དེ་རིང་ནི་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་མཇུག་སྒྲིལ་བའི་ཉིན་མོ་དེ་ཡིན་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇན་ཏར་མན་ཏར་དུ་ངོ་རྒོལ་ལས་འགུལ་ཞིག་གོ་སྒྲིག་བྱས་ནས་ཞོགས་པའི་ཆུ་ཚོད་ ༡༠ པ་ཙམ་ལ་གོམ་བགྲོད་པ་ཚོས་སྐད་ཤུགས་ཆེན་པོས་འབོད་ཚིག་བསྒྲགས་པ་སྟེ། “བོད་རང་བཙན་གཙང་མ་ཡིན། བོད་ནི་བོད་མིའི་ཡིན། བོད་ནང་དུ་གསོད་བཅོམ་མཚམས་འཇོག་དགོས། བོད་ནང་དུ་རིག་གཞུང་རྩ་རླག་གཏོང་མཚམས་འཇོག་དགོས། མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དེ་ནི་མི་རིགས་བཙན་སྒྱུར་གྱི་ཁྲིམས་ཤིག་ཡིན།” ཞེས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། དེ་རྗེས་ལས་འགུལ་གོ་སྒྲིག་ཚོགས་ཆུང་བ་རྣམས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་རྒྱ་གར་གྱི་སྲིད་བློན་ལས་ཁུངས་སུ་ཆེད་བཅར་གྱིས་ཉེ་ཆར་རྒྱ་དམར་སྲིད་གཞུང་གིས་བོད་ནང་བཙན་འགེལ་བྱས་པའི་མི་རིགས་བཙན་སྒྱུར་གྱི་ཁྲིམས་ཡིག་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་ཆེ་རུ་གཏོང་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་ནག་དང་ལྷན་དུ་གླེང་སློང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། དཔོན་རིགས་ཚོས་སྔོན་མ་ལྟར་དོན་དག་འདིར་མུ་མཐུད་དུ་བལྟ་རྒྱུ་ཡིན་པའི་ཁས་ལེན་བྱས་སོང་བ་དང་། དེ་བཞིན་སྲིད་བློན་ལས་ཁུངས་ལའང་ཞུ་སྙན་ཕུལ་ཏེ། བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མུ་མཐུད་གནང་བར་རྒྱ་གར་དབུས་སའི་གཞུང་དང་མི་མང་ལ་ཐུགས་རྗེ་ཆེ་ཞེས་ཞུས། ཇན་ཏར་མན་ཏར་དུ་ཕྱིར་ལོག་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ནས་ཟླ་བ་གཅིག་ཙམ་རིང་གི་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་གྱི་མཇུག་སྒྲིལ་གཏམ་བཤད་གནང་བ་དང་། བོད་ནང་གི་ཛ་དྲག་གནས་སྟངས་དང་ལས་འགུལ་སྐོར་གསར་འགོད་པ་ཚོར་དྲིལ་བསྒྲགས་བྱས། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ནས་བརྗོད་དོན། “དེ་རིང་ང་ཚོས་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་མཇུག་བསྒྲིལ་ཡོད། འོན་ཀྱང་བོད་རང་བཙན་མ་ཐོབ་བར་དུ་ང་ཚོའི་འགོག་རྒོལ་ལས་འགུལ་མུ་མཐུད་དུ་སྤེལ་དགོས། བོད་རང་བཙན་ཐོབ་ངེས་ཡིན་པ་དང་། ཉིན་མོ་དེ་ནི་ཐག་རིང་པོ་མེད།” ཅེས་བརྗོད་དེ་ཞུ་གཏུགས་ལས་འགུལ་མཇུག་སྒྲིལ་ཞུས།

