པི་སྟོབས་ལྡན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས།

གསར་འགོད་གསལ་བསྒྲགས།

 

ཉེ་ཆར་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་དྲྭ་ལམ་ཁག་ནང་བརྒྱུད་སྐུར་འགྲོ་བཞིན་པའི་པི་སྟོབས་ལྡན་གྱིས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་བརྙོག་གླེང་དང་འབྲེལ་བའི་བསམ་ཚུལ་ཞིག་སྤེལ་བའི་ནང་། ཧི་མ་ལ་ཡའི་རི་རྒྱུད་ཁག་དང་ལ་དྭགས་གཙོས་པའི་འཛམ་གླིང་སྤྱིའི་ནང་པའི་དད་ལྡན་པ། ལྷག་པར་དུ་གཞིས་བྱེས་བོད་འབངས་ཡོངས་ཀྱི་མགོན་སྐྱབས་སྤྱི་ནོར་༧གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ལ་ཆབ་སྲིད་ཀྱི་ཉེས་མིང་འོག་གཞི་མེད་ཀྱི་བསྙོན་འཛུགས་དང་དོན་མེད་ཀྱི་དཀྲོག་གཏམ་སྤེལ་བར་གཞོན་ནུའི་ནང་ཆོས་མཐུན་ཚོགས་ནས་ངོ་རྒོལ་དང་སྐྱོན་བརྗོད་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། པི་སྟོབས་ལྡན་ཉིད་ནས་མགོན་པོ་མཆོག་ལ་གང་མགྱོགས་དགོངས་སེལ་བཟོད་གསོལ་ཞུས་ཏེ། བོད་དང་ལ་དྭགས། ཧི་མ་ལ་ཡ་གཙོས་པའི་འཛམ་གླིང་སྤྱིའི་བོད་རྒྱུད་ནང་བསྟན་གྱི་རྗེས་འབྲང་བ་དད་ལྡན་ཁྲི་སྟོང་མང་པོའི་སེམས་ཁམས་ལ་རྨ་ཁ་བཟོས་པར་དགོངས་སེལ་དང་། ནོར་འཁྲུལ་ངོས་ལེན་གྱིས་གཞི་མེད་གཏམ་འཆལ་དེ་བཞིན་ངེས་པར་དུ་ཕྱིར་འཐེན་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
དེ་བཞིན་གཞོན་ནུའི་ནང་ཆོས་མཐུན་ཚོགས་ནས་ལ་དྭགས་ནང་གནས་སྡོད་སྤྱི་སྒེར་ཚང་མས་བླ་སློབ་ཀྱི་འབྲེལ་བར་བརྩི་སྲུང་དང་དད་པ་རྩེ་གཅིག་གིས་དོན་མེད་དཀྲོག་གཏམ་སྤེལ་མཁན་ལ་སྐྱོན་བརྗོད་ནན་པོས་བསྒྲགས་གཏམ་སྤེལ་བར་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་རྒྱུ་མ་ཟད། སླད་ཕྱིན་བླ་སློབ་ཀྱི་དམ་ཚིག་ཉམས་གཞི་དང་། བོད་རྒྱུད་ནང་བསྟན་གྱི་བསྐལ་པ་སྟོང་གཞི་བཅས་ཀྱི་འཆལ་གཏམ་དང་བསྙོན་འཛུགས་བྱེད་མཁན་གྱི་གང་ཟག་འདིའི་རིགས་ཡང་དང་སྐྱར་དུ་མི་ཐོན་པའི་འབོད་སྐུལ་ཤུགས་དྲག་དང་བཅས།
བོད་ཀྱི་གཞོན་ནུའི་ནང་ཆོས་མཐུན་ཚོགས་ནས།
བོད་རྒྱལ་ལོ་ ༢༡༤༧ ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡ ཉིན།

 

Back To Top