བོད་ཀྱི་གཞོན་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༣ པ།

འགན་ལྷན་ཐེངས་ ༥༣ པའི་ལས་བསྡོམས།

བོད་ཀྱི་གཞོན་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༣ པ་དེ་བཞིན་བོད་རྒྱལ་ལོ་ ༢༡༥༠ ཕྱི་ལོ་  ༢༠༢༣ ཟླ་ ༨ ཚེས་ ༧ ནས་ ༡༢ བར་ལ་དྭགས་བསོད་ནམས་གླིང་ཚོགས་ཁང་དུ་སྐོང་ཚོགས་ཞུ་གཏན་འཁེལ་བ་བཞིན་འགན་ལྷན་གོ་སྒྲིག་ཚོགས་ཆུང་གི་མི་སྣ་གཉིས་ཏེ་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་དང་ཟུང་དྲུང་རྣམ་གཉིས་བཞུགས་སྒར་རྡ་ས་ནས་ཉིན་ཤས་སྔོན་ཐོན་གནང་ཡོད་པ་དང་། དེ་བྱིངས་རྒྱུན་ལས་ལས་བྱེད་རྣམས་སྤྱི་ཟླ་ ༨ ཚེས་ ༢ ཉིན་བཞུགས་སྒར་རྡ་ས་ནས་ཕྱོགས་ཐོན་གྱིས་ཕྱི་ཚེས་ ༤ ཡི་ཞོགས་པ་ལྡི་ལི་ནས་མཁའ་ལམ་བརྒྱུད་ལ་དྭགས་སུ་བདེ་འབྱོར་བྱུང་བ་དང་། ཕྱི་ཚེས་ ༥ དང་ ༦ ཉིན་གཉིས་རིང་འགན་ལྷན་ཚོགས་ཡུལ་དུ་གྲ་སྒྲིག་ལེགས་པར་བྱས་རྗེས་ཕྱི་ཚེས་ ༧ ཉིན་སྟེ།

ཉིན་དང་པོར་དབུ་འབྱེད་མཛད་སྒོ་མ་ཚོགས་གོང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་གླེའི་ལམ་སྒྲོན་དཔེ་སྟོན་སློབ་གྲྭར་དབྱར་མཆོད་ཆེན་མོའི་ཚོགས་མགོན་དུ་ཞོགས་པ་ཕྱག་ཚོད་དགུ་པ་ཙམ་ལ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་མཛད་སྐབས་གཞོན་ལྷན་གྱི་འགན་ལྷན་ཐེངས་ ༥༣ པའི་ཚོགས་བཅར་བ་ཡོངས་ལ་ཕེབས་བསུ་དང་མཇལ་ཁ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་ཡོད་པ་དང་། ཉིན་རྒྱབ་ཕྱག་ཚོད་གཉིས་པ་ཙམ་ནས་འགན་ལྷན་ཐེངས་ ༥༣ པའི་དབུ་འབྱེད་མཛད་སྒོ་ཚོགས་ཡོད་པ་དང་།

སྐུ་མགྲོན་གཙོ་བོ་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲིས་རྒྱལ་མཚན་མཆོག་དང་། དམིགས་བསལ་སྐུ་མགོན་དུ་ལ་དྭགས་གཞོན་ནུའི་ནང་ཚོགས་ཀྱི་ཚོགས་གཙོ་རིག་འཛིན་ལགས་དང་། ལ་དྭགས་ཨ་མ་ཚོགས་པའི་ཚོགས་གཞོན་དང་སྐུ་ངོ་ལ་སྤྱིའི་ལས་ཚབ། དེ་བཞིན་ལ་དྭགས་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ། སྤྱི་མི་བརྒྱ་དཔོན། གཞན་ཡང་ས་གནས་གཞོན་ལྷན་ཁག་ནས་འགན་ལྷན་ཐེངས་ ༥༣ པར་ཆེད་བཅར་ཞུས་པའི་ཚོགས་བཅར་ཡོངས་བཅས་མཉམ་ཞུགས་གནང་ཡོད། མཛད་སྒོའི་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ནས་གཙོ་སྐྱོང་ཐོག་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་གཞོན་ལྷན་གྱི་འགན་ལྷན་ཐེངས་ ༥༣ པ་དེ་བཞིན་ལ་དྭགས་ས་གནས་སུ་གོ་སྒྲིག་ཞུ་དགོས་པའི་དགོས་དམིགས་རྒྱབ་ལྗོངས་དང་བཅས་པ་སྙན་སྒྲོན་གནང་ཡོད་པ་དང་། དེ་བཞིན་སྐུ་མགྲོན་གཙོ་བོ་དང་། དམིགས་བསལ་སྐུ་མགྲོན་རྣམ་གཉིས་ཀྱི་གསུང་བཤད་གྲུབ་མཚམས་སྐུ་མགྲོན་རྣམས་ལ་གཞོན་ལྷན་གྱི་ཕྱག་རྟགས་ཕུལ་ཡོད་པ་བཅས་དབུ་འབྱེད་མཛད་སྒོའི་ལས་རིམ་ཁག་ལེགས་པར་གྲུབ་རྗེས་གཞོན་ལྷན་སྤྱི་ཁྱབ་ཚོགས་གཞོན་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་དང་བཅས་མཛད་སྒོ་ལེགས་གྲུབ་བྱུང་ཡོད།

ཚོགས་འདུ་དངོས་གཞི་དེ་བཞིན་ཕྱི་ཚེས་ ༨ ནས་དབུ་འཛུགས་ཀྱིས་གྲོས་གཞི་དོན་ཚན་ཁག་བཅུའི་ཐོག་བགྲོ་གླེང་གྲོས་བསྡུར་ལེགས་པར་བྱས་རྗེས་ཉིན་མཐའ་མའི་ཞོགས་པ་གྲོས་ཆོད་དོན་ཚན་ཁག་ཉེར་གསུམ་སྤྱི་མོས་ཀྱིས་གཏན་འབེབ་བྱུང་ཡོད། ཉིན་རྒྱབ་གཞོན་ལྷན་དབུས་རྒྱུན་ཁ་སྐོང་གི་འོས་འདེམས་ཀྱི་ལས་རིམ་ཕྱིན་ཡོད་པ་དང་། མཐར་བལ་ཡུལ་སྤོག་ར་བྱམས་པ་གླིང་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་བསྟན་འཛིན་འཇམ་དཔལ་ལགས་མང་མོས་འོས་འདེམས་ཀྱིས་གཞོན་ལྷན་དབུས་རྒྱུན་ལས་པར་འདེམས་ཐོན་བྱུང་ཡོད། དགོང་དྲོ་ཚོགས་བཅར་བ་རྣམས་རང་མོས་སྒོར་གཞས་དང་འཁྲབ་སྟོན་བྱས་ཡོད་པ་དང་། སྐབས་དེར་ལ་དྭགས་བསོད་ནམས་གླིང་གཞོན་སྐྱེས་ཁག་ཅིག་ནས་ཆེད་དུ་གཞས་སྣ་འཁྲབ་སྟོན་གྱིས་མཐར་གཞོན་ལྷན་གྱི་འགན་ལྷན་ཐེངས་ ༥༣ པའི་ཚོགས་བཅར་བ་ཡོངས་ལ་ཕྱག་འཁྱེར་དང་མཇལ་དར་སྒྲོན་འབུལ་གྱིས་ཉིན་དྲུག་རིང་གི་ལས་རིམ་ཡོངས་སུ་ལེགས་གྲུབ་བྱུང་ཡོད། ཚོགས་འདུ་ཉིན་དྲུག་རིང་གི་དགོང་དྲོའི་ཞལ་ལག་ཆ་ཚང་ཞིག་ལ་དྭགས་གནས་བཞུགས་ཚེ་དབང་ལགས་ནས་སྦྱིན་བདག་གནང་ཡོད་པ་དང་། དེ་བཞིན་འཐུང་ཆུ་ཆ་ཚང་ཞིག་ལ་དྭགས་གནས་བཞུགས་ཚུལ་ཁྲིམས་ལགས་ནས་སྦྱིན་བདག་གནང་ཡོད།

ཕྱི་ཚེས་ ༡༣ ཉིན་གཞོན་ལྷན་གྱི་རྒྱུན་ལས་ལས་བྱེད་དང་། ཚོགས་བཅར་བ་ཡོངས་མཉམ་གཅིག་ཏུ་ལོ་ཆེན་རིན་ཆེན་བཟང་པོས་ཕྱག་བཏབས་པའི་ཨལ་ཅི་ཆོས་འཁོར་དགོན་སོགས་ལམ་བར་གྱི་དགོན་སྡེ་ཁག་ཅིག་ལ་མཆོད་མཇལ་དུ་བསྐྱོད། དེ་ཉིན་དགོང་དྲོ་གཞོན་ལྷན་ནས་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་དཔལ་བཟང་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་ཚོགས་བཅར་བ་ཡོངས་ལ་ལ་གླེ་དགའ་བ་གླིང་ཞེས་པའི་གསོལ་མགྲོན་ཁང་དུ་མཇའ་ཁ་དང་བཀའ་སློབ་བཀྲིན་བསྩལ་གནང་མཛད་པའི་གོ་སྐབས་བཟང་པོ་ཐོབ་ཏེ་གཞོན་ལྷན་གྱི་འགན་ལྷན་ཐེངས་ ༥༣ པ་དེ་བཞིན་ལམ་ལྷོང་ལེགས་གྲུབ་བྱུང་ཡོད།

 

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

Back To Top