ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༢ ནས་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༥ བར་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསུང་ཆོས་བཀའ་དྲིན་བསྩལ་སྐབས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དང་བླངས་སྤྱི་ཚོགས་ཞབས་ཞུ།

ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༠ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྡོར་གདན་གསུང་ཆོས་སྐབས་སྤྱི་ཚོགས་ཞབས་ཞུའི་གོ་སྒྲིག་ཚོགས་ཆུང་སྤྱི་ཁྱབ་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་དང་། ཟུང་དྲུང་ཚེ་རིང་ཆོས་འཕེལ་ལགས་རྣམ་གཉིས་བཞུགས་སྒར་རྡ་ས་ཆེད་ཐོན་གྱིས་ལྡི་ལི་བརྒྱུད་ཕྱི་ཚེས་ ༡༢ ཉིན་གནས་མཆོག་རྡོ་རྗེ་གདན་འབྱོར་རྗེས་གྷ་ཡ་མེ་འཁོར་ལས་ཁུངས་ཀྱི་འགོ་ཁྲིད་དང་། རྡོར་གདན་མཆོད་རྟེན་རིན་པོ་ཆེ་དང་འབྲེལ་བའི་འཛིན་སྐྱོང་དབུ་ཁྲིད་སར་ཆེད་བཅར་གྱིས་གཞོན་ལྷན་གྱི་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་གསལ་བསྒྲགས་ཁང་ཆེད་འཛུགས་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན་བྱེད་ཕྱོགས་ཁག་སྙན་གསེང་དང་སྦྲགས་བཀའ་འཁྲོལ་ཆོག་མཆན་ཞུས་ནས་རྡོར་གདན་མཆོད་བརྟེན་རིན་པོ་ཆེའི་རྒྱལ་སྒོ་དང་པོའི་ཁ་སྤྲོད་གསུམ་མདོ་དེར་གཞོན་ལྷན་གྱི་གསལ་བསྒྲགས་ཁང་དང་། ཛ་དྲག་འབྲེལ་མཐུས་ཁང་། ཅ་ལག་འཚོལ་བརྙེད་འབྲེལ་གཏུག་ཁང་། གྷ་ཡ་མེ་འཁོར་འབབ་ཚུགས་སུ་ཞབས་ཞུ་བཅས་སྡེ་ཚན་བཞི་ཆེད་འཛུགས་ཀྱིས་ཁྱོན་གོ་སྒྲིག་ཚོག་ཆུང་དང་། དང་བླངས་སྤྱི་ཚོགས་ཞབས་ཞུ་བ། མ་བྱན། དབུས་གཞོན་ལྷན་གྱི་རྒྱུན་ལས་ལས་བྱེད་བཅས་མི་གྲངས་ ༨༠ ཙམ་ཡོད་པ་དེ་དག་གི་བསྡོད་ཁང་དང་མལ་གདན། དུས་གསུམ་ཞལ་ལག་དང་བཅས་གོ་སྒྲིག་མཐུས་ཚང་ཞུས།

སྐབས་དེར་གཞོན་ལྷན་གྱི་དང་བླངས་སྤྱི་ཚོགས་ཞབས་ཞུ་བའི་ཁྲོད་རྡ་ས་དང་། ལྡི་ལི། སྒང་ཏོག བྷེང་ལོར། མེང་ལོར། རོ་ཧི་ནི། ས་ལུ་སྒར། བྱམས་པ་གླིང་། ཧ་ཝ་སྤུར་བཅས་ནས་དང་བླངས་སྤྱི་ཚོགས་ཞབས་ཞུ་བ་ཁྱོན་གྲངས་ ༧༠ ཙམ་དང་། མ་བྱན་མ་གཡོག་དང་བཅས་པ་གྲངས་ ༣ བཅས་རིམ་འབྱོར་བྱུང་ཡོད། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་། ལས་བྱེད་རྩིས་པ་བསྟན་འཛིན་མཚམས་གཅོད་ལགས། བོད་ཡིག་ཉམས་ཞིབ་པ་ངག་དབང་ཡར་འཕེལ། ཉམས་གསོག་བསྟན་འཛིན་ཕྱོགས་གླང་བཅས་ཕྱི་ཚེས་ ༡༧ ནས་རིམ་ཐོན་གྱིས་ལྡི་ལི་བརྒྱུད་ཕྱི་ཚེས་ ༢༠ ཉིན་རྡོར་གདན་དུ་མཉམ་འབྱོར་བྱུང་ཡོད། དེ་ལྟར་རྡོར་གདན་གསུང་ཆོས་སྐབས་གཞོན་ལྷན་གྱི་སྤྱི་ཚོགས་ཞབས་ཞུའི་གོ་སྒྲིག་ཚོགས་ཆུང་དང་། ས་གནས་གཞོན་ལྷན་ཁག་ནས་འཕེབས་པའི་དང་བླངས་སྤྱི་ཚོགས་ཞབས་ཞུ་བ། དང་བླངས་སྤྱི་ཚོགས་ཞབས་ཞུ་བའི་མ་བྱན། དེ་བཞིན་གཞོན་ལྷན་གྱི་རྒྱུན་ལས་ལས་བྱེད་དང་བཅས་པ་ཆ་ཚང་ཕྱི་ཚེས་ ༢༡ ཉིན་འབྱོར་ཐོ་བཀོད་ཐུབ་པ་བྱུང་ཡོད།

དེ་ལྟར་ཕྱི་ཚེས་ ༢༢ ཉིན་གྱི་ཞོགས་པ་ཕྱག་ཚོད་ ༡༠ པའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་མཛད་སྐབས་གཞོན་ལྷན་གྱི་དང་བླངས་སྤྱི་ཚོགས་ཞབས་ཞུ་བ་རྣམས་མ་ཧ་ཡ་ན་གསོལ་མགྲོན་ཁང་གི་མདུན་ཐད་ནས་རུ་སྒྲིག་གིས་མཇལ་དར་དཀར་གཙང་དང་བཅས་ཕེབས་བསུ་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྣམ་རྒྱལ་གྲྭ་ཚང་དུ་སྐུ་ཞབས་གསོ་བདེ་བར་འཁོད་མཚམས་ནས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་རྣམས་ལ་གཞོན་ལྷན་གྱི་སྤྱི་ཚོགས་ཞབས་ཞུའི་ལས་དོན་དངོས་སུ་དབུ་འཛུགས་ཞུས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྡོར་གདན་གསུང་ཆོས་སྐབས་སྤྱི་ཚོགས་ཞབས་ཞུའི་སྡེ་ཚན་གཙོ་བོ་བཞི་ཡོད་པ་ལས་དང་པོ་ཛ་དྲག་འབྲེལ་མཐུད་ཁང་ཞེས་པའི་དང་བླངས་ཞབས་ཞུ་བ་རྣམ་པས་རྡོར་གདན་ཁུལ་གྱི་བགྲེས་སོང་འགྲོ་སྐྱོད་དཀའ་ངལ་ཡོད་པ་ཅན་རྣམས་ཀྱི་ཆེད་འཁོར་ལོའི་ཞབས་སྟེགས་ (Wheelchair) དང་བཅས་རྒན་རྒོན་རྣམ་པར་ཞབས་ཞུ་བསྒྲུབས་ཡོད་པ་དང་། དེ་བཞིན་གློ་བུར་གཟུགས་གཞི་བདེ་མིན་གྱིས་དྲན་པ་ཐོར་ནས་ས་ལ་འགྱེལ་བ། ནད་མནར་བ་སོགས་ལ་སྨན་ཁང་བསྟེན་གཏུགས་ཀྱི་རོགས་སྐྱོར། ལྷག་པར་ཉམས་ཐག་འདས་གྲོངས་སུ་སོང་རིགས་ལ་ཕུང་པོ་མེར་སྲེག་ཀྱིས་མཚོན་རྗེས་འཇུག་ཞབས་ཞུ་བསྒྲུབས་པས་དད་ལྡན་ཆོས་ཞུ་བ་རྣམ་པར་ཕན་ཐོག་གང་ལེགས་སྒྲུབ་ཐུབ་པ་བྱུང་ཡོད།

གཉིས་པ་གཞོན་ལྷན་གྱི་གསལ་བསྒྲགས་ཁང་དུ་སྐབས་རིགས་གཙོ་བོ་བོད་དང་། དབྱིན་ཇི། རྒྱ་གར། འབྲུག བལ་ཡུལ། ལ་དྭགས་བཅས་དྲུག་གི་ཐོག་ནས་གསལ་བསྒྲགས་ཞུས་ཡོད་པ་དང་། དེ་ཡང་ནང་དོན་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་དང་འབྲེལ་བའི་གསལ་བསྒྲགས་དགོས་རིགས་ཁག་དང་། དད་ལྡན་ཆོས་ཞུ་བ་རྣམས་ལ་དགོས་ངེས་ཀྱི་ལམ་སྟོན་གསལ་བསྒྲགས་དགོས་རིགས་དང་། དེ་བཞིན་བདེ་སྲུང་དང་འབྲེལ་བའི་གསལ་བསྒྲགས། ཕ་མ་བུ་ཕྲུག་དང་ནང་མི་སྤུན་མཆེད་ཁ་བྲལ་སོང་བ། རྒན་རྒོན་ཁ་བྲལ་སོང་བ་དང་ལམ་ནོར་བོར་བརླགས་སོང་བ། ཅ་དངོས་རིན་ཐང་ཅན་བོར་བརྙེད་བྱུང་རིགས་ཀྱི་གསལ་བསྒྲགས་སོགས་ཞུས་པས་ཕ་མ་བུ་ཕྲུག་དང་ནང་མི་སྤུན་མཆེད། རྒན་རྒོན་སོགས་ངོ་འཕྲད་དང་བརྙེད་སོན་བྱུང་བ། རིན་ཐང་ཅན་གྱི་ཅ་དངོས་རིགས་དོ་བདག་རང་ལ་འཕྲོད་འབྱོར་བྱུང་བ་སོགས་དད་ལྡན་པ་རྣམས་ལ་སྟབས་བདེ་དང་ཕན་རླབས་ཆེན་པོ་སྒྲུབ་ཐུབ་པ་བྱུང་།

གསུམ་པ་ཅ་ལག་འཚོལ་བརྙེད་འབྲེལ་གཏུག་ཁང་ནས་དད་ལྡན་ཆོས་ཞུ་བ་སུ་འདྲ་ཞིག་ལ་ཅ་དངོས་ཁ་པར་དང་། དངུལ་ཁུག ཡིག་ཆ། རྒྱན་ཆ། ལྟོ་ཕད་བོར་རླག་དང་འཁྱེར་ནོར་བྱུང་རིགས་སོགས་རིན་ཐང་ཡོད་མིན་གང་རུང་བརྙེད་སོན་བྱུང་རིགས་ཁག་ཐོ་འགོད་ཀྱིས་གསལ་བསྒྲགས་ཞུས་ཏེ་དོ་བདག་ལེན་མཁན་གྱི་ལག་ཏུ་མ་འཕྲོད་བར་བདག་ཉར་གྱིས་དོ་བདག་དང་ཅ་དངོས་ར་འཕྲོད་ཁ་གསལ་བྱུང་མཚམས་དོ་བདག་སོ་སོར་རྩིས་འབུལ་ཞུ་ཐུབ་པ་བྱུང་ཡོད། སྤྱི་ཚོགས་ཞབས་ཞུའི་དུས་ཡུན་དེའི་རིང་གཞོན་ལྷན་གྱི་ཅ་ལག་འཚོལ་བརྙེད་འབྲེལ་གཏུག་ཁང་དུ་ལག་ཐོག་ཁ་པར་རིགས་གྲངས་ ༡༢ ཙམ་དང་། རྒྱན་ཆ་རྩ་ཆེན་གྲངས་༢ ། དངུལ་ཕོན་ཆེ་ཡོད་པ་དང་མེད་པའི་དངུལ་ཁུག་ཁྱོན་གྲངས་ ༡༤ ། ཅ་དངོས་སྣ་ཚོགས་བླུགས་པའི་ལྟོ་ཕད་གྲངས་ ༡༡ སོགས་དོ་བདག་རང་ལ་རྩིས་འབུལ་ཐུབ་པ་བྱུང་ཡོད། དེ་བཞིན་ཕྲེང་བའི་རིགས་སྣ་ཚོགས་དང་། པར་ཆས། ཕྱག་ཚོད། དངུལ་བྱང་། མོ་ཊའི་ལག་འཁྱེར། ཨ་དྷར་ཀར་ཊེ། ངོ་སྤྲོད་ལག་འཁྱེར་སོགས་མཁོ་རྒུའི་ཡོ་ཆས་སྣ་ཚོགས་ཐོ་འགོད་ཟིན་པ་ཁྱོན་གྲངས་ ༧༠ ཙམ་བརྙེད་སོན་བྱུང་བ་ལས་ཕལ་ཆེ་བ་དོ་བདག་རང་ལ་སྤྲད་ཐུབ་པ་བྱུང་ཡོད། དེ་དག་གི་ཁྲོད་ནས་ཅ་དངོས་ལེན་མཁན་མེད་རིགས་དག་རྡོར་གདན་གསུང་ཆོས་གོ་སྒྲིག་ཚོགས་ཆུང་ལ་རྩིས་སྤྲོད་ཞུས། གཞན་ཡང་དད་ལྡན་མི་མང་ནས་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཚོགས་ཞབས་ཞུར་ཐུགས་རྗེ་ལེགས་གསོལ་གྱི་ཞལ་འདེབས་གནང་འབྱོར་བྱུང་རིགས་ལ་བྱུང་འཛིན་འབུལ་ཐུབ་པ་བྱུང་ཡོད།

བཞི་པ་གྷ་ཡ་མེ་འཁོར་འབབ་ཚུགས་སུ་ས་ཕྱོགས་ཁག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་རོགས་རམ་ཞབས་ཞུ་སྒྲུབ་མཁན་གཞོན་ལྷན་དང་བླངས་སྤྱི་ཚོགས་ཞབས་ཞུ་བ་ཉིན་མོ་དང་མཚན་མོའི་ཚོགས་ཆུང་གཉིས་སུ་བགོས་ཏེ་ཚོགས་ཆུང་རེར་དང་བླངས་བ་གྲངས་ ༡༨ རེ་བྱས་ཏེ་ཁྱོན་གྲངས་ ༣༦ ཡོད་པ་དང་། ཚོགས་ཆུང་སོ་སོས་ཉིན་མོ་དང་མཚན་མོར་གྷ་ཡ་མེ་འཁོར་འབབ་ཚུགས་སུ་དད་ལྡན་ཆོས་ཞུ་བོད་རིགས་སུ་འདྲ་ཞིག་འཕེབས་འབྱོར་བྱུང་རུང་དེ་དག་ལ་རྡོར་གདན་བར་འགྲེམ་འགྲུལ་ལམ་སྟོན་དང་།  རླངས་འཁོར་གླ་རོགས། རྡོག་འཁྲེད་འཁྱེར་རོགས་སོགས་ཆུ་ཚོད་ ༢༤ རིང་ཉིན་མཚན་ཀུན་ཏུ་ལྷག་བསམ་རྣམ་དག་གིས་སྤྱི་ཚོགས་ཞབས་ཞུ་སྒྲུབ་པར་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་རྣམས་འགྲུལ་སྐྱོད་སྟབས་བདེ་དང་དགའ་གུས་ཡི་རང་ཆེན་པོ་བྱུང་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུའི་ཞལ་འདེབས་གནང་མཁན་ཡང་མང་དུ་བྱུང་ཡོད། མ་ཟད་གཞོན་ལྷན་གྱི་རྡོར་གདན་དང་བླངས་སྤྱི་ཚོགས་ཞབས་ཞུ་བ་རྣམས་སྡེ་ཚན་བཞི་པོའི་དང་བླངས་བ་སུ་འདྲ་ཞིག་དུས་ཁོམ་བྱུང་ཚེ་གཞོན་ལྷན་གྱི་རྒྱན་ཤོག་བཙོངས་ཡོད་པ་དང་། འདི་ལོ་རྒྱན་ཤོག་ནི་གཞོན་ལྷན་གྱི་ད་བར་མ་དངུལ་བསྡུ་རུབ་དང་སྤྱི་ཚོགས་ཞབས་ཞུའི་སླད་རྒྱན་ཤོག་འཚོང་སྒྱུར་ཞུས་པ་ལས་ཕོན་ཆེ་ཤོས་བཙོངས་ཐུབ་པ་བྱུང་ཡོད།

ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསུང་ཆོས་དངོས་གཞི་ཕྱི་ཚེས་ ༢༩ ཉིན་ནས་དབུ་འཛུགས་གནང་ཡོད་པ་དང་། གསུང་ཆོས་རྭ་བ་ཞོགས་པའི་ཕྱག་ཚོད་ ༥ ནས་སྒོ་འབྱེད་ཀྱི་ཡོད་ཀྱང་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་རྣམས་ཞོགས་པ་ཕྱག་ཚོད་ ༢ པ་ཙམ་ནས་རུ་སྒྲིག་གིས་གསུང་ཆོས་རྭ་བའི་སྒོ་འགྲམ་དུ་མི་མང་གི་འདུ་འཛོམས་དང་འཚངས་ཀ་ཆེ་བས་གཞོན་ལྷན་དང་བླངས་བ་རྣམས་ཞོགས་པའི་ཕྱག་ཚོད་གསུམ་པ་བཞི་པ་ཙམ་ནས་གསུང་ཆོས་རྭ་བའི་རྒྱལ་སྒོ་ཚང་མར་ཁག་བགོས་ཀྱིས་ཉེན་རྟོག་པ་དང་བདེ་སྲུང་བ་རྣམས་ལ་བདེ་སྲུང་གི་ཞབས་ཞུ་རོགས་རམ་སྒྲུབ་རོགས་ཞུས་པ་དང་། མི་མང་རུ་སྒྲིག གསུང་ཆོས་རྭ་བའི་ནང་གསོལ་ཇ་བག་ལེབ་འདེགས་འབུལ་ཞབས་ཞུ་རོགས་རམ་གང་ལེགས་སྒྲུབ་ཐུབ་པ་བྱུང་བ་དང་། གསུང་ཆོས་གྲོལ་རྗེས་སྡེ་ཚན་སོ་སོའི་དང་བླངས་བ་རྣམས་ཉིན་རེའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་རྣམས་མུ་མཐུད་ཞབས་ཞུ་བསྒྲུབས། དེ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྡོར་གདན་གསུང་ཆོས་ཀྱི་མཛད་འཆར་དང་དགེ་ལྡན་པ་ཡོངས་ཀྱི་བརྟན་བཞུགས་བསྟར་འབུལ་ལེགས་གྲུབ་བྱུང་རྗེས་ནས་དད་ལྡན་ཆོས་ཞུ་བ་རྣམས་ཕྱོགས་སོ་སོར་མཉམ་གཅིག་ཏུ་རང་གནས་སུ་ཕྱིར་ལོག་བྱ་རྒྱུར་སྟབས་བདེ་ཡོང་སླད་གནས་མཆོག་རྡོ་རྗེ་གདན་ནས་བལ་ཡུལ་དང་། ཤི་ལི་ཀུ་རི། ལྡི་ལི་བཅས་པར་འགྲུལ་སྐྱོད་རླངས་འཁོར་ཆེ་བ་གྲགས་གྲས་གོ་སྒྲིག་གིས་དད་ལྡན་ཆོས་ཞུ་བ་རྣམས་རང་གནས་སུ་བདེ་འབྱོར་ཐུབ་པ་བྱུང་ཡོད།

མདོར་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དང་བླངས་སྤྱི་ཚོགས་ཞབས་ཞུ་བ་རྣམས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༢ ནས་འགོ་འཛུགས་ཀྱིས་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༤ བར་ཁྱོན་ཉིན་གྲངས་ ༡༤ རིང་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་རྣམས་རྡོར་གདན་དུ་ཕེབས་འགོ་ཚུགས་པ་ནས་བཟུང་གསུང་ཆོས་ལེགས་གྲུབ་བྱུང་རྗེས་ཕྱིར་རང་གནས་སུ་མ་ཕེབས་བར་གཞོན་ལྷན་གྱི་དང་བླངས་སྤྱི་ཚོགས་ཞབས་ཞུ་བ་རྣམས་ནས་ལྷག་བསམ་རྣམ་དག་གིས་སྤྱི་ཚོགས་ཞབས་ཞུ་བསྒྲུབས་པས་དད་ལྡན་ཆོས་ཞུ་བ་རྣམས་འགྲོ་འདུག་སོགས་གང་ཐད་ནས་སྟབས་བདེ་བྱུང་སྟབས་གཞོན་ལྷན་གྱི་སྤྱི་ཞོགས་ཞབས་ཞུའི་ལས་དོན་ལ་རྒྱབ་སྐྱོར་གྱིས་བསྔགས་བརྗོད་ཆེན་པོ་གནང་བ་དང་ལྷག་པར་མི་མང་གིས་གཞོན་ལྷན་གྱི་ལས་དོན་བྱེད་ཕྱོགས་ལ་དགའ་ཞེན་ཐོབ་པ་བྱུང་བ་མ་ཟད། ཚེས་ ༤ དགོང་དྲོ་ཕྱག་ཚོད་ ༦ པའི་ཐོག་གཞོན་ལྷན་གྱི་རྒྱན་ཤོག་འགྲེམས་ཚོང་ཞུས་པ་གསལ་བསྒྲགས་ཀྱིས་ཨང་རིམ་ཐོབ་མཁན་སོ་སོར་བྱ་དགའ་རྔན་པ་ཇི་ཐོབ་དོ་བདག་རང་ལ་སྤྲད་ཐུབ་པ་བྱུང་ཡོད། དེ་ཉིན་དགོང་དྲོ་རྡོར་གདན་གསུང་ཆོས་སྐབས་གཞོན་ལྷནག་གྱི་དང་བླངས་སྤྱི་ཚོགས་ཞབས་ཞུ་བ་རྣམས་ལ་དམིགས་བསལ་ཞལ་ལག་དང་། མཇལ་དར་ཕྱག་འཁྱེར་བཅས་ཕུལ་ནས་སྤྱི་ཚོགས་ཞབས་ཞུ་ལེགས་གྲུབ་བྱུང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།

ཕྱི་ཚེས་ ༥ ཉིན་གཞོན་ལྷན་སྤྱི་ཚོགས་ཞབས་ཞུའི་གོ་སྒྲིག་ཚོགས་ཆུང་ནས་དང་བླངས་སྤྱི་ཚོགས་ཞབས་ཞུ་བ་རྣམས་དཔལ་ལྡན་ཤ་བ་རིའི་བྲག་ཕུག་དང་། བྱ་རྒོད་ཕུང་པོའི་རི། ན་ལེན་ཏྲ་བཅས་པར་གནས་མཇལ་དུ་ཁྲིད། ཕྱི་ཚེས་ ༦ ཉིན་གཞོན་ལྷན་གྱི་གསལ་བསྒྲགས་ཁང་དང་། བསྡོད་ཁང་སོགས་རྩིས་སྤྲོད་དགོས་རིགས་ཁག་ཁམས་གཙང་རྩིས་རྒྱག་ཞུས། དང་བླངས་བ་རྣམས་རིམ་པར་རང་གནས་སུ་ཕྱིར་ལོག་བྱས། ཕྱི་ཚེས་ ༧ ཉིན་གྱི་ཞོགས་པ་ཕྱག་ཚོད་ ༡༡ ཐོག་གཞོན་ལྷན་གྱི་རྡོར་གདན་སྤྱི་ཚོགས་ཞབས་ཞུའི་གོ་སྒྲིག་ཚོགས་ཆུང་དང་། དེ་བཞིན་རྒྱུན་ལས་ལས་བྱེད་རྣམས་རྡོར་གདན་ནས་ཐད་ཀར་ལྡི་ལིར་མེ་འཁོར་སྤ་སེ་མ་རགས་སྟབས་ཝ་ར་ཎ་སིར་ཐོན་དགོས་བྱུང་ནས་དགོང་མོའི་ཆུ་ཚོད་ ༨ པ་ཙམ་ལ་ཝར་ཎར་བདེ་འབྱོར་གྱིས་བོད་དགོན་གྱི་རྒྱབ་ཕྱོགས་སུ་རྒྱ་གར་གྱི་མགྲོན་ཁང་ཞིག་ཏུ་བསྡད། ཕྱི་ཚེས་ ༨ ཉིན་གྱི་ཞོགས་པ་ཝར་ཎའི་ཁུལ་གྱི་གནས་མཇལ་ཁག་ཞུས་ཏེ་ཉིན་རྒྱབ་ཆུ་མོ་གངས་གྷར་ལྟ་སྐོར་བྱས། ཕྱི་ཚེས་ ༩ ཉིན་ཝར་ཎ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཝར་ཎ་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་གྲངས་ ༦༠ ཙམ་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་གཞོན་ལྷན་གྱི་ལས་དོན་སྤེལ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བར་ལན་འདེབས་ཞུས། དེ་ཉིན་དགོང་མོ་ཝར་ཎ་ནས་ལྡི་ལིར་མེ་འཁོར་བརྒྱུད་ཕྱི་ཉི་སྟེ་ཚེས་ ༡༠ ཉིན་གྱི་དགོང་མོ་ཆུ་ཚོད་ ༨ པའི་ཐོག་ལྡི་ལི་བོད་སྒར་བསམ་ཡས་གླིང་རྩམ་པ་མགྲོན་ཁང་དུ་བདེ་འབྱོར་བྱུང་། ཕྱི་ཚེས་ ༡༡ དགོང་མོ་ལྡི་ལི་ནས་ཆེད་ཐོན་གྱིས་ཕྱི་ཚེས་ ༡༢ ཞོགས་པ་བཞུགས་སྒར་རྡ་སར་བདེ་འབྱོར་བྱུང་ནས་རྒྱུན་ལས་ལས་བྱེད་དང་བཅས་པ་སྔར་རྒྱུན་བཞིན་ལས་བཅར་ཞུ་ཐུབ་པ་བྱུང་ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

Back To Top