དགྲ་བོ་རྒྱ་ནག་གི་མགོ་པོན་ཞི་ཅིང་ཧྥེང་ཨ་རིའི་རྒྱལ་སར་མ་སླེབས་པའི་ཉི་མ་བཅུའི་སྔོན་ཏེ། སྤྱི་ལོ ༢༠༢༦།༩།༡༤ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ནིའུ་ཡོག་དང་ནིའུ་འཇར་སི། ཝ་ཤིང་ཊོན་ཌི་སིའི་བཅས་སུ་གནས་སྡོད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སའི་རྒྱུན་ལས་ལས་ཟུར་དང་། ཚོགས་མི་ ༢༣ ཙམ། དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱི་སྣེ་འཁྲིད་འོག ཚོགས་ཆུང་ཁག་བཞི་ལ་བགོས་ཏེ། ཨ་རིའི་གྲོས་ཚོགས་གོང་འོག་གི་ལས་ཁུངས་ ༤༥ ཙམ་ལ་ཆེད་བཅར་ཞུས་ཏེ། ཡིག་ཐོག་ནས་དགོས་འདུན་དོན་ཚན་བཞི་ཕུལ་བ་ལས། དང་པོ། སྲིད་འཛིན་ཊོམ་དང་ཞི་ཅིང་ཧྥེང་ཐུག་འཕྲད་སྐབས། ཨ་རིའི་ངོས་ནས་བོད་ཀྱི་གནད་དོན་སྐོར་ངེས་པར་གླེང་སློང་ཡོང་བ་དང་། གཉིས་པ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་སྲེག་གནང་བ་དེ་བོད་རང་བཙན་སླར་གསོའི་ཆེད་དུ་གནང་བ་དང་། ད་བར་བོད་མི་ ༡༦༠ ལྷག་གིས་རང་ལུས་མེར་སྲེག་གནང་བ་ཡོངས་རྫོགས་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཆབ་སྲིད་གནད་དོན་ཡིན་པ། གསུམ་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་དེ་བཞིན། བོད་ཀྱི་རིག་གཞུང་མི་རིགས་དང་བཅས་པ་རྩ་མེད་གཏང་ཆེད་ཡིན་པས། ཁྲིམས་འཆར་དེ་ཕྱིར་འཐེན་ཡོང་བ་ཨ་རི་གཞུང་གིས་ངེས་པར་གནོན་ཤུགས་སྤྲད་དགོས་པ། བཞི་པ། ཨ་རིའི་ཕོ་བྲང་དཀར་པོས་བོད་དེ་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་དང་། རྒྱ་ནག་གིས་བཙན་འཛུལ་བྱས་པའི་་རྒྱལ་ཁབ་ཅིག་ཡིིན་པ་ངོས་འཛིན་གནང་དགོས་པ་བཅས་ཀྱི་དགོས་འདུན་དོན་ཚན་བཞིའི་ཐོག་ཞུ་གཏུགས་ཀྱི་ལས་འགུལ་དོན་སྙིང་ལྡན་པ་ཞིག་སྤེལ་ཐུབ་ཡོད།
རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་གཙོས། བོད་ཀྱི་དཔའ་བོ་དཔའ་མོ་ཚོས་བོད་རང་བཙན་སླར་གསོའི་ཆེད་དུ་རླབས་ཆེན་གྱི་བློས་གཏོང་གནང་བའི་ཐུགས་རེ་དང་། ཞལ་ཆེམས། བོད་ཀྱི་མ་འོངས་པའི་མདུན་ལམ་ནི། བོད་རང་བཙན་སླར་གསོ་ཡིན་པ་ལྟར། དེ་རིང་གཞོན་ནུས་གོ་སྒྲིག་འོག ཞུ་གཏུགས་ལ་བཅར་མཁན་གཞོན་ནུའི་་ཚོགས་མི་ཚོས་དང་བླངས་ཀྱིས་ལས་འགུལ་འདིར་མཉམ་ཞུགས་བྱས་པའི་བོད་རང་བཙན་ཞུ་གཏུགས་ཀྱི་ལས་འགུལ་འདི་ཉིད། བོད་རང་བཙན་སླར་གསོའི་གོམ་པ་མདུན་སྐྱོད་ཀྱི་ལེའུ་གཞན་ཞིག་ལགས།
ལྷག་པར་དེ་རིང་ཞུ་གཏུགས་ཀྱི་ལས་རིམ་ནང་གྲོས་ཚོགས་གོང་འོག་གི་ལས་བྱེད་མང་པོས། ཚུར་ང་ཚོ་ལ་བཀའ་དྲིན་ཆེ་གསུངས་ཏེ། བོད་ཀྱི་རྩ་དོན་ལ་སེམས་ཐག་ཧ་ཅང་ཉེ་པོས་ཞུ་གཏུགས་ཀྱི་ཡིག་ཆ་དང་ལེན་དང་། བོད་རང་བཙན་སླར་གསོའི་དགོས་འདུན་ལ་ལྷག་པར་ཐུགས་སྣང་ཆེན་པོ་བྱུང་སོང་བ་དག་ནི། ང་ཚོས་མ་འོངས་བོད་རང་བཙན་སླར་གསོའི་ལས་དོན་རྒྱལ་སྤྱིའི་ཐོག་སྤེལ་སའི་གོ་སྐབས་ཡོད་ངེས་པའི་སྐུལ་འདེད་ལྟ་བུར་གྱུར་ཅིང་། ཞུ་གཏུགས་བཅར་མཁན་ཚོར་བོད་རང་བཙན་སླར་གསོའི་སྙིང་སྟོབས་འཕར་མའི་གཞི་རུ་གྱུར་པའི་གཏམ་བཟང་གི་གནས་ཚུལ་སྙིང་བསྡུས་སུ། སྤྱི་ལོ ༢༠༢༦།༩།༡༤ དགོང་མོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ནས།། །།

