བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱང་ཨ་རིའི་འགན་འཛིན་ལྷན་ཚོགས་གཙོས་ལས་རིམ་གཞན་ཁག་གཅིག་གི་ལས་བསྡོམས།

ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༣ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་དང་དྲུང་ཆེ་རྣམ་གཉིས་གཞོན་ལྷན་གྱི་བྱང་ཨ་རིའི་འགན་འཛིན་ལྷན་ཚོགས་ཐེངས་ ༢༠ པར་དམིགས་ཏེ་ཨ་རིར་བདེ་འབྱོར་བྱུང་བ་དང་། ཚེས་ ༤ ཡི་ཉིན་རྒྱབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐབས་དང་པོའི་དབུས་རྒྱུན་དང་རང་བཙན་འཐབ་རྩོད་པ་མཁས་དབང་འཇམ་དབྱངས་ནོར་བུ་ལགས་དང་མཇལ་འཕྲད་ཀྱིས་གཞོན་ལྷན་གྱི་ལས་དོན་ཁག་གཅིག་སྙན་གསེང་ཞུས་ཡོད་པ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དང་ངོ་བོ་གཙོས་ལས་དོན་སྤེལ་ཕྱོགས་སོགས་ཀྱི་ཐད་གོ་བསྡུར་སྦྱང་བཤད་དང་བྱང་ཨ་རིའི་འགན་འཛིན་ལྷན་ཚོགས་ཐེངས་ ༢༠ པའི་དམིགས་བསལ་སྐུ་མགྲོན་དུ་ཕེབས་གནང་ཡོང་བའི་མགྲོན་བརྡ་སོགས་ཕུལ་ཡོད།

ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༦ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མཆོག་ཧྤི་ལ་ཌ་ཧྤེ་ཡར་ཆེད་ཕེབས་ཀྱིས་བོད་རང་བཙན་ལས་འགུལ་བ་དང་རྒྱལ་གཅེས་པ་ཐུབ་བསྟན་ཆོས་ཉིད་མཆོག་གི་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་པ་མ་ཟད། ཁོང་ཉིད་ནས་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༠ ཉིན་ཏེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ པའི་ཉིན་ནས་བཟུང་ཨ་རིའི་རང་བཙན་བསྒྲགས་གཏམ་སྤེལ་སའི་མངའ་སྡེ་པན་སི་ཝེ་ནེ་ཡའི་ཧྤི་ལ་ཌ་ཧྥེ་ཡར་ཡོད་པའི་རང་བཙན་ཚོགས་ཁང་ཆེན་མོའི་ (Independence Hall) མདུན་ཐང་དུ་བོད་རང་བཙན་གྱི་བདེན་པའི་འཐབ་རྩོད་ལ་ཨ་རིའི་གཞུང་མང་གཉིས་ནས་རྒྱབ་སྐྱོར་ཡོང་ཐབས་དང་། བོད་ནང་གི་ཛ་དྲག་གནས་སྟངས་སོགས་དྲིལ་བསྒྲགས་གནང་བཞིན་ཡོད་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཡིད་རངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་ཤིག་ཕུལ་ཏེ་ཉིན་གཅིག་གི་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད། དེ་ཉིན་གྱི་ཕྱི་དྲོ་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མཆོག་ནས་ཧྤི་ལ་ཌ་ཧྤ་ཡར་གནས་བཞུགས་བོད་རིགས་མང་ཚོགས་རྣམས་ལ་བོད་དོན་གཏམ་བཤད་དང་དྲིས་ལན་སོགས་གནང་ཡོད།

 

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱང་ཨ་རིའི་འགན་འཛིན་ལྷན་ཚོགས་ཐེངས་ ༢༠ པ་དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༩ ནས་ ༡༡ བར་ཉིན་གསུམ་རིང་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག་དྷརྨ་ཆོས་ཚོགས་ཀྱི་ཚོགས་ཁང་དུ་སྐོང་ཚོགས་ཞུས། དབུ་འབྱེད་མཛད་སྒོའི་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་དབུ་འཛུགས་གནང་མཁན་གྱི་གྲས་གཞོན་ལྷན་དབུས་རྒྱུན་ཟུར་པ་དང་བཀའ་བློན་ཁྲི་ཟུར་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སྐུ་མགྲོན་གཙོ་བོར་གདན་ཞུས་དང་། དམིགས་བསལ་སྐུ་མགྲོན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐབས་དང་པོའི་དབུས་རྒྱུན་དང་བོད་རང་བཙན་འཐབ་རྩོད་པ་མཁས་དབང་འཇམ་དབྱངས་ནོར་བུ་ལགས། གཞོན་ལྷན་དབུས་རྒྱུན་ཟུར་པ་དང་བྱང་ཨ་རིའི་དམིགས་བསལ་བོད་རིགས་འབྲེལ་མཐུད་པ་སྐུ་ངོ་ཀུན་དགའ་བཀྲ་ཤིས་མཆོག་གཙོས་གཞོན་ལྷན་དབུས་རྒྱུན་ཟུར་པ་དང་། ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་པ། གཞན་ཡང་གཞོན་ལྷན་ས་རྒྱུན་ཟུར་པ་དང་གཞོན་ལྷན་ས་གནས་ཁག་གི་ཚོགས་བཅར་བ་བཅས་ཚང་འཛོམས་ཀྱིས་མཛད་སྒོ་གང་ལེགས་བྱུང་ཡོད་པ་མ་ཟད། ལས་ཉིན་གསུམ་རིང་ས་གནས་ཁག་གི་ལས་བསྡོམས་དང་རྩིས་ཁྲ་སོགས་ལ་ཞིབ་བཤེར་དང་། གྲོས་གཞི་ཁག་ལ་གོ་བསྡུར་སྦྱང་བཤད་ལྷུག་གླེང་གིས་གལ་ཆེའི་གྲོས་ཆོད་ཁག་གཅིག་ཀྱང་གཏན་འབེབས་ཞུ་ཐུབ་པ་བྱུང་བ་བཅས་བྱང་ཨ་རིའི་ཁུལ་གྱི་འགན་ལྷན་ཐེངས་ ༢༠ པ་དེ་བཞིན་ལེགས་གྲུབ་བྱུང་སྟེ་ཉིན་མཐའ་མའི་དགོང་དྲོར་ཚོགས་བཅར་བ་དང་དྭང་བླངས་ཚོགས་མི་ཚོར་ཐུགས་རྗེ་ཆེ་ཞུའི་ཕྱག་འཁྱེར་ཕུལ་ཡོད་པ་མ་ཟད། ལམ་སྲོལ་བཞིན་གཞོན་ལྷན་གྱི་རང་མོས་ཟློས་གར་སོགས་གོ་སྒྲིག་གིས་ཉིན་གསུམ་གྱི་འགན་ལྷན་ཚོགས་འདུ་གང་ལེགས་བྱུང་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་དང་དྲུང་ཆེ་རྣམ་གཉིས་མི་ནི་སོ་ཊ་ས་གནས་གཞོན་ལྷན་དབུ་བརྙེས་ཏེ་ཞབས་ལོ་ ༢༥ ཧྲིལ་པོ་འཁོར་བའི་དུས་སྟོན་མཛད་སྒོར་གདན་འདྲེན་ཞུས་པ་བཞིན་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༥ ཉིན་གྱི་ཕྱི་དྲོར་ས་གནས་སུ་བདེ་འབྱོར་དང་། ས་གནས་གཞོན་ལྷན་གྱི་ཚོགས་གཙོ་དང་ཚོགས་གཞོན་གཉིས་ནས་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད། སྤྱི་ཚེས་ ༡༧ ཉིན་གྱི་སྔ་དྲོར་སྤྱི་ཁྱབ་ཚོགས་གཙོ་དང་དྲུང་ཆེ་རྣམ་གཉིས་ནས་ཨ་རི་མི་ནི་སོ་ཊའི་གཟའ་མཇུག་བོད་ཡིག་སློབ་གྲྭའི་སློབ་ཕྲུག་རྣམས་ལ་གཏམ་བཤད་དང་འཛིན་ཁང་སོགས་ལ་གཟིགས་སྐོར་གནང་ཡོད་པ་དང་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༨ ཉིན་གྱི་དགོང་དྲོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་དང་དྲུང་ཆེ་རྣམ་གཉིས་མི་ནི་སོ་ཊ་ས་གནས་གཞོན་ལྷན་དབུ་བརྙེས་ཏེ་ཞབས་ལོ་ ༢༥ ཧྲིལ་པོ་འཁོར་བའི་དུས་སྟོན་མཛད་སྒོར་གདན་འདྲེན་ཞུས་པ་བཞིན་ཆེད་བཅར་ཞུས་ཡོད་པ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་གལ་གནད་དང་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐད་གཏམ་བཤད་དང་མང་ཚོགས་ཀྱི་དྲི་བར་ལན་འདེབས་སོགས་གནང་ཡོད། སྐབས་དེའི་མཛད་སྒོར་མི་ནི་སོ་ཊར་གནས་བཞུགས་གཞོན་ལྷན་དབུས་རྒྱུན་ཟུར་པ་རྣམ་པ་དང་། ས་རྒྱུན་ཟུར་པ་རྣམ་པ། གཞུང་ཡང་ཚོགས་སྡེ་ཁག་གི་སྐུ་ཚབ་དང་སེར་སྐྱ་མང་ཚོགས་སོགས་མང་དག་ཅིག་ཕེབས་ཡོད་པ་མ་ཟད། ས་གནས་ཀྱི་ཚོགས་སྡེ་ཁག་གཅིག་ནས་གཞས་སྣ་གཟིགས་འབུལ་སོགས་ཀྱི་ལས་རིམ་གང་ལེགས་བྱུང་ཡོད།

ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༩ ཉིན་གྱི་ཕྱི་དྲོ་ནིའུ་ཡོག་དང་ནིའུ་འཇར་སིའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་རྒྱུན་ཟུར་པ་ཁག་གཅིག་གི་གོ་སྒྲིག་འོག་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་དང་དྲུང་ཆེ་རྣམ་གཉིས་ནས་ནིའུ་འཇར་སི་གཞོན་ལྷན་ཚོགས་མི་དང་ས་རྒྱུན་ཟུར་པ་ཁག་ཐུག་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་གཙོས་གཞོན་ལྷན་གྱི་ངོ་བོ་དང་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་གཏམ་བཤད་གོ་བསྡུར་གནང་ཡོད་པ་མ་ཟད། མང་ཚོགས་ཀྱི་དྲི་བར་ལན་འདེབས་དང་ཞལ་འདེབས་བསྡུ་སློང་སོགས་གནང་སྟེ་ལས་རིམ་ལེགས་གྲུབ་བྱུང་ཡོད།

 

ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༣༡ ཉིན་རྒྱབ་གཞོན་ལྷན་དབུས་རྒྱུན་ཟུར་པ་དང་ས་རྒྱུན་ཟུར་པ་བཅས་ལས་གྲུབ་པའི་ཚོགས་ཆུང་ཞིག་གི་རམ་འདེགས་འོག་གཞོན་ལྷན་གྱི་གསོལ་ཇ་འདེགས་འབུལ་གྱི་ལྷན་འཛོམས་ཞེས་པའི་འདུ་འཛོམས་ཤིག་ནིའུ་ཡོག་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་གོ་སྒྲིག་གནང་སྟེ་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་དང་དྲུང་ཆེ་རྣམ་གཉིས་ནས་གཞོན་ལྷན་དབུས་རྒྱུན་ཟུར་པ་དང་ས་རྒྱུན་ཟུར་པ། གཞན་ཡང་གཞོན་ལྷན་གྱི་ལས་འགུལ་ཁག་ལ་རྒྱབ་སྐྱོར་གནང་མཁན་རང་རིགས་ཁག་གཅིག་ལ་མཇལ་འཕྲད་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ལྷན་ཚོགས་ཀྱི་ལས་དོན་ཁག་གཅིག་ངོ་སྤྲོད་ཞུས་ཡོད་པ་མ་ཟད་གཞོན་ལྷན་གྱི་ལས་དོན་ཚགས་ཚུད་ཡོང་སླད་དགོངས་ཚུལ་བརྗེ་ལེན་དང་དཔལ་འབྱོར་བསྡུ་རུབ་ཀྱི་ཞལ་འདེབས་བསྡུ་སློང་སོགས་ཞུས་ཡོད། དེ་ཉིན་གྱི་དགོང་མོར་བྱང་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་སྤྱི་ལོ་གསར་པའི་མཚན་ཚོགས་ལ་ས་གནས་གཞོན་ལྷན་ནས་སྐུ་མགྲོན་དུ་གདན་འདྲེན་ཞུས་པ་བཞིན་ཆེད་བཅར་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཚོགས་དྲྭ་རྒྱའི་ཡོ་ཆས་ཡར་རྒྱས་དང་རྒྱ་སྐྱེད་གཏོང་ཆེད་ལ་དམིགས་ཏེ་དཔལ་འབྱོར་བསྡུ་རུབ་ཀྱི་རྒྱན་ཤོག་ཅིག་ཀྱང་གོ་སྒྲིག་ཞུ་ཐུབ་པ་བྱུང་ཏེ་བྱང་ཨ་རིའི་ལས་དོན་ཡོང་རྫོགས་གང་ལེགས་བྱུང་ཡོད།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

Back To Top