རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༢༠ པ་འགོ་འཛུགས་ཉིན་མོའི་ངོ་རྒོལ་གྱི་ལས་འགུལ།

བོད་རྒྱལ་ལོ་ ༢༡༤༩ ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༦ ཉིན་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཚོགས་ཆེན་ཐེངས་ ༢༠ པ་དེ་བཞིན་རྒྱལ་ས་པེ་ཅིང་དུ་འགོ་འཛུགས་ཉིན་མོ་དང་སྟབས་བསྟུན་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་རྡ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཉིས་ནས་བོད་ནང་རྒྱ་ནད་ཏོག་དབྱིབས་རིམས་ནད་གཙང་སེལ་གྱི་སྲིད་བྱུས་འོག་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་བོད་མི་ཚོའི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་གོམ་བགྲོད་ལས་འགུལ་སྤེལ་ཏེ། རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་བཙན་འཕྲོག་བྱས་པ་ནས་བཟུང་ད་བར་མི་ལོ་ ༦༠ ལྷག་རིང་བོད་ནང་གི་བོད་མི་ཚོར་བཙན་མནོན་དམ་དྲག་ལོ་རེ་ནས་ལོ་རེར་ཇེ་སྡུག་ཇེ་ཞན་དང་། ཉེས་མེད་ཉེས་འདོགས་ཀྱིས་འཛིན་བཟུང་བཙོན་འཇུག དེ་བཞིན་བོད་ཀྱི་སྐད་དང་ཡི་གེ ཆོས་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས། ཁོར་ཡུག་དང་བཅས་པ་དངོས་ཤུགས་རྒྱུད་གསུམ་ནས་རྩ་གཏོར་གཏོང་གང་ཐུབ་བྱེད་མུས་ཡིན་པར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་འདི་བཞིན་སྤེལ་ཡོད་པ་མ་ཟད། དམིགས་བསལ་རྒྱ་ནག་གི་སྲིད་འཛིན་ཞི་ཆིན་ཕིན་གྱིས་མི་གཅིག་དབང་འཛིན་གྱིས་འཛིན་སྐྱོང་འོག་བོད་མིའི་ངོ་བོ་མཚོན་པའི་བོད་ཀྱི་ཆོས་དང་རིག་གཞུང་གཙོས་པའི་ཡུལ་སྲོལ་གོམས་གཤིས་སོགས་རྩ་མེད་བཟོ་རྒྱུར་དམིགས་ཏེ། ནང་དོན་རིག་པའི་གཞུང་ལུགས་སློབ་གཉེར་བྱ་ཡུལ་གྱི་དགོན་སྡེ་གྲྭ་ཚང་ཁག་གི་རྟེན་དང་བརྟེན་པ་བཅས་གཏོར་བཅོམ་ཤུལ་མེད་བཟོ་ཐབས་ཀྱི་ལས་འགུལ་སྣ་ཚོགས་བརྩམས་པ་དང་། བོད་མི་རིགས་ཀྱི་ངོ་བོ་དང་ཁྱད་ཆོས་མཚོན་པའི་ཐུན་མིན་ཤེས་རིག་དང། གོམས་གཤིས་སོགས་བརྗེ་སྒྱུར་གྱིས་བོད་མིའི་ངོ་བོ་རྩ་བརླག་གཏོང་ཐབས་བྱས་དང་བྱེད་མུས་ཡིན་པར་ངོ་རྒོལ་སྐྱོན་བརྗོད་བྱས་ཡོད།

དེ་ཡང་སྤྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༡༠། ༠༠ པའི་ཐོག་བཞུགས་སྒར་ཁུལ་གྱི་དགོན་སྡེ་གྲྭ་ཚང་ཁག་གི་སློབ་གཉེར་བ་གྲྭ་བཙུན་དང་། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ། རྡ་ས་ཁུལ་གྱི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་དང་། མིང་མང་བཅས་ཁྱོན་མི་གྲངས་ ༥༠༠ ལྷག་ཚང་འཛོོམས་ཐོག་བཞུགས་སྒར་གཙུག་ལག་ཁང་ཉེ་འཁྲིས་ཀྱི་རླང་འཁོར་བབ་ཚུགས་ནས་འགོ་འཛུགས་ཀྱིས་རྡ་ཤོད་ཀ་ཅ་རི་བར་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་ཡོད། ལས་འགུལ་བ་རྣམས་ཀྱི་ལག་ཏུ་འབོད་ཚིག་གི་འཕྲེད་དར། རྒྱལ་དར་། གཞོན་ལྷན་གྱི་ཚོགས་དར་སོགས་ཁུར་ཏེ་ཚང་མས་ཁ་གཅིག་གྲགས་ཀྱིས་བོད་དབྱིན་ཧིན་གསུམ་ནང་ཞི་ཅིང་ཕིང་གི་མི་གཅིག་དབང་འཛིན་གྱི་སྲིད་བྱུས་མཚོན་པའི་འབོད་ཚིག་འདྲ་མིན་བསྒྲོགས་ཡོད་པ་མ་ཟད། ལས་འགུལ་བ་སློབ་ཕྲུག་བཞི་ནས་རིམས་ནད་ཀྱི་འགོག་སྲུང་གྱོན་ཆས་ (PPE Kits) གྱོན་པའི་ཐོག་ངོ་རྒོལ་སྐད་འབོད་ཀྱི་གོམ་བགྲོད་ལས་འགུལ་སྣེ་ཁྲིད་ཞུས་ཏེ་རྒྱ་ནད་ཏོག་དབྱིབས་རིམས་ནད་ཀྱི་སྒོ་བརྒྱ་བཀག་སྡོམ་གྱི་དམ་དྲག་སྲིད་བྱུས་འོག་མྱངས་དང་མྱོང་བཞིན་པའི་གཞིས་ལུས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཐུབ་པ་བྱས་ཡོད།

ལས་འགུལ་བ་རྣམས་མཐར་རྡ་ཤོད་ཀ་ཅ་རིར་འབྱོར་མཚམས་སུ་ཧིན་བོད་གཉིས་ཀྱི་རྒྱལ་གླུ་བླངས་བ་དང་། བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ལུས་སྲོག་ལུང་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་མྱ་ངན་གུས་བཏུད་ཡང་ཞུས་ཡོད། དེ་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་ཚོགས་གཙོ་མཆོག་ནས་ལས་འགུལ་གྱི་དམིགས་ཡུལ་དང་། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་བརྡ་ལན། བོད་རིགས་སྤུན་ཟླ་ནང་ཁུལ་ཆིག་སྒྲིལ་གྱི་གོང་བུའི་ནུས་སྟོབས་གོང་འཕེལ་ཡོང་ཆེད་སྤྱི་སྒེར་ཚང་མས་འགན་བཞེས་གནང་རྒྱུ་གལ་འགང་ཆེན་པོ་ཡིན་པ་སོགས་ཀྱི་ཐད་གཏམ་བཤད་སྤེལ་ཡོད་པ་མ་ཟད། མཐར་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ནས་དབྱིན་ཡིག་བསྒྲགས་གཏམ་སྒྲོག་སྦྱང་ཞུས་ཏེ་ཉིན་དེའི་ངོ་རྒོལ་སྐད་འབོད་ཀྱི་གོམ་བགྲོད་ལས་འགུལ་ལེགས་གྲུབ་ཀྱིས་མཇུག་བསྡུ་གནང་ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

Back To Top