བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ་སྲུང་བརྩིའི་ལས་འགུལ།

༄༅། །བོད་རྒྱལ་ལོ་ ༢༡༥༣ ཕྱི་ལོ་ ༢༠༢༦ ཟླ་བ ༣ ཚེས་ ༡༠ ཉིན་སྟེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ་དེ་བཞིན་འདི་ག་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་གྱི་མཛད་སྒོ་ལེགས་པར་གྲུབ་རྗེས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔའི་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་རྡ་ཤོད་ཀ་ཅཱ་རི་བར་མི་མང་ལས་འགུལ་བ་རྣམས་སྣེ་ཁྲིད་ཀྱིས་གསུམ་བཅུའི་དུས་དྲན་གྱི་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། དེ་བཞིན་གཞོན་ལྷན་དབུས་ས་ཟུང་འབྲེལ་གྱིས་རྒྱ་གར་རྒྱལ་ས་ལྡི་ལི་ཇར་ཏར་མན་ཏར་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་སྐབས་དེར་ཧིན་བོད་མཛའ་འབྲེལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་མེ་ནོཇེ་ཀུ་མར་ (Dr. Manoj Kumar ji) མཆོག་ཀྱང་མཉམ་ཞུགས་ཀྱིས་དམིགས་བསལ་གསུང་བཤད་ཀྱང་གནང་ཡོད་པ་དང་། དེ་བཞིན་ལྡི་ལི་གྲོང་ཁྱེར་སྲིད་གྲོས་ཀྱི་དབུ་ཁྲིད་ཟུར་པ་ (Former MCD Member, Rakesh Kumar ji) མཆོག དགེ་རྒན་ཆེན་མོ་ལྦི་ནེ་ཀུ་མར་མཆོག Prof. Vinay Kumar BTSM. དྲ་རྒྱའི་དྲུང་ཆེ་ཇག་ཊུམ་བ་ Jagtumba Singh BTSM Media Secretary
བཅས་མཉམ་ཞུགས་གནང་ཡོད། དེ་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རོ་ཧི་ནི་ས་གནས་གཞོན་ལྷན་དབུས་ས་གཉིས་ཟུང་འབྲེལ་གྱིས་དགྲ་བོ་རྒྱ་དམར་གཞུང་ཚབ་མདུན་དུ་རྒོལ་མཆོང་གི་ལས་འགུལ་སྤེལ་ནས་ལས་འགུལ་བ་རྣམས་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་གིས་ཕྱི་དྲོ་བར་བཀག་ཉར་ཁང་དུ་བཅུགས། དེ་ལྟར་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ས་གནས་གཞོན་ལྷན་ཁག་ནས་ལས་འགུལ་གོ་སྒྲིག་དང་མི་མང་སྣེ་ཁྲིད་ཀྱིས་ཕྱོགས་ཡོངས་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་ལས་འགུལ་དེ་བཞིན་ཤུགས་ཆེར་སྤེལ་ཐུབ་པ་བྱུང་བ་དང་། གསར་འགྱུར་རྒྱུད་ལམ་ཁག་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཁྱབ་བསྒྲགས་ཤུགས་ཆེ་འགྲོ་ཐུབ་པ་བྱུང་ཡོད།

རྒྱ་གར་ཡུ་གུར་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་རྣམ་གཉིས་གཞོན་ལྷན་སྤྱི་ཁྱབ་ཡིག་ཚང་དུ་ཆེད་ཕེབས་ཀྱིས་གཞོན་ལྷན་ཚོགས་གཙོ་མཆོག་དང་མཇལ་འཕྲད་ཞུས།

ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༤ ཉིན་རྒྱ་གར་ཡུ་གུར་ཚོགས་པ་ཡི་ཚོགས་གཙོ་སྐུ་ཞབས་ཝ་སིམ་ཨབ་དུལ་ལཱ་དང་དྲུང་ཆེ་སྐུ་ཞབས་ཏ་ལཊ་ཕེ་རོ་ཛ་རྣམ་གཉིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཁུངས་སུ་ཕེབས་ཏེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་མཆོག་དང་ལྷན་དུ་ཚོགས་འདུ་ཞིག་ཚོགས།
ཚོགས་འདུའི་སྐབས་སུ་ཁོང་རྣམ་གཉིས་ཀྱིས་བོད་དང་ཡུ་གུར་ (ཤར་ཏུར་ཀི་སི་ཐན་) གཉིས་ཀར་རྒྱ་ནག་དམར་ཤོག་སྲིད་གཞུང་གི་གཉའ་གནོན་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཉམས་མྱོང་སྐོར་ལ་གྲོས་བསྡུར་གནང་། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་བྱུས་ལ་ངོ་རྒོལ་དང་ཐེར་འདོན་བྱེད་ཕྱོགས། ལས་འགུལ་བྱེད་སྒོ་ཁག་ལ་ཚོགས་པ་གཞན་དག་དང་མཉམ་དུ་ཤུགས་སྣོན་རྒྱག་རྒྱུའི་ཐད་ལ་གཙོ་བོ་བགྲོ་གླེང་གནང་རྒྱུ་བྱུང་ཡོད།
ཚོགས་འདུ་མཇུག་བསྒྲིལ་སྐབས་བོད་དང་ཡུ་གུར་གྱི་འཐབ་རྩོད་གནས་བབ་གཅིག་མཚུངས་དང་། གདུང་སེམས་མཉམ་སྐྱེད་ཀྱི་མཚོན་རྟགས་སུ་རྒྱ་གར་ཡུ་གུར་ཚོགས་པའི་ཚོགས་གཙོ་མཆོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་དྲན་རྟེན་ཞིག་དང་ཡུ་གུར་རྒྱལ་ཁབ་ཀྱི་རྒྱལ་དར་ཞིག་ཕུལ་ཡོད་པ་རེད།

ཐའེ་ཝན་གྱི་ཁྲིམས་བཟོ་ལྷན་ཚོགས་དང་གྲོང་ཁྱེར་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་གཞོན་ལྷན་སྤྱི་ཁྱབ་ཡིག་ཚང་དུ་ཆེད་ཕེབས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོ་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་དང་ལྷན་མཇལ་འཕྲད།

ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༢༧ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་དང་། ཚོགས་གཞོན་བཀྲིས་རྟགས་རྒྱས་ལགས་རྣམ་གཉིས་དང་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ལྷན་ཐའེ་ཝན་གྱི་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་དང་གྲོང་ཁྱེར་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་དང་མཉམ་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཁུངས་སུ་མཇལ་འཕྲད་གནང་ཡོད་པ་དང་། ཐའེ་ཝན་གྱི་སྐུ་ཚབ་པའི་ཁྲོད་དུ་ཐའེ་ཝན་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཝུ་པེ་ཡི་ལགས། ཚུན་ཆེན་ལགས་ཐའེ་ཝན་མང་གཙོ་ཚོགས་པའི་ཚོགས་གཞོན། ཧྥ་ཧུའེ་ཤེན་ལགས་ཐའེ་ཝན་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི། ཅེན་ཆང་ལི་ལགས་ཐེ་པེ་གྲོང་ཁྱེར་ལྷན་ཚོགས་ཀྱི་འཐུས་མི། མོ་པོ་ཡ་ལགས་ཐེ་པེ་གྲོང་ཁྱེར་ལྷན་ཚོགས་ཀྱི་འཐུས་མི། ལའི་ཡུ་ཤེན་ལགས་སྐད་སྒྱུར་བ་བཅས་དང་། ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་ཀྱི་དྲུང་ཆེ་མི་འགྱུར་གཡུ་སྒྲོན་ལགས་བཅས་ཡོད།
ཚོགས་འདུའི་སྐབས་བོད་རང་དབང་འཐབ་རྩོད་ཀྱི་ནུས་པ་དང་མཉམ་ཞུགས་གནང་ཕྱོགས་སྐོར་ལ་བགྲོ་གླེང་གནང་ཡོད། ཐའེ་ཝན་གྱི་སྐུ་ཚབ་ཚོགས་པའི་ངོས་ནས་བོད་དོན་འཐབ་རྩོོད་ཐད་རྒྱབ་སྐྱོར་བྱས་པའི་ཉམས་མྱོང་དང་ལྟ་ཚུལ་ཡང་གསུང་གནང་ཡོད། ཚོགས་འདུ་མཇུག་བསྡུའི་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཐའེ་ཝན་གཞུང་དང་མི་མང་ནས་བོད་དོན་ཐད་ད་བར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་དང་། མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུར་འབོད་སྐུལ་ཡང་ཞུས་ཡོད།

བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་གོ་སྒྲིག་ཞུས་པའི་བོད་རང་དབང་གི་རྐང་འཁོར་སྐོར་སྐྱོད་ཅེས་པའི་ལས་འགུལ་ནང་མཉམ་ཞུགས།

ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༡ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་དང་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་རྣམ་གཉིས་ཀྱིས་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་གོ་སྒྲིག་བྱས་པའི་བོད་རང་དབང་ཀྱི་རྐང་འཁོར་སྐོར་སྐྱོད་ནང་མཉམ་ཞུགས་གནང་ཡོད།
རྐང་འཁོར་སྐོར་སྐྱོད་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཀྱི་དཀའ་ངལ་དང་། ལྷག་པར་དུ་རྒྱ་ནག་གིས་རྒྱལ་སྤྱིར་གཉའ་གནོན་གྱི་གནད་དོན་ཐད་བློ་ཚབས་ཡོད་པ་གསལ་འདོན་གནང་། དཔེར་ན་ཧོང་ཀོང་གི་དཔེ་སྐྲུན་པ་ཇི་མི་ལེ་ཡེ་ཡི་གནད་དོན་བརྗོད་པ་དང་། བོད་ནང་དུ་བཙན་འགེལ་བྱས་པའི་རྒྱ་བསྒྱུར་གྱི་སྲིད་བྱུས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་། ངོ་བོ་དང་བཅས་པར་ཉེན་ཁ་བཟོ་བཞིན་པ་ནན་བཤད་གནང་ཡོད། དེ་བཞིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ནི་ཆོས་ཕྱོགས་ཀྱི་གནད་དོན་ཞིག་ཡིན་པ་དང་། ཆབ་སྲིད་ཅན་དུ་བསྒྱུར་མི་རུང་བ་གསུངས་ཡོད། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐོག་ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༧ ཚེས་ ༢ ཉིན་གསལ་བསྒྲགས་གནང་ཡོད་པ་དེར་ཐའེ་ཝན་གཞུང་ཕྱོགས་ནས་རྒྱབ་སྐྱོར་གནང་རོགས་ཞེས་དང་། མཇུག་བསྡོམས་སུ་བོད་དང་ཧོང་ཀོང་། ཤར་ཏུར་ཀིསི་ཐན། ལྷོ་སོག་བཅས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་ནས་ཉིན་ཞིག་རང་དབང་རང་བཙན་ཐོབ་རྒྱུའི་རེ་བ་ཡོད་པའང་གསུངས་ཡོད།
གསུང་བཤད་འདི་ཉིད་ཀོན་ཝེ་ནན་སྲུང་སྐྱོབ་ཀྱི་འགན་འཛིན་སྐུ་ཞབས་ཧོང་ཡི་བེ་ཡིས་བོད་སྐད་དུ་བསྒྱུར་ཡོད།
སྐོར་སྐྱོད་འདིའི་ནང་ད་དུང་གསུང་བཤད་གནང་མཁན་གཞན་དག་ནི།
• ལིན་ཤིན་ཡི། འཆི་བའི་ཉེས་ཆད་མེད་པ་བཟོ་བའི་ཐའེ་ཝན་མནའ་འབྲེལ་གྱི་འགན་འཛིན།
• བཀྲ་ཤིས་ཚེ་རིང་། བོད་དང་ཐའེ་ཝན་ཀྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གསར་འཛུགས་གནང་མཁན།
• སི་ཀི་ཧོང་། ཧོང་ཀོང་ཕྱི་རྒྱལ་བའི་དྲུང་ཆེ།
• ཏོང་ཧྥུ། ཐའེ་ཝན་ནང་གི་ཧོང་ཀོང་བཙན་བྱོལ་བ་ཞིག
• ཀའོ་ཆེང་ཡུང་། དཔལ་འབྱོར་དམངས་གཙོའི་མནའ་འབྲེལ་གྱི་ཉམས་ཞིབ་པ་བཅས་ཡོད།
གསུང་བཤད་པ་ཚང་མས་བོད་དང་ཧོང་ཀོང་། ཤར་ཏུར་ཀིསི་ཐན། ལྷོ་སོག་ཡུལ་བཅས་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་པ་དང་། ཐའེ་ཝན་རང་དབང་ཡོང་བར་དམ་བཅའ་བསྐྱར་ནན་གནང་ཡོད། བོད་ཀྱི་རང་དབང་རྐང་འཁོར་སྐོར་སྐྱོད་འདི་མཐུན་སྒྲིལ་དང་། གཞོགས་འདེགས། རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་འབོད་སྒྲ་མཉམ་སྒྲོག་དང་བཅས་མཇུག་བསྒྲིལ་གང་ལེགས་བྱུང་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ཐའེ་ཝན་དུ་གཟིགས་སྐོར།

ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༠ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་དང་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་གཉིས་ཐའེ་ཝན་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཆེད་ཕེབས་ཀྱིས་བོད་དང་ཐའེ་ཝན་ཀྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གསར་འཛུགས་ནང་མཁན་དང་། ཐའེ་ཝན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བཀྲ་ཤིས་ཚེ་རིང་ལགས་ནས་ཕེབས་བསུ་ཞུས།
དགོང་དྲོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ཐའེ་ཝན་དུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་ཆེད་བཅར་སྐབས་དེར་སྐུ་ཚབ་དོན་གཅོད་འབའ་ཝ་སྐལ་བཟང་རྒྱལ་མཚན་མཆོག་དང་མཇལ་འཕྲད་ཀྱིས་ཐའེ་ཝན་ནང་འཆར་གཞི་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་རིམ་དང་བྱེད་སྒོ་ཁག་གི་སྐོར་ལ་གྲོས་བསྡུར་གནང་ཡོད།
བོད་དོན་ལས་འགུལ་རྒྱབ་སྐྱོར་བ་ལིན་ཧྲན་ཡི་ལགས་དང་མཇལ་རྗེས། བདུན་ཕྲག་ཅིག་གྱི་ལས་རིམ་གོ་སྒྲིག་བྱེད་ཕྱོགས་སྐོར་གྲོས་བསྡུར་བྱས།

༧གོང་ས་མཆོག་ནས་གྷ་རམ་མིའི་གཟེངས་རྟགས་འབུལ་བཞེས་མཛད་པར་དགའ་སྟོན་སྲུང་བརྩི།

བཞུགས་སྒར་རྡ་ས་གཙུག་ལག་ཁང་གི་ཉེ་འགྲམ་རླང་སྐོར་བབ་ཚུགས་སུ་༧རྒྱལ་བའི་ལྷག་དཀར་ཉིན་མོ་དང་སྟབས་བསྟུན་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། རྡ་ས་ལྷག་དཀར་སྒོར་གཞས་གོ་སྒྲིག་ཚོགས་ཆུང་གཉིས་ཀྱི་གོ་སྒྲིག་འོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གྷི་རམ་མི་གཟེངས་རྟགས་འབུལ་བཞེས་མཛད་པར་མི་མང་འདུ་འཛོམས་ཐོག་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་དགའ་སྟོན་སྲུང་བརྩི་དང་འབྲེལ། རྒྱ་དམར་སྲིད་གཞུང་གི་ཧམ་བཤད་དང་སྐྱོན་བརྗོད་རྫུན་མ་ལ་ཁ་གཏད་གདོང་ལེན་གྱིས་ངོ་རྒོལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་ཀྱང་སྤེལ་ཡོད།

Statement (Tibetan) (English)

༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་བགྲོ་གླེང་གླེང་མོལ།

ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༢༨ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ཞེས་པའི་བརྗོད་གཞིའི་འོག་བཞུགས་སྒར་རྡ་ས་གཙོ་བྱས་པའི་རྒྱ་གར་རྒྱལ་ཡོངས་ཀྱི་བོད་པའི་མཐོ་སློབ་ཁག་ཏུ་ཆེད་ལས་མི་སྣ་གདན་ཞུས་ཀྱི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་དང་། འདི་ག་བཞུགས་སྒར་རྡ་རམ་ས་ལའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ་དམིགས་བསལ་ཆེད་ལས་གསུང་བཤད་པ་བཞི་གདན་ཞུས་ཀྱིས་བགྲོ་གླེང་གླེང་མོལ་ཞིག་བསྐོང་ཚོགས་ཞུས་ཡོད།

དེ་ཡང་གསུང་བཤད་གནང་མཁན་དུ་འབུམ་རམས་པ་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ནས་༼༸ཀུན་གཟིགས་༸པཎ་ཆེན་རིན་པོ་མཆོག་དང་འབྲེལ་ལོ་རབས་བརྒྱད་བཅུ་པའི་ནང་སྐུ་གཤེགས་པའི་སྔ་ཕྱིའི་བོད་ཀྱི་ཆོས་ལུགས་ཀྱི་གནས་བབ།༽ ཅེེས་པ་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ནས་༼ ལོ་རབས་བརྒྱད་བཅུ་པའི་ནང་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་ནས་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་མཛད་པ།༽ བོད་ནང་བཅའ་སྡོད་སློབ་གྲྭའི་གནས་བབ་གཙོ་བྱས་པའི་བོད་དོན་འཐབ་རྩོད་པ་འབུམ་རམས་པ་རྒན་རྒྱལ་ལོ་ལགས་ནས་༼ ༸ཀུན་གཟིགས་༸པཎ་ཆེན་རིན་པོ་མཆོག་དང་འབྲེལ་མི་རིགས་ཤིག་གི་ཤེས་ཡོན་སློབ་གསོ་སྤྲོད་ཐབས།༽ དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ངག་དབང་འོད་འབར་ལགས་ནས་༼ ལོ་རབས་བརྒྱད་བཅུ་པའི་ནང་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་དང་། བོད་ཀྱི་ཆབ་སྲིད་བཙོན་པའི་གནས་བབ།༽ ཅེས་སོགས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གླེང་མོལ་གང་ལེགས་བྱུང་ཡོད་པ་དང་། གསུང་བཤད་པ་ཁོང་རྣམས་ནི་༸ཀུན་གཟིགས་༸པན་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་ཡོད་པའི་སྐབས་མཇལ་མྱོང་ཡོད་པ་མ་ཟད། ཁོང་གི་བཀའ་སློབ་བཀའ་དྲིན་ཐོབ་མྱོང་ཡོད་པ་ཤ་སྟག་ཡིན་སྟབས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་དམིགས་བསལ་མཛད་རྗེས་དང་། ཁོང་གི་རྒྱལ་ཞེན་གྱི་འཐབ་རྩོད། དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས། རྒྱ་དམར་སྲིད་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལ་འགོག་རྒོལ་གྱི་འཐབ་རྩོད་གནང་སྟངས་སོགས་ཀྱི་ཐད་གསུང་བཤད་དང་དྲི་བ་དྲིས་ལན་གང་ལེགས་གནང་ཡོད། དེ་བཞིན་གཞོན་ལྷན་དབུས་ས་མཉམ་འབྲེལ་གྱི་གོ་སྒྲིག་འོག་རྒྱ་གར་རྒྱལ་ཡོངས་ཀྱི་བོད་རིགས་སློབ་གཉེར་བ་ཡོད་པའི་མཐོ་སློབ་ས་རཱ་དང་། རོ་ཧི་ནི། ཝ་ར་ཎ་སི། བྷེང་ལོར། མེང་ལོར། བྷ་རོ་ཌ་བཅས་སོ་སོར་ཡང་གཏམ་བཤད་པ་གདན་ཞུས་ཀྱིས་དུས་དྲན་སྲུང་བརྩི་གང་ལེགས་ཞུ་ཐུབ་པ་བྱུང་ཡོད།

རྒྱ་གར་བྱང་ཕྱོགས་དང་བླངས་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ་ཕྱོགས་ཀྱི་ཟབ་སྦྱོང་དུ་གདན་ཞུས་བཞིན་ཆེད་བཅར་ཞུས།

ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་རྒྱ་གར་བྱང་ཕྱོགས་དང་བླངས་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ་ཕྱོགས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་ཡོད། ཟབ་སྦྱོང་དེའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་སྐུ་མགྲོན་དུ་གདན་ཞུས་ཀྱིས་གཏམ་བཤད་གནང་ཡོད།
གཏམ་བཤད་ནང་ཁོང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ངོ་སྤྲོད་དང་། བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་ཇུས་སྐོར་རྒྱས་བཤད་གནང་བ་དང་། གཞོན་སྐྱེས་ཚོས་བོད་དོན་ལས་འགུལ་ལ་མཉམ་ཞུགས་བྱ་རྒྱུའི་གལ་ཆེའི་རང་བཞིན་ནན་བརྗོད་གནང་ཡོད།

གཞོན་ལྷན་གྱི་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་རྒྱ་གར་རྒྱལ་ས་ལྡི་ལིར་ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་དུ་ཆེད་བཅར།

ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༡ ཚེས་ ༢༠ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་དང་། ཚོགས་གཞོན་བཀྲ་ཤིས་དར་རྒྱས་ལགས་རྣམ་གཉིས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ཐའེ་ཝན་གྱི་དཔལ་འབྱོར་དང་རིག་གཞུང་ལྟེ་གནས་ཁང་ (ཐའེ་ཝན་གཞུང་ཚབ་ཁང་) ཆེད་བཅར་གྱིས་སྐུ་ཚབ་དོན་གཅོད་མུ་མིན་ཅེན་དང་ལས་རོགས་དང་བཅས་མཇལ་འཕྲད་ཀྱིས་ཕྱོགས་གཉིས་ཀའི་གནད་དོན་་མང་པོར་ཕན་ཚུན་བགྲོ་གླེང་བྱས་ཏེ་བཀའ་མོལ་ལྷུག་པོ་བྱུང་ཡོད། སྐུ་ཚབ་དོན་གཅོད་མུ་མིན་ཅེན་གྱིས་ཐའེ་ཝན་གཞུང་ནས་བོད་ཀྱི་གནད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པར་བརྗོད་པ་དང་། ཐའེ་ཝན་དང་བོད་གཉིས་དབར་གྱི་འབྲེལ་བ་སྔར་ལས་གོང་འཕེལ་གཏོང་དགོས་པའི་གལ་ཆེའི་རང་བཞིན་གྱི་གྲོས་བསྡུར་བྱུང་ཡོད། ཕྱོགས་གཉིས་ཀས་མ་འོངས་པར་མཉམ་ལས་དང་མཐུན་སྒྲིལ་སྔར་ལས་གོང་འཕེལ་གཏོང་རྒྱུའི་གལ་གནད་ཡིན་པའི་སྐོར་གྲོས་བསྡུར་ལྷུག་པོ་བྱུང་ཡོད།

 

ཀོལ་ཀ་ཏར་བོད་པའི་ཁྲོམ་ས་ཞིག་ལ་མེ་སྐྱོན་བྱུང་བར་གཞོན་ལྷན་དབུས་རྒྱུན་ཆེད་བཅར་གྱིས་གདུང་སེམས་མཉམ་སྐྱེད་ཞུས།

ཕྱི་ལོ་༢༠༢༦ ལོའི་ཟླ ་༡ ཚེས་ ༡༠ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཟུང་དྲུང་ངག་དབང་དཔལ་འབྱོར་ལགས་ཀྱིས་ནུབ་བྷེང་གལ་ཀོལ་ཀ་ཊ་ཝེ་ལིང་ཊོན་བོད་ཀྱི་ཚོང་ར་ལ་གཟིགས་སྐོར་གནང་སྟེ། ཟླ་ ༡ ཚེས་ ༨ ཉིན་ཕྱི་དྲོའི་ཆུ་ཚོད་ ༣ ཙམ་ལ་ཝེ་ལིང་ཊོན་བོད་ཀྱི་དགུན་ཁའི་ཚོང་རར་མེ་སྐྱོན་བྱུང་བའི་རྗེས་སུ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་གནང་། མེ་སྐྱོན་དེས་བོད་མི་ཁྱིམ་ཚང་ ༡༢ ཀྱི་འཚོ་བར་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པའི། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་མི་མང་དང་མཉམ་དུ་ལངས་ཏེ། དགོས་མཁོ་བྱུང་ཚེ་སྤྱི་ཚོགས་ལ་རྒྱབ་སྐྱོར་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད།

 

 

 

 

 

 

 

Back To Top