
༄༅། །ལྷག་བསམ་ཡངས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་འཇིགས་རྟེན་འདི་ནས་ཕྱི་མའི་སྔ་ལམ་དུ་གཤེགས་ནས་ཡིད་སྐྱོའི་གནས་ཚུལ་ཐོས་པར་ཧ་ཅང་བློ་ཕམ་དང་བཅས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་གཞོན་ལྷན་དབུས་སའི་རྒྱུན་ལས་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཞབས་ཁོང་གི་གཞོན་ལྷན་སྒྲིག་འཛུགས་གཙོས་པའི་བོད་མི་རིགས་ཀྱི་འཐབ་རྩོད་ལ་བཅངས་པའི་ལྷག་བསམ་དང་སྙིང་སྟོབས་བཅས་རྗེས་སུ་དྲན་པའི་སྒོ་ནས་མྱ་ངན་གུས་བཏུད་ཞུ་རྒྱུ་ཡིན། དམ་པ་ཁོང་ནས་ཕྱི་ལོ་ ༡༩༧༤ ནས་ ༡༩༧༧ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རིག་གཞུང་འགན་འཛིན་དང་སྤྱི་ཁྱབ་དྲུང་ཆེ་གཅིག་ལྕོགས་ཀྱི་ཕྱག་ལས་གནང་ཡོད། སྤྱིར་དམ་པ་དེ་ཉིད་ནི། ཕྱི་ལོ་ ༡༩༤༧ ཟླ་བ་ ༤ ཚེས་ ༡༥ ཉིན་བོད་གསང་སྔགས་ཆོས་གླིང་དུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༩ ལོར་རང་གི་བུ་སྤུན་བཞི་དང་གཅུང་མོ། ཕ་མ་བཅས་དང་ལྷན་དུ་བཙན་བྱོལ་དུ་ཕེབས། ཕྱིས་སུ་ཕྱི་ལོ་ ༡༩༥༩ ལོར་མི་ས་མ་རིའི་ (Missamari) བཙན་བྱོལ་གཞིས་ཆགས་བསྟི་གནས་ནས་བོད་ཕྲུག་ ༢༥ ཞིག་བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ་གསར་འཛུགས་བྱས་པ་མ་སུ་རི་སློབ་གྲྭར་འདེམས་ཐོན་བྱུང་ཞིང་དབྱིན་ཧིན་གྱི་སྐད་ཡིག་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༦༡ ལོར་མ་སུ་རིའི་འོན་བག་ཨེ་ལན་སློབ་གྲྭར་སློབ་ཡོན་ཐོབ་སྟེ་སློབ་ཕྲུག་གཞན་གསུམ་དང་ལྷན་དུ་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༦༦ ལོར་འོན་བག་ཨེ་ལན་སློབ་གྲྭ་ནས་བསླབ་པ་མཐར་སོན་གྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་མགོ་བརྩམས་ཡོད་པ་རེད། ཕྱི་ལོ་ ༡༩༦༦ ནས་ ༡༩༦༨ བར་ནང་སྲིད་དང་ཤེས་རིག་ལས་ཁུངས་སོ་སོར་དབྱིན་ཡིག་ཞབས་ཞུ་བསྒྲུབས་གནང་ཡོད། ཕྱི་ལོ་ ༡༩༦༨ ནས་ ༡༩༧༣ བར་དབྱིན་ཡུལ་དུ་སློབ་གཉེར་གནང་ནས་ཌུར་ཧམ་ (Durham University) གཙུག་ལག་སློབ་ཁང་ནས་སྲིད་དོན་དང་སྤྱི་ཚོགས་ཚན་རིག་ཐད་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཕྱག་འཁྱེར་བཞེས། དེ་རྗེས་ཕྱི་ལོ་ ༡༩༧༤ ལོར་རྒྱ་གར་དུ་ཕྱིར་ཕེབས་ཀྱིས་ནང་སྲིད་ལས་ཁུངས་ཀྱི་རྒན་དྲུང་གི་ཕྱག་ལས་གནང་། ཕྱི་ལོ་ ༡༩༧༤ ནས་ ༡༩༧༧ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རིག་གཞུང་འགན་འཛིན་དང་སྤྱི་ཁྱབ་དྲུང་ཆེ་གཅིག་ལྕོགས་ཀྱི་ཕྱག་ལས་གནང་ཡོད། ཕྱི་ལོ་ ༡༩༧༦ ནས་ ༡༩༧༧ ལོར་ལྡི་ལི་དོན་གཅོད་ཀྱི་དྲུང་ཆེའི་ལས་ཚབ་དང་། ཕྱི་ལོ་ ༡༩༨༡ ལོར་དོན་གཅོད་ངོ་མར་བསྐོ་བཞག་གནང་། ཕྱི་ལོ་ ༡༩༨༣ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་བློན་དུ་བསྐོ་བཞག་དང་ལྡི་ལི་དོན་གཅོད་གཅིག་ལྕོགས་ཀྱི་ལས་གནས་བཞེས། ཕྱི་ལོ་ ༡༩༨༣ ནས་ ༡༩༨༦ བར་བདེ་སྲུང་དང་ནང་སྲིད། ཕྱི་དྲིལ་བཅས་ཀྱི་བཀའ་བློན་གྱི་མཛད་འགན་ཐོག་ལྡི་ལི་དོན་གཅོད་སྔར་མུས་ལྟར་གནང་། ཕྱི་ལོ་ ༡༩༨༦ ནས་ ༡༩༨༧ བར་ལྡི་ལི་དོན་གཅོད་ཀྱི་མཛད་འགན་བཞག་སྟེ་ལྡི་ལིར་རང་གཞུང་གི་སྲིད་ཕྱོགས་དང་འབྲེལ་བའི་ཞབས་འདེགས་བསྒྲུབས་གནང་ཡོད། ཕྱི་ལོ་ ༡༩༨༧ ནས་ ༡༩༩༠ བར་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐྱར་བསྐོ་གནང་ཐོག་ཤེས་རིག་དང་ཕྱི་དྲིལ་བཀའ་བློན་གྱི་མཛད་འགན་གཅིག་ལྕོགས་སུ་བཞེས། ཕྱི་ལོ་ ༡༩༨༨ ལོར་ ༸གོང་ས་མཆོག་ནས་བོད་རྒྱ་འབྲེལ་མོལ་སྐུ་ཚབ་ཚོགས་པའི་ཚོགས་གཙོར་བསྐོ་བཞག་གནང་། ཕྱི་ལོ་ ༡༩༩༠ ནས་ ༡༩༩༡ ལོར་བཀའ་བློན་ནས་དགོངས་ཞུས་ཀྱིས་ལྡི་ལི་སྐུ་ཚབ་དོན་གཅོད་མུ་མཐུད་གནང་། ཕྱི་ལོ་ ༡༩༩༢ ནས་ ༡༩༩༣ བར་༸གོང་ས་མཆོག་ནས་སླར་ཡང་བཀའ་བློན་དུ་འདེམས་ཐོན་གྱིས་ཕྱི་དྲིལ་དང་བདེ་སྲུང་བཀའ་བློན་སོགས་ཀྱི་མཛད་འགན་བཞེས། ཕྱི་ལོ་ ༡༩༩༣ ནས་ ༡༩༩༤ བར་བདེ་སྲུང་གི་ལས་གནས་བཞག་སྟེ་མུ་མཐུད་ཕྱི་དྲིལ་བཀའ་བློན་གྱི་ལས་གནས་བཞེས། ཕྱི་ལོ་ ༡༩༩༤ ནས་ ༡༩༩༥ བར་འཕྲོད་བསྟེན་བཀའ་བློན་དང་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་མཛད་འགན་གཅིག་ལྕོགས་སུ་བཞེས། ཕྱི་ལོ་ ༡༩༩༦ ནས་ ༡༩༩༩ བར་སླར་ཡང་ཕྱི་དྲིལ་གྱི་བཀའ་བློན་གནང་བ་དང་ཕྱི་ལོ་ ༡༩༩༩ ནས་ ༢༠༠༡ བར་ཆོས་རིག་བཀའ་བློན་གྱི་མཛད་འགན་བཞེས། ཕྱི་ལོ་ ༢༠༠༢ ལོར་བཀའ་བློན་གྱི་ལས་དུས་ཚང་རྗེས་ལྡི་ལི་སྐུ་ཚབ་དོན་གཅོད་དང་། ཕྱི་ལོ་ ༢༠༠༤ ལོར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མིར་འདེམས་བསྐོ་བྱུང་བ་དང་། ཕྱི་ལོ་ ༢༠༠༥ ལོར་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་བཞེས། ཕྱི་ལོ་ ༢༠༠༩ ཟླ་བ་ ༡ པོ་ནས་སྦར་སིལ་སྐུ་ཚབ་དོན་གཅོད་ཀྱི་མཛད་འགན་བཞེས་ཏེ་ ༢༠༡༡ ལོར་སྦར་སིལ་སྐུ་ཚབ་དོན་གཅོད་ནས་དགོངས་ཞུས་ཀྱིས་ཁེ་ན་ཌར་བརྟན་བཞུགས་གནང་ཡོད་པ་མ་ཟད། དམ་པ་ཁོང་ཉིད་ནས་སྐུ་ཚེ་གང་པོར་བོད་བསྟན་སྲིད་མི་རིགས་ཀྱི་ལས་དོན་ཞུ་སྒོ་ཁག་ལ་ལྷག་བསམ་དང་སྙིང་སྟོབས་ཞུམ་མེད་ཀྱིས་སྲི་ཞུ་ལོ་མང་བསྒྲུབས་ཏེ་ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༡ ཉིན་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་ཤུལ་ལུས་ནང་མི་སྤུན་མཆེད་དང་། དགའ་ཉེ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་མ་ཟད། དམ་པ་ཁོང་སླར་ཡང་གང་མགྱོགས་བོད་ཆོས་ལྡན་གྱི་ཞིང་དུ་འཁྲུངས་རྒྱུར་གཞོན་ལྷན་དབུས་སའི་རྒྱུན་ལས་ཚོགས་མི་ཡོངས་ནས་བསྔོ་སྨོན་ཤུགས་དྲག་ཞུ་རྒྱུ་ཡིན། །