རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་འགོ་འཛུགས་ཉིན་མོར་གཞོན་ལྷན་ནས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ།

ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡ ཉིན་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་འགོ་བཙུགས་ཏེ་ལོ་ངོ་ཧྲིལ་པོ་ ༧༣ འཁོར་བའི་ཉིན་མོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་སྤོན་ཊ། པུ་རུ་ཝ་ལ། ཧར་པ་སྤུར། ཌལ་ཧོ་སི། རྡ་ས་ས་གནས། ལྡི་ལི་བསམ་ཡས་གླིང་། ལྡི་ལི་རོ་ཧི་ནི་སོགས་ཀྱི་ལས་འགུལ་བ་ ༧༣ ནས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་མདུན་དུ་རྒོལ་མཆོང་གིས་ངོ་རྒོལ་སྐད་འབོད་བྱས་ཏེ་རྒྱ་ནག་དམར་ཤོག་སྲིད་གཞུང་ནས་བོད་ནང་དུ་ལག་བསྟར་བྱས་དང་བྱེད་མུས་ཡིན་པའི་ཐལ་ཆ་ཆེ་བའི་སྲིད་བྱུས་ངན་པ་རྣམས་ལ་ངོ་རྒོལ་དང་། དམིགས་བསལ་རྒྱ་དམར་སྲིད་གཞུང་གི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༢༠ པ་དེ་བཞིན་ཚོགས་ལ་ཉེ་བའི་སྐབས་དེར་རྒྱ་གཞུང་གིས་བོད་མིའི་རིགས་རྫས་ DNA ཞེས་པ་བཙན་དབང་གིས་མཁོ་སྒྲུབ་བྱས་ཏེ་གསང་བའི་ལྟ་སྲུང་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་རྣམས་ཐེར་འདོན་དང་། བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བྱས་པའི་གྲོང་དང་གྲོང་ཁྱེར་ཁག་ནང་རྒྱ་ནད་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཤུགས་ཆེ་བྱུང་ནས་ཧ་ཅང་ཛ་དྲག་གི་གནས་སུ་ལྷུངས་ཡོད་ཀྱང་རྒྱ་དམར་སྲིད་གཞུང་ནས་ ༼ནད་དུག་གཙང་སེལ།༽ ཞེས་པའི་སྲིད་བྱུས་ལ་ཁ་གཡར་ཏེ་བོད་མི་མང་ཚོགས་ལ་འཚོ་སྣོན་རོགས་རམ་དང་། རིམ་ནད་འགོག་སྲུང་ཡོ་ཆས། སྨན་སྦྱོར་དུག་སེལ་སོགས་མཁོ་སྤྲོད་བྱ་རྒྱུ་ཕར་བཞག་དེ་ལས་ལྡོག་སྟེ་བོད་མི་རྣམས་བཙོན་པ་བཞིན་ཁྱིམ་བསྡོད་བཙན་བཀག་གིས་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་གྱིས་གང་སར་འཛིན་བཟུང་བཙན་ཁྲིད་དང་། ཁྲིམས་འགལ་ཉེས་འཛུགས་ཀྱིས་རྡུང་རྡེག་ཚ་ནན་གཏོང་བཞིན་ཡོད་པ་སོགས་བོད་མི་རྣམས་ཀྱི་ལུས་སེམས་གཉིས་ཀར་དཀའ་སྡུག་ཚད་ལས་རྒལ་བ་སྤྲད་དང་སྤྲོད་བཞིན་ཡོད་པ་རྣམས་མྱུར་དུ་མཚམས་འཇོག་དགོས་པའི་དགོས་འདུན་ཡང་བཏོན་ཡོད།

དམིགས་བསལ་ད་ཐེངས་ལས་འགུལ་བ་ཁག་ཅིག་ནས་འགོག་སྲུང་གྱོན་ཆས་ (PPE Kits) གྱོན་པའི་ཐོག་ངོ་རྒོལ་སྐད་འབོད་རྒྱབ་ཏེ་རྒྱ་ནད་ཏོག་དབྱིབས་རིམས་ནད་ཀྱི་འགོག་སྲུང་གི་དམ་དྲག་སྲིད་བྱུས་འོག་མྱངས་དང་མྱོང་བཞིན་པའི་གཞིས་ལུས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཐུབ་པ་བྱས་ཡོད་པ་མ་ཟད། ཕྲེད་དར་སོགས་ཀྱི་ཐོག་རྒྱ་ནག་དམར་ཤོག་སྲིད་གཞུང་ནས་རིམས་ནད་གཙང་སེལ་གྱི་སྲིད་བྱུས་མཚམས་འཇོག་དགོས་ཅེས་པའི་འབོད་ཚིག་སོགས་བྲིས་ཏེ་ངོ་རྒོལ་སྐད་འབོད་རྒྱབ་མཚམས། ལས་འགུལ་བ་རྣམས་རྒྱ་གར་ཉེན་རྟོགས་པས་འཇུ་བཟུང་བཙན་ཁྲིད་བྱས་ཏེ་ཉིན་གང་མན་དིར་མག་ (Mandir Marg) བཀག་ཉར་ཁང་དུ་བཀག་ཉར་བྱས་ཏེ་མཐར་དགོང་མོ་ཕྱག་ཚོད་

༧། ༠༠ པའི་ཐོག་གློད་བཀྲོལ་བཏང་ཡོད། དེ་རྗེས་ལྡི་ལི་བསམ་ཡས་གླིང་ས་གནས་གཞོན་ལྷན་གྱི་གོ་སྒིག་འོག་གཞིས་ལུས་སྤུན་ཟླ་རྣམ་པར་གདུང་སེམས་མཉམ་སྐྱེད་མཚོན་སླད། མར་མེ་ཁྲོམ་སྐོར་ཞིག་གོ་སྒྲིག་བྱས་ཏེ་སྐབས་དེར་གཞོན་ལྷན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ལས་འགུལ་བ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ཁ་བཏགས་གཡོག་ཡོད་པ་མ་ཟད། སྐབས་དེར་ལྡི་ལི་བསམ་ཡས་གླིང་ས་གནས་གཞོན་ལྷན་ནས་ཉིན་དེའི་ལས་འགུལ་གྱི་བརྙན་ཐུང་ཕྱོགས་སྒྲིག་ཞུས་པ་རྣམས་མི་མང་ལ་གཟིགས་འབུལ་གྱིས་མི་མང་ནང་ཁུལ་སེམས་འགུལ་ཐེབས་ཏེ་ལས་འགུལ་བ་རྣམས་ལ་དགའ་བསུ་ཡང་ཆེན་པོ་ཐོབ་ཡོད། མཐར་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐོག་གཏམ་བཤད་དང་། དམིགས་བསལ་ཆབ་སྲིད་ཀྱི་ལས་འགུལ་གང་མང་སྤེལ་རྒྱུའི་དགོས་དམིགས་དང་གྲུབ་འབྲས། དེ་བཞིན་མང་ཚོགས་ནས་ཆབ་སྲིད་ཀྱི་ལས་འགུལ་ནང་མཉམ་ཞུགས་གང་མང་གནང་གལ་ཆེ་ཚུལ་སོགས་ཀྱི་ཐོག་གཏམ་བཤད་སྤེལ་ཏེ་ཉིན་དེའི་ལས་འགུལ་མཇུག་སྒྲིལ་ཞུས་ཡོད།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

Back To Top