གནས་གཞོན་ལྷན་དང་རོ་ཧི་ནི་ས་གནས་གཞོན་ལྷན་གཉིས་ཀྱིས་མཐུན་འགྱུར་རོགས་རམ་གང་ལེགས་གནང་སྟེ་ལས་འགུལ་བ་སློབ་ཕྲུག་གྲངས་ ༧༠ ཙམ་ནས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ནང་མཉམ་ཞུགས་ཐུབ་པ་བྱུང་བ་མ་ཟད་རྒྱ་གར་གྱི་གསར་འགྱུར་རྒྱུད་ལམ་ཁག་འདྲ་མིན་ནང་ལ་ཡང་དྲིལ་བསྒྲགས་ཤུགས་ཆེ་སྤེལ་ཐུབ་པ་བྱུང་ཡོད། སྐབས་དེར་ལས་འགུལ་བ་ཆ་ཚང་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་མན་དྷིར་མག་ཉེན་རྟོག་ཁང་དུ་དགོང་དྲོ་ཕྱག་ཚོད་ ༦ པའི་བར་བཀག་ཉར་དང་། ཉེན་རྟོག་ཁང་ནས་གློད་བཀྲོལ་བྱུང་མཚམས་ལས་འགུལ་བ་ཡོངས་ནས་ལྡི་ལི་བསམ་ཡས་གླིང་གཞིས་སྒར་དུ་ས་གནས་གཞོན་ལྷན་དང་ས་གནས་བུད་མེད་གཉིས་ཀྱིས་གོ་སྒྲིག་ཞུས་པའི་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་ཏེ་ཉིན་དེའི་ལྡི་ལི་ལས་འགུལ་གང་ལེགས་སྤེལ་ཐུབ་པ་བྱུང་ཡོད།

རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་། རིག་གཞུང་འགན་འཛིན་ཡེ་ཤེས་ཆོས་འཕེལ་ལགས་རྣམ་གཉིས་ཀྱིས་སྣེ་ཁྲིད་དང་། བྷེང་ལོར་ས་གནས་གཞོན་ནུའི་མཐུན་འགྱུར་འོག་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དུ་གསུམ་བཅུའི་དུས་དྲན་སྲུང་བརྩིའི་ལས་འགུལ་སྤེལ་གནང་ཡོད། སྐབས་དེའི་ལས་འགུལ་ནང་བྷེང་ལོར་ཁུལ་གྱི་གཞོན་སྐྱེས་གྲངས་ ༡༠༠ ཙམ་ནས་མཉམ་ཞུགས་ཀྱིས་ (MG Road) ནས་གསར་འགོད་ལྷན་ཁང་ (Press Club) བར་ངོ་རྒོལ་སྐད་འབོད་ཀྱི་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་ཡོད་པ་མ་ཟད། ས་གནས་ཀྱི་གསར་འགྱུར་རྒྱུད་ལམ་ཁག་གི་གསར་འགོད་པ་མང་དག་ཅིག་གདན་ཞུས་ཀྱིས་དུས་དྲན་སྲུང་བརྩིའི་མཛད་སྒོ་ཚོགས་གནང་ཡོད། མཛད་སྒོའི་སྐུ་མགྲོན་དུ་བྷེང་ལོར་ཁུལ་གྱི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ནི་རན་ཇན་(Mr Niranjan ) མཆོག་དང་། རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Mr Raj Shekhar ) མཆོག དེ་བཞིན་ཀར་ན་ཊ་ཀ་མངའ་སྡེའི་ས་གནས་(JP) སྐུ་ཚབ་ཚོགས་མི་(Mr Bharat ) བཅས་གདན་ཞུས་ཀྱིས་དུས་དྲན་སྲུང་བརྩི་དང་འབྲེལ་བའི་གཏམ་བཤད་ཀྱང་སྤེལ་གནང་ཡོད། སྐབས་དེར་གཞོན་ལྷན་སྤྱིི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་དུས་དྲན་སྲུང་བརྩི་དང་འབྲེལ་བའི་གཏམ་བཤད་སྤེལ་གནང་སྟེ། བོད་ནང་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་མུ་མཐུད་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་དག་མཚམས་འཇོག་དགོས་པའི་དགོས་འདུན་གཏོན་གནང་ཡོད་པ་མ་ཟད། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་གནད་ཡོད་མི་སྣ་རྣམས་ནས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་སྤེལ་མཚམས་སུ་གཞོན་ལྷན་རིག་གཞུང་འགན་འཛིན་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་དང་བཅས་ལས་འགུལ་མཇུག་སྒྲིལ་གནང་ཡོད། སྐབས་འདིའི་ལས་འགུལ་ནང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཞོན་སྐྱེས་སློབ་ཕྲུག་གང་མང་ཞིག་མཉམ་ཞུགས་ཐུབ་པ་བྱུང་བ་མ་ཟད། གསར་འགྱུར་རྒྱུད་ལམ་ཁག་ཏུའང་བོད་དོན་ཆབ་སྲིད་དང་འབྲེལ་བའི་བོད་དོན་ཁྱབ་བསྒྲགས་ཀྱི་གནས་ཚུལ་བཀོད་ཐུབ་པ་བྱུང་ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

Back To Top