ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་གྲངས་ཉི་ཤུ་རྩ་གཅིག་ནས་ཉེར་གསུམ་པ་བར།

Spread the love
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཉིན་ཉི་ཤུ་རྩ་གཅིག་པ།
དེ་རིང་ནི་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་གྱི་ཉིན་ཉི་ཤུ་རྩ་གཅིག་པ་དེ་ཡིན་ཞིང་། ཉིན་མོ་འདིར་སྔ་དྲོ་ཆུ་ཚོད་ ༥:༠༠ ཐོག་སྨོན་ལམ་འདོན་གསུང་འདོན་དང་། གོ་སྒྲིག་ཚོགས་ཆུང་གིས་ཉིན་རེའི་གོམ་བགྲོད་བྱེད་སྒོ་ཞིབ་ཕྲའི་གསལ་བཤད་གནང་རྗེས་ཕྱོགས་ཐོན་གྱིས་ཚ་བའི་ཁྲོད་གོམ་བགྲོད་མུ་མཐུད་བྱས་ཏེ་ཉིན་རྒྱབ་ཆུ་ཚོད་ ༡:༠༠ ཐོག་ཉིན་དགུང་ཞལ་ལག་མཆོད་པ་དང་། དེ་སྐབས་གོམ་བགྲོད་པ་གསུམ་སྟེ། གཞོན་ལྷན་གྱི་ཟུང་དྲུང་ངག་དབང་དཔལ་འབྱོར་ལགས་དང་། དེ་སྐྱིད་གླིང་ས་གནས་གཞོན་ནུའི་ཚོགས་གཙོ་ངག་དབང་དོན་གྲུབ་ལགས། དེ་བཞིན་དེ་སྐྱིད་གླིང་གྱི་གོམ་བགྲོད་པ་ཆོས་ལྡན་ལགས་བཅས་ནས་ལྷག་བསམ་གཏོང་ཕོད་ཆེན་པོས་གོམ་བགྲོད་པ་ཡོངས་ལ་ཉིན་དགུང་ཞལ་ལག་ (KFC) སྦྱིན་བདག་གནང་ནས་ལས་འགུལ་བ་རྣམས་ཚ་བ་དང་ངལ་དུབ་ཀྱིས་ཐང་ཆད་པའི་སྐབས་དེར་ཧ་ཅང་དོན་སྨིན་ལྡན་པ་བྱུང་སོང་བར་ལས་འགུལ་བ་ཡོངས་ཀྱི་ཚབ་ཞུས་ཏེ་སྦྱིན་བདག་རྣམ་པར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་རྗེས་ཕྱི་དྲོ་ཆུ་ཚོད་ ༤:༠༠ ཙམ་ལ་གོམ་བགྲོད་པ་རྣམས་ཐལ་སོ་ནི་པཏ་ཏུ་འབྱོར་བ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (BTSM) རྒྱལ་ཡོངས་ཀྱི་སྤྱི་ཁྱབ་དྲུང་ཆེ་པན་ཀ་ཇི་གོ་ཡལ་ལགས་དང་། སོ་ནི་པཏ་ས་གནས་ཀྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (BTSM) ཚོགས་མི་སུ་ཤིལ་ཀུ་མར་ལགས་ཀྱིས་དབུ་ཁྲིད་པའི་ཚོགས་མི་རྣམས་ནས་དགའ་བསུ་ཆེན་པོ་སྣེ་ལེན་ཞུས། ཁོང་རྣམ་པས་སོ་ནི་པཏ་ས་རོ་ཇི་མཱ་ཏཱ་མཎྜིར་དུ་གོམ་བགྲོད་པ་རྣམས་མཚན་མོར་ཞག་སྡོད་བཞུགས་གནས་བཀོད་སྒྲིག་ཡག་པོ་གནང་འདུག་པས་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ནི་མཎྜིར་གྱི་མ་ཧཱ་རཱ་ཇི་ཤྲི་ཝི་ཀཱ་ཤི་ལགས་ཡིན་ཞིང་། ཁོང་གིས་གོམ་བགྲོད་པ་རྣམས་ལ་དགའ་བསུ་ཞུ་བཞིན་བོད་ཀྱི་རྒྱལ་གཅེས་དཔའ་བོ་གོམ་བགྲོད་པ་རྣམས་ལ་སྣེ་ལེན་ཞུ་རྒྱུ་ནི་གཟི་བརྗིད་ཅིག་རེད། དེ་རིང་ནས་བཟུང་བོད་མི་རྣམས་མཎྜིར་འདིར་རྟག་ཏུ་བཞུགས་ཆོག ཉིན་ཞིག་བོད་རང་བཙན་ཐོབ་པ་དང་ང་ཚོ་མཉམ་དུ་གངས་རིན་པོ་ཆེ་མཇལ་དུ་འགྲོ་ཡི་ཡིན་ཞེས་གསུངས། དེ་ལྟར་ཉིན་མོ་འདིའི་གོམ་བགྲོད་ལས་འགུལ་མཇུག་སྒྲིལ་བ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ནས་རྒྱ་གར་ནང་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་གནང་མུས་ལའང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (BTSM) རྒྱལ་ཡོངས་ཀྱི་དབུ་ཁྲིད་ཤྲི་པན་ཀ་ཇི་གོ་ཡལ་ལགས་དང་། ཧཱ་རི་ཡ་ན་མངའ་སྡེའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་ཀྱིས་ཧཱ་རི་ཡ་ན་མངའ་སྡེ་ནང་གཞོན་ལྷན་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ཐོག་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་རིམ་པར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་གྱི་ཉིན་ཉེར་གཉིས་པ།
དེ་རིང་ནི་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་གྱི་ཉིན་ཉེར་གཉིས་པ་དེ་ཡིན་ཞིང་། སྔ་དྲོའི་ཆུ་ཚོད་ལྔ་པའི་ཐོག་སྔར་རྒྱུན་བཞིན་སྨོན་ལམ་གསུང་འདོན་དང་། དེ་ནས་གོ་སྒྲིག་ཚོགས་ཆུང་གིས་དེ་རིང་གི་ལས་རིམ་དང་དམིགས་ཡུལ་ཞིབ་ཕྲ་ངོ་སྤྲོད་གནང་རྗེས་གོམ་བགྲོད་འགོ་འཛུགས་ཞུས། དེ་ལྟར་གོམ་བགྲོད་པ་རྣམ་པས་གནམ་གཤིས་ཇི་ལྟར་ཚ་བ་ཆེ་ནའང་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པར་གོམ་བགྲོད་ཀྱིས་ཉིན་གུང་ཆུ་ཚོད་ ༡༢ །༣༠ ཐོག་སིང་དྷུ་ས་མཚམས་སུ་འབྱོར་བ་དང་། དེར་ཆུ་བཞི་སྒང་དྲུག་དབུས་རྒྱུན་ལས་དང་ལྡི་ལི་ས་གནས་རྒྱུན་ལས་གཉིས་ནས་དགའ་བསུའི་སྣེ་ལེན་དང་། བོད་དོན་འཐབ་རྩོད་སླད་ལྷག་བསམ་དང་སྙིང་སྟོབས་ཆེན་པོའི་གོམ་བགྲོད་ལས་འགུལ་ལ་བསྔགས་བརྗོད་ཆེན་པོ་གནང་། དེ་རྗེས་ཕྱི་དྲོའི་ཆུ་ཚོད་ ༣ པའི་ཐོག་རོ་ཧི་ནི་ས་གནས་གཞོན་ནུའི་སློབ་ཕྲུག་རྒྱུན་ལས་ནས་གོམ་བགྲོད་པ་རྣམས་ཀྱི་བཞུགས་གནས་སུ་གུས་བཀུར་ཆེན་པོས་ཆེད་བཅར་གྱིས་སྣེ་ལེན་དང་གང་གཟབ་གནང་བ་དེས། གཞོན་སྐྱེས་ཚོས་བོད་མིའི་རང་བཙན་འཐབ་རྩོད་ལས་འགུལ་ནང་རྒན་རབས་པ་ཚོའི་ལྷག་བསམ་དང་སྙིང་སྟོབས། བློས་གཏོང་བཅས་པར་བརྩི་མཐོང་དང་གདེང་འཇོག་ཆེན་པོ་གནང་གི་ཡོད་པ་མཚོན་ཐུབ་པ་ཞིག་རེད། ཐབ་ཚང་རུ་ཁག་ནས་དགོང་དྲོའི་ཞལ་ལག་ནི་བོད་པ་རང་གི་སྲོལ་རྒྱུན་གྱི་ཞལ་ལག་གྲ་སྒྲིག་གནང་འདུག་པ་བཅས་དེ་རིང་གི་གོམ་བགྲོད་ལས་འགུལ་མཇུག་སྒྲིལ་ཞུས། སང་ཉིན་ནི་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་དེ་བཞིན་མཇུག་སྒྲིལ་ཞུ་རྒྱུ་དང་། ཕྱི་ཟླ་ ༤ ཚེས་ ༢༥ བར་མུ་མཐུད་ནས་ལྡི་ལིའི་ནང་ཞུ་གཏུགས་ལས་འགུལ་སོགས་ལས་འགུལ་མུ་མཐུད་ནས་སྤེལ་ནས་དེ་ཉིན་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་དེ་བཞིན་ཡོངས་སུ་མཇུག་སྒྲིལ་ཞུ་རྒྱུ་ཡིན།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་གྱི་ཉིན་ཉེར་གསུམ་པ།
དེ་རིང་ནི་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་གྱི་ཉིན་ཉེར་གསུམ་པ་དེ་ཡིན་ཞིང། དེ་རིང་ཞོགས་པ་ཆུ་ཚོད་ ༤:༣༠ ཐོག་སྨོན་ལམ་གསུང་འདོན་དང་གོ་སྒྲིག་ཚོགས་ཆུང་གིས་ལས་རིམ་ངོ་སྤྲོད་ཞུས་རྗེས་གོམ་བགྲོད་ལས་འགུལ་འགོ་བཙུགས་པ་དང་། དེ་རིང་ནི་གོམ་བགྲོད་ལས་འགུལ་བ་རྣམས་རྒྱ་གར་རྒྱལ་ས་ལྡི་ལིར་འབྱོར་བའི་ཉིན་མོ་ཞིག་ཡིན་པ་དང་གོམ་བགྲོད་ལས་འགུལ་གྱི་ཉིན་མཐའ་མ་དེ་ཡང་ཆགས་ཡོད། ལྡི་ལིའི་ནང་གི་ཚ་བར་མ་འཛེམས་པར་གོམ་བགྲོད་མུ་མཐུད་ནས་གནང་མཐར་ཉིན་དགུང་ཆུ་ཚོད་ ༡:༣༠ ཐོག་ལྡི་ལི་བསམ་ཡས་གླིང་བོད་པའི་གཞིས་སྒར་དུ་བདེ་འབྱོར་བྱུང་ཞིང་། ཉིན་དགུང་ཞལ་ལག་དེ་བཞིན་ལྡི་ལི་ཆུ་སྒང་གི་ཚོགས་ཁང་དུ་དགུང་ཚིགས་ལ་རོལ་ཡོད་པ་དང་། ཞལ་ལག་འདི་ནི་ཨེ་པོལ་གསོལ་ཚང་ནས་གོམ་བགྲོད་པ་རྣམས་ལ་སྦྱིན་བདག་གནང་བ་ཞིག་རེད། དེ་རྗེས་ཕྱི་དྲོའི་ཆུ་ཚོད་ ༤:༠༠ ཐོག་གོམ་བགྲོད་པ་རྣམས་ལྡི་ལི་བསམ་ཡས་གླིང་བོད་ཁྱིམ་ཉིན་མོའི་སློབ་གྲྭ་རུ་འབྱོར་ཞིང་། དེར་བསམ་ཡས་གླིང་བོད་མི་རྣམས་ནས་ཞྭ་མོ་ནག་པོའི་གོམ་བགྲོད་པ་ཡོངས་ལ་དགའ་བསུ་དང་འཕེབས་བསུའི་སྣེ་ལེན་གཟབ་རྒྱས་གནང་། དེར་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་གྱི་མཇུག་བསྡོམས་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཟུང་དྲུང་ངག་དབང་དཔལ་འབྱོར་ལགས་ནས་མཛད་སྒོའི་གཙོ་སྐྱོང་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ལྕམ་ཇོ་སི་ན་མཆོག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་པན་ཀ་ཇི་གོ་ཡལ་མཆོག ཆོས་ལུགས་ཡོངས་ཀྱི་གྲོས་ཚོགས་ཀྱི་འགན་འཛིན་ཨེ་ཨར་ཤཱ་ཤིན་ཀའོམ་མུའུ་ལན་ཇི་མཆོག་བཅས་ནས་གསུང་བཤད་རིམ་པར་གནང་བ་དང་། དེ་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ནས་མཛད་སྒོའི་སྐུ་མགྲོན་དང་ཚོགས་བཅར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། མཇུག་བསྡོམས་མཛད་སྒོ་གྲུབ་རྗེས་དགོང་དྲོའི་ཞལ་ལག་དེ་བཞིན་རུ་རོ་མིའོ་དང་ཇུ་ལི་ཡེཊ་གསོལ་ཚང་གཉིས་ནས་སྦྱིན་བདག་གནང་བས་གོམ་བགྲོད་པ་ཡོངས་ཀྱི་ཚབ་ཞུས་ཏེ་ལྷག་བསམ་གཏོང་ཕོད་ཅན་གྱི་གསོལ་ཚང་གི་སྦྱིན་བདག་ངག་དབང་ནོར་བུ་ལགས་དང་། ཀརྨ་ཀུན་བཟང་ལགས་རྣམ་གཉིས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་མ་ཟད། གསོལ་མགྲོན་ཁང་ནས་གོམ་བགྲོད་ལས་འགུལ་བ་རྣམས་ལ་ཞག་མ་གསུམ་གྱི་བཞུགས་གནས་གོ་སྒྲིག་མཐུན་འགྱུར་གནང་བར་གསོལ་མགྲོན་ཁང་གི་སྦྱིན་བདག་དང་འབྲེལ་ཡོད་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། མཐའ་དོན་ཚ་བ་དང་ངལ་དུབ་ཇི་ལྟར་ཆེ་ན་ཡང་། བོད་རང་བཙན་འཐབ་རྩོད་ཀྱི་སྙིང་སྟོབས་ནི་ནམ་ཡང་ཉམས་པ་མེད་ཅེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་དེ་བཞིན་ལྡི་ལི་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་ཞུ་གཏུགས་ལས་འགུལ་མ་གཏོགས་གཞན་དེ་རིང་གོམ་བགྲོད་ཡོངས་སུ་མཇུག་སྒྲིལ་ཞུས་པའོ།
Back To Top