བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བསྒྲགས་གཏམ།

བོདཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བསྒྲགས་གཏམ།

 

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མ་ོདང་། བོད་མིའི་་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ མཆོག་ལ་ནོ་བལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་ཉིན་མོའ་དུས་དྲན་སྲུང་བརྩི་འི་བསྒྲགས་གཏམ།

དེ་རིང་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཐེངས་ ༧༧ པ་སྲུང་བརྩི་ཞུ་བའི་ཉིན་མོ་ཡིན་པ་དང༌། ལྷག་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོར་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་དྲན་ཉིན་མོ་ཐེངས་ ༣༦ པ་སྲུང་བརྩི་ཞུ་བའི་ལོ་རྒྱུས་རང་བཞིན་ཅན་གྱི་གལ་ཆེའི་ཉིན་མོ་ཞིག་ཡིན། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་བརྒྱུད་རྒྱལ་ཁབ་དང་མིའི་རིགས་ལ་དཀའ་སྡུག་ཚད་ལས་བརྒལ་བ་ཞིག་བྱུང་བར་བརྟེན་ཕྱི་ལོ་ ༡༩༤༨ ཟླ་ ༡༢ ཚེས་ ༡༠ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབས་ཐད་རྩ་དོན་འཛིན་པའི་རྒྱལ་སྤྱིའི་རང་བཞིན་གྱི་དོན་ཚན་ ༣༠ ཅན་གྱི་ཡིག་ཆ་ཞིག་བཞག་ཡོད་པ་དེ་ནས་བཟུང་དུས་ཚིགས་དེར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་གཏན་འབེབས་བྱུང་ཡོད། དེ་བཞིན་རྒྱ་དམར་སྲིད་གཞུང་གིས་བོད་དུ་དྲག་པོས་བཙན་བཟུང་བྱས་ནས་བོད་དང་བོད་མིར་དཀའ་སྡུག་ཚད་ལས་བརྒལ་བ་སྤྲད་པར་བརྟེན། བོད་དང་བོད་མིའི་བདེ་སྡུག་སེལ་སླད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་ཐོག་ནས་བོད་དོན་བདེན་པའི་འཐབ་རྩོད་གནང་བ་དང༌། ལྷག་པར་འཛམ་གླིང་ཞི་བདེ་ཡོང་སླད་རིས་མེད་སྐྱེ་འགྲོ་ཐམས་ཅད་ལ་བྱམས་པ་དང་བརྩེ་བས་ཕན་བདེའི་མཛད་པ་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་པར་བརྟེན། ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན་ནོར་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ད་བར་ལོ་ ༣༦ ཧྲིལ་པོ་འཁོར་བཞིན་ཡོད་སྟབས་དུས་ཚིགས་འདི་གཉིས་ཀྱི་རྒྱབ་ལྗོངས་ན་ཧ་ཅང་ཡ་ང་ཞིང་ཡིད་སྐྱོ་དགོས་པའི་ལོ་རྒྱུས་ཡུན་རིང་ལྡན་པའི་གལ་ཆེའི་ཉིན་མོ་ཞིག་ཡིན་པ་རྗེས་སུ་དྲན་པའི་སྒོ་ནས་དེ་རིང་གི་གལ་ཆེའི་དུས་དྲན་ཉིན་མོ་འདི་སྲུང་བརྩི་ཞུ་རྒྱུ་ཡིན།

རྒྱ་དམར་སྲིད་གཞུང་གིས་བོད་དུ་དྲག་པོའི་བཙན་འཛུལ་བྱས་པ་ནས་བཟུང་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་ཟིན་པ་དང༌། བོད་པའི་ཆོས་དང་རིག་གཞུང་སློབ་གཉེར་བྱེད་སའི་བསྟི་གནས་བོད་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་གྲྭ་ཚང་ཆེ་ཁག་རྩ་གཏོར་དང་གཏོར་བཤིག་ཚབས་ཆེན་བཏང་ཡོད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང༌། ཡུལ་སྲོལ་གོམས་གཤིས་དང་བཅས་པ་རྩ་མེད་བཟོ་ཆེད་བོད་ཕྲུག་རྣམས་རང་གི་ཕ་མ་དང་ཁ་བྲལ་དུ་བཏང་ནས་བཅའ་སྡོད་སློབ་གྲྭ་ཁག་ལ་བཙན་འཇུགས་ཀྱིས་དམར་ཤོག་གི་ལྟ་བ་དང་སློབ་གསོ་བཙན་ཁྲིད་བྱས་མི་རིགས་ཀྱི་ངོ་བ་སྒྱུར་བའི་སྲིད་བྱུས་སྤེལ་ནས་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་ཡོད། དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་རྩིས་མེད་རྡོག་རོལ་གྱིས་ཉེས་མེད་འཛིན་བཟུང་བཙོན་འཇུག་བྱས་པའི་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་གི་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ལ་སྡུག་སྦྱོང་མནར་གཅོད་དང༌བོད་མིའི་རིགས་རྫས་བསྡུ་ལེན། ཆོས་དད་རང་དབང༌སྨྲ་བརྗོད་རང་དབང༌། བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་རང་དབང༌། འགྲོ་འདུག་གི་རང་དབང་སོགས་མེད་པར་ཉིན་མཚན་དུས་དྲུག་ཏུ་དམ་དྲག་སྲིད་བྱུས་འོག་བོད་མི་རྣམས་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད། དེར་བརྟེན་བོད་ཕྱི་ནང་གཉིས་ནས་ད་བར་བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་ ༢༠༠ མ་ཟིན་ཙམ་གྱིས་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཡོངས་སུ་བློས་གཏོང་གིས་རང་ལུས་མེར་སྲེག་ཀྱང་བཏང་ཡོད། འདི་ནི་འཛམ་གླིང་རྒྱལ་སྤྱིའི་ཐོག་རང་དབང་རང་བཙན་དང་དྲང་བདེན་གྱི་ཆེད་རང་ལུས་མེར་སྲེག་གནང་མཁན་གྲངས་འབོར་མང་ཤོས་ཀྱི་མི་རིགས་ཤིག་ཡིན།

ཡང་སྒོས་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་འདྲ་མིན་ནང་གཏེར་ཁ་སྔོག་འདོན་དང་། ཤིང་ནག་གཅོད་བྲེགས། ཆུ་མཛོད་གསར་རྒྱག་གཙང་ཆུ་ཁ་སྒྱུར། གློག་ཁང་འཛུགས་སྐྲུན། རྡུལ་ཕྲན་ཚོན་ཆའི་བཟོ་གྲྭ་སོགས་འཛུགས་སྐྲུན་ཚོད་མེད་བྱས་ཏེ་བོད་ཀྱི་རྩ་ཆེའི་ལོ་རྒྱུས་རང་བཞིན་ཅན་གྱི་གནས་རི་དང་ཡུལ་ལུང་ཁག་ལ་གཏོར་བཤིག་དང༌། རྡབ་གསིགས་ཚབས་ཆེན་བཏང་བ་སོགས་ལ་བརྟེན་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་འགྱུར་བ་ཆེན་པོ་ཕྱིན་ཏེ་ད་ཆ་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཧི་མ་ལ་ཡའི་རི་རྒྱུད་དུའང་འབྱུང་བཞིའི་གོད་ཆགས་ཚབས་ཆེ་བྱུང་ནས་ཨེ་ཤེ་ཡའི་མི་མང་ས་ཡ་མང་པོའི་འཚོ་གནས་ལ་དཀའ་ངལ་སྤྲད་དང་སྤྲོད་མུས་ཡིན་པ་དེ་རེད། རྒྱ་དམར་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་གཙོ་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚན་པ་ཁག་ལ་རྩིས་མེད་རྡོག་རོལ་དང་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་ཐོག་བོད་མི་གཙོ་བྱས་པའི་ཡུ་གུར་དང༌། ཧོང་ཀོང༌། ལྷོ་སོག་མི་རིགས་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་མནོན་སྲིད་བྱུས་འོག་དངོས་ཤུགས་བརྒྱུད་གསུམ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་མིའི་གསང་ཉུལ་བཏང་ནས་ལྐོག་གསོད་དང་དཀྲུག་རྐྱེན་བཟོ་བ། དྲྭ་ཐོག་ནས་གསང་འཛུལ་གྱིས་རྒྱལ་ཁབ་དང་ཚོགས་སྒེར་ཁག་གི་གསང་བ་དང་ཡིག་ཆ་རྐུ་འཁྱེར་བྱས་དང་བྱེད་མུས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཙམ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཞི་བདེ་དང་དྲྭ་རྒྱའི་བདེ་འཇགས་སོགས་ལ་ཉེན་ཁ་ཚབས་ཆེན་བཟོ་མུས་ཡིན་པ་རེད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་འཁོར་བཀའ་ཤག་དང་བཅས་བོད་མི་རྣམས་བཙན་བྱོལ་དུ་ཕེབས་མ་ཐག་པ་ནས་བཟུང་། བོད་དང་བོད་མིའི་ཛ་དྲག་གི་གནས་བབ་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང༌འགྲོ་བ་མིའི་ཐོབ་ཐང་ཚན་པ་ཁག་དེ་བཞིན་སྲིད་གཞུང་དང་གྲོས་ཚོགས་ཁག་བཅས་པར་ཞུ་གཏུགས་ལས་འགུལ་རིམ་པར་སྤེལ་ཏེ་ད་བར་ལོ་ངོ་ ༦༦ ལྷག་འགྲོ་བཞིན་ཡོད་མོད། དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་དང་ཞི་བདེ་འཆམ་མཐུན་བཅས་གཙིགས་ཆེར་འཛིན་པའི་སྐབས་དེར་རྒྱ་དམར་སྲིད་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་ནང་གི་བོད་མི་རྣམས་ཀྱི་གནས་བབ་དང༌། རིག་གཞུང་དང་ཆབ་སྲིད་ཀྱི་གནས་བབ། འགྲོ་བ་མིའི་ཐོབ་ཐང་གི་གནས་བབ། བོད་ཀྱི་ཁོར་ཡུག་གི་གནས་བབ་སོགས་ལོ་རེ་ནས་ལོ་རེར་ཇེ་སྡུག་ཇེ་ཞན་དང་། ཧ་ཅང་ཛ་དྲག་ཏུ་འགྲོ་བཞིན་ཡོད་སྟབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཇི་སྲིད་བོད་རང་དབང་རང་བཙན་མ་ཐོབ་ཀྱི་བར་དེ་སྲིད་དུ་དགྲ་རྒྱ་དམར་སྲིད་གཞུང་ལ་ཁ་གཏད་གདོང་ལེན་མཐའ་གཅིག་ཏུ་བྱས་ཏེ་གཞི་རྒྱ་ཆེ་བའི་ལས་འགུལ་སྔར་ལྷག་ནུས་ཤུགས་ལྡན་པ་སྤེལ་རྒྱུ་ཡིན་ཞེས་ནན་བརྗོད་བྱེད་རྒྱུ་ཡིན།

དམིགས་བསལ་བོད་ནང་གི་ཛ་དྲག་གནས་བབ་ཡིད་ལ་བཟུང་ཐོག་བཙན་བྱོལ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་སྤྱི་སྒེར་ཡོངས་ནས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་སྟབས་བསྟུན གོ་སྐབས་དམ་འཛིན་གྱིས་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་ཇི་ལྟར་ཡིན་མིན་ལ་མ་ལྟོས་པར་རང་རེའི་བཙན་བྱོལ་བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་གྱིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྔར་ལྷག་སྤེལ་ཤུགས་ཇེ་ཆེར་གཏོང་དགོས་པ་དང༌། ལྷག་པར་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་འཁྲུག་ཆ་ཆེ་བའི་དུས་སྐབས་སུ་བོད་མི་སྤྱི་སྒེར་ཚང་མས་རང་འགན་རང་འཁུར་གྱིས་ཕྱི་ནང་དང་དགྲ་གཉེན་ངོ་ཤེས་པའི་ཐོག་ཇི་སྲིད་བོད་དོན་བདེན་མཐའ་མ་སེལ་བར་དེ་སྲིད་རང་མི་རིགས་ཀྱི་རྩ་ཆེའི་རིག་གཞུང་དེ་དག་མི་ཉམས་རྒྱུན་འཛིན་དང༌། བོད་དོན་འཐབ་རྩོད་ཀྱི་ནུས་པ་རྒྱུན་གནས་ཐུབ་རྒྱུར་འབད་བརྩོན་སྔར་ལྷག་གནང་དགོས་རྒྱུ་མ་ཟད་དེང་འདིར་གཞིས་བྱེས་བོད་མི་ཡོངས་རྫོགས་སྡུག་ན་མཉམ་སྡུག་དང༌། སྐྱིད་ན་མཉམ་སྐྱིད་ཡིན་པའི་འདུ་ཤེས་གཏིང་ཟབ་འཛིན་པའི་ཐོག་བཙན་བྱོལ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་སྤྱི་སྒེར་ཚང་མས་འགན་འཁུར་དགོངས་བཞེས་ཀྱིས་རྡོག་རྩ་གཅིག་སྒྲིལ་དགོས་རྒྱུར་དྲན་སྐུལ་ཞུ་རྒྱུ་ཡིན། ལྷག་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པ་གཙོ་བྱས་པའི་རྒྱལ་སྤྱིའི་སྲིད་གཞུང་དང་གྲོས་ཚོགས་འཐུས་མི་རྣམ་པ། འགྲོ་བ་མིའི་ཐོབ་ཐང་ཚན་པ་ཁག། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ཚོགས་སྒེར་ཁག། མང་གཙོ་དང་རང་དབང་དོན་གཉེར་བ་ཁག་བཅས་ནས་འཛམ་གླིང་གི་ཁོར་ཡུག་དང༌། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་སླད་འགན་འཁུར་དགོངས་བཞེས་ཀྱིས་སྔར་ལྷག་རྒྱ་དམར་སྲིད་གཞུང་ལ་གནོན་ཤུགས་དང་བོད་དོན་བདེན་པའི་འཐབ་རྩོད་ཐད་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན།

མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང༌། གཞིས་བྱེས་བོད་མི་མཉམ་འཛོམས་ཀྱིས་རང་དབང་རང་བཙན་གྱི་ཉི་མ་མགྱོགས་ནས་མྱུར་དུ་འཆར་བའི་བཀྲ་ཤིས་སྨོན་འདུན་གྲངས་མེད་དང་བཅས། །

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།

བོད་རྒྱལ་ལོ་ ༢༡༥༢ ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༡༠ ཉིན།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བསྒྲགས་གཏམ། 10 December Press ststement (English) तिब्बती युवा कांग्रेस की वक्तव्य । 稿子12.10

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་གཙོ་བས་རྒྱུན་ལས་དང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་བྱུང་བ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དང་རྒྱུན་ལས་ཚོགས་མི་རྣམས་དྷ་རམ་ས་ལར་ཧི་མ་ཅལ་མངའ་སྡེའི་མི་མང་དང་མཉམ་དུ་སྨན་རྫས་ངན་གོམས་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ནང་མཉམ་ཞུགས། ལས་འགུལ་སྐབས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་བྱུང་བ་དང་། རྒྱབ་སྐྱོར་མཚོན་ཆེད་དུ་དྲན་རྟེན་ཆུང་ཆུང་ཞིག་ཕུལ། གོམ་བགྲོད་འདི་ནི་གོམ་བགྲོད་ཙམ་མ་ཡིན་པར། དེ་ནི་ང་ཚོའི་གཞོན་སྐྱེས་མི་རབས་དང་མ་འོངས་པ་སྲུང་སྐྱོབ་བྱེད་པ།

དེ་བཞིན་སྨན་རྫས་ངན་གོམས་ཀྱི་གྲིབ་ནག་ལས་རང་དབང་ཐོབ་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་གྱི་ང་ཚོའི་རྒྱལ་ཁབ་ཀྱི་མ་འོངས་པ་སྲུང་སྐྱོབ་བྱེད་དགོས།

བོད་ཀྱི་གཞོན་ནུན་ལྷན་ཚོགས་ཀྱི་ཚོགས་གཙོའི་ཨུ་རུ་སུའི་དང་རྒྱ་གར་སྐུ་ཚབ་མི་སྣ་དང་མཇལ་འཕྲད།

ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་དང་ཨུ་རུ་སུའི་རྒྱལ་ཁབ་ནས་ཕེབས་པའི་སྐུ་ཚབ་ཚོགས་པ་ཞིག་དང་མཇལ་འཕྲད་ཞུས་ཡོད། སྐུ་ཚབ་ཚོགས་པ་དེའི་ནང་རྒྱལ་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱལ་སྤྱིའི་ལས་དོན་མཁས་པའི་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་བྷོ་རིས་ཊ་ར་སོ་དང་། འབྲེལ་མཐུད་འགན་འཛིན་ལྕམ་ལཱ་རི་ས་ཨེ་ཝན་སི་བཅས་ཡོད། སྐུ་ཚབ་ཚོགས་པ་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་ལས་དོན་བྱ་ཕྱོགས་ངོ་སྤྲོད་དང་། བཙན་བྱོལ་བོད་མིའི་ལོ་རྒྱུས་དང་ད་ལྟའི་གནས་སྟངས། བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་སྐོར་ངོ་སྤྲོད་གནང་ཡོད།
དེ་རྗེས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇ་མིར་དང་། སྐུ་ཞབས་ཇི་ཧོ་སུ་ཡ་ཇེ་ན་གོ་སྒྲིག་དྲུང་ཆེ་བཅས་ལྷན་འཛོམས་ཀྱིས་ཚོགས་འདུ་ཞིག་ཀྱང་ཚོགས་ཡོད། ཚོགས་འདུའི་སྐབས་སུ་བོད་དོན་ལས་འགུལ་སྤེལ་ཕྱོགས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ད་ལྟའི་ལས་འཆར་སྐོར་སོགས་ངོ་སྤྲོད་ཞིབ་ཕྲ་གནང་ཡོད།

རྒྱ་གར་གནད་ཡོད་མི་སྣ་དང་རྒྱབ་སྐྱོར་བ་ཁག་ཞིག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འཁུང་སུ་ཕེབས་པ།

ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༨ ཉིན་སི་མ་ཇ་གྷ་རན་མན་ཆི་ཡི་ཚོགས་མི་རྣམས་ལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁའི་སྐལ་བཟང་གི་གོ་སྐབས་ཐོབ་ཡོད་པ་དང་། མཇལ་ཁ་གྲུབ་རྗེས་སྐུ་ཞབས་ཨིན་ཌར་པལ་སིང་ཁོ་ལི་མཆོག་གིས་སྣེ་ཁྲིད་པའི་སི་ཇི་ཨེམ་གྱི་ཚོགས་མི་རྣམས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཁུངས་སུ་ཆེད་ཕེབས་ཀྱིས་མཐོ་སྒང་གི་གསོལ་ཇ་མཆོད་ཞོར། དབུས་གཞོན་ལྷན་གྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་དང་། དྲུང་ཆེ་བསྟན་འཛིན་བློ་བཟང་ལགས། རིག་གཞུང་འགན་འཛིན་ཐུབ་བསྟན་ཚེ་རིང་ལགས། སྒྲིག་འཛུགས་འགན་འཛིན་མཚམས་གཅོད་ལགས་བཅས་མཉམ་ཞུགས་ཀྱིས་བོད་དོན་དང་འབྲེལ་ཚོགས་པ་ཕན་ཚུན་མཉམ་ལས་སྲ་བརྟན་ཡོང་ཐབས་དང་། བོད་དོན་འཐབ་རྩོད་རྒྱུན་སྐྱོང་གནང་ཕྱོགས་སྐོར་སོགས་ལ་ཚོགས་འདུ་ཞིག་ཚོགས་ནས་དོན་སྙིང་ལྡན་པའི་གྲོས་བསྡུར་གང་ལེགས་བྱུང་ཡོད།

ཨ་སི་ཊོ་ནི་ཡའི་གྲོས་ཚོགས་ཀྱི་འཐུས་མི་དང་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྷན་འཛོམས།

དེ་རིང་ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢༢ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ཅིག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཁུངས་སུ་འདུ་འཛོམས་བྱས་ཏེ། ཨ་སི་ཊོ་ནི་ཡའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཇུ་ཀུ་-ཁལ་རེ་ཌི་དང་། སྐུ་ཞབས་ཊི་ཊི་མཱ་རན། ལྕམ་སྐུ་ཧེ་ལྗོ་པིག་ཧོཕ། སྐུ་ཞབས་ཨན་ཊི་པོལ་མེ་ཊིས། སྐུ་ཞབས་མཱ་རེཀ་རེ་ནིཡས། ལྕམ་སྐུ་མཱར་གིཊ་སུ་ཊོ་རོ་པཱ་ལོང་བཅས་ལ་དགའ་བསུ་ཆེན་པོ་ཞུས་པ་མ་ཟད། རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམས་ཀྱང་མཉམ་ཞུགས་གནང་ཡོད།

ཚོགས་འདུའི་སྐབས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་བོད་དོན་ལ་རྒྱབ་སྐྱོར་བརྟན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་གནོན་ཤུགས་ལ་མ་ལྟོས་པར་བོད་མིའི་བཙན་བྱོལ་སྤྱི་ཚོགས་ཀྱི་སྙིང་པོ་དྷ་རམ་ས་ལར་ཕེབས་པར་བསྔགས་བརྗོད་གནང་། དེ་རྗེས་གུ་ཅུ་སུམ་དང་། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་ངོ་སྤྲོད་མདོར་བསྡུས་གནང་།
སྐུ་ཞབས་ཊི་ཊི་མཱ་རན་གྱིས་གསུངས་དོན།
“ང་ཚོར་འདྲ་ས་མང་པོ་འདུག་ བོད་ཀྱི་འདས་པ་ (གུ་ཅུ་སུམ)། ད་ལྟ་ (བོད་རང་བཙན་སློབ་ཕྲུག་ཚོགས་པ།) མ་འོངས་པ་ (བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ།) བཅས་འདིར་མཚོན་པ་དང་། ཚང་མ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལམ་སྟོན་འོག་ཡོད་པ་མཐོང་སྐབས་དངོས་གནས་སྟོབས་ཤུགས་ཆེན་པོ་འདུག་”
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་ཁོང་རྣམ་པར་གྲོས་ཚོགས་ནང་གི་གྲོས་འཆར་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ཚོགས་འདུ་རྗེས་ལས་ཁུངས་སུ་ལྟ་སྐོར་དང་བཅས་ཏེ་མཇུག་བསྒྲིལ་ཞིང་། ཨ་སི་ཊོ་ནི་ཡའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་ས་ནས་རྒྱལ་སྤྱིའི་ཞུ་གཏུག་ལས་འགུལ་སྔར་ལས་ཤུགས་ཆེ་རུ་གཏོང་བ་དང་། བོད་ནང་གི་བོད་མི་མང་གི་སྐུ་ཚབ་ཀྱིས་ཆབ་སྲིད་ཀྱི་འཐབ་རྩོད་ལས་འགུལ་སྤེལ་རྒྱུ་འི་དམ་བཅའ་བཅས་ཀྱི་ཐོག་ནས་མཇུག་བསྒྲིལ་ཡོད་

ལྡི་ལི་རོ་ཧི་ནི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་རྒྱུན་ལས་གསར་འདེམས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་ནས་ལྡི་ལི་རོ་ཧི་ནི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསར་དུ་འདེམས་ཐོན་བྱུང་བའི་རྒྱུན་ལས་དམ་འབུལ་གྱི་གཙོ་སྐྱོང་དང་། རྒྱུན་ལས་ཟུར་བ་རྣམས་ཀྱི་ལས་འགན་དང་ལེགས་སྐྱེས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། བོད་ཁྱིམ་སྡོད་ཁང་གི་མཐོ་སློབ་སློབ་མ་རྣམས་ལ་དེ་འབྲེལ་གྱི་གཏམ་བཤད་ཡང་གནངཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་རྒྱུན་ལས་དང་ཐེ་ཝན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་དྲུག་དང་ལྷན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཁུངས་སུ་ཚོགས་འདུ་ཚོགས་པ།

ཚོགས་འདུ་དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོ་སྤྲོད་ཀྱིས་འགོ་བཙུགས་པ་དང་། དེ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་བཀྲ་ཤིས་དར་རྒྱས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་བསྟན་འཛིན་བློ་བཟང་གཉིས་ཀྱིས་གནང་། ཁོང་གིས་སྐུ་ཚབ་ཚོགས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བོད་མི་གཞོན་སྐྱེས་ཀྱིས་འགོ་ཁྲིད་པའི་བོད་ཀྱི་ཚོགས་པ་ཆེ་ཤོས་དང་བྱེད་སྒོ་ཆེ་ཤོས་ཡིན་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དོན་རྐྱེན་ཆེན་པོ་དང་མཉམ་འབྲེལ་ངོ་རྒོལ་སྐབས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞན་དག་གི་འགོ་ཁྲིད་ཀྱང་བྱེད་ཀྱི་ཡོད་པའི་སྐོར་གསལ་བཤད་གནང་།
དེའི་རྗེས་སུ་སྐུ་ཞབས་ཚང་ཧྲུན་ཧོ་(Mr. Tsang Hsun Ho ) ཡིས་ཐེ་ཝན་མི་སེར་གྱི་མཉམ་ཞུགས་ཀྱི་གསར་འཛུགས་ཚོགས་གཙོ་ཡིས་ཐེ་ཝན་གྱི་སྐུ་ཚབ་ཚོགས་པ་ངོ་སྤྲོད་གནང་བ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མི་འདྲ་བ་དྲུག་གིས་སྐུ་ཚབས་གནང་ཏེ་ཁོང་རྣམས་པའི་ངོ་སྤྲོད་ཀྱིས་འགོ་བཙུགས།
ཁོང་གིས་བོད་མི་རང་ལུས་མེར་སྲེག་གཏོང་བའི་གནས་སྟངས་དེ་ང་ལ་སེམས་ཁྲལ་ཆེན་པོ་བྱུང་། ངས་རང་ལུས་མེར་སྲེག་གཏོང་མཁན་གཉིས་པ་མཐོང་སྐབས། ངས་ཁོང་མེ་ལྕེའི་ནང་དུ་འཚུད་པ་དང་། ཁོང་གི་ཁ་ནས་དུ་བ་ནག་པོ་ཐོན་པ་མཐོང་། མཐོང་སྣང་དེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་པ་དང་། དེ་ངའི་སྐྱེས་སྐར་ཉིན་བྱུང་བས་དེ་ནི་ཉམས་མྱོང་ཧ་ཅང་ཟབ་མོ་ཞིག་བྱུང་།
ཚོགས་འདུའི་སྐབས་སུ། སྐུ་ཞབས་ཚང་(Mr. Tsang Hsun Ho ) གིས་བོད་ཀྱི་དཔའ་བོ་དཔའ་མོ་ཚང་མའི་མཚན་བྱང་བཀོད་པའི་ཁོང་གི་ཡིག་གཟུགས་སྒྱུ་རྩལ་ཞིག་ཅོག་ཙེའི་སྟེང་དུ་བཤམས་ཏེ་གདུང་སེམས་མཉམ་སྐྱེད་དང་གུས་བཀུར་མཚོན་པར་བྱས།
ཅོག་ཙེའི་སྟེང་དུ་བོད་ཀྱི་རང་ལུས་མེར་སྲེག་གནང་མཁན་ཐོག་མ་དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་དཔའ་བོ་བྱམས་པ་ཡེ་ཤེས་གཉིས་ཀྱི་སྐུ་པར་དང་དྲན་རྟེན་བཤམས་ཡོད་པ་མ་ཟད། བོད་ཀྱི་དཔའ་བོ་དཔའ་མོ་ཚང་མའི་བློས་གཏོང་མཚོན་པའི་ཡིག་གཟུགས་སྒྱུ་རྩལ་ཡང་བཤམས་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་གྱིས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས་དོན། “ང་ཚོས་ཁྱེད་ཀྱི་ཡིག་གཟུགས་བཤམས་པའི་ཅོག་ཙེ་དེ་རང་གི་སྟེང་དུ་བོད་ཀྱི་དཔའ་བོ་བཞིའི་སྐུ་ཕུང་འཇོག་པའི་ཐོག་ཁོང་རཉམས་པའེ་ཆེད་དུ་སྨོན་ལམ་གསོལ་འདེབས་བྱས་པ་ཡིན། དེ་དུས་ང་ཚོས་ཁོང་ཚོའི་རྣམ་ཤེས་དམ་པ་ང་ཚོ་དང་མཉམ་དུ་ཡོད་པ་ཚོར་བྱུང་། སེམས་སྐྱོ་བའི་ངང་ནས་ཁྱེད་ཀྱིས་ང་ཚོར་སྐད་ཅིག་མ་ཟབ་མོ་འདི་བསྐྲུན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།”
ཐོག་མར་ཆུ་ཚོད་ཕྱེད་ཀའི་རིང་གི་ཚོགས་འདུ་ཞིག་གོ་སྒྲིག་བྱས་ཡོད་ཀྱང་། གྲོས་བསྡུར་སྐབས་ཕན་ཚུན་གོ་རྟོགས་ཟབ་མོ་དང་། ཐུན་མོང་གི་རིན་ཐང་། དམིགས་ཡུལ་གཅིག་མཚུངས་བཅས་བྱུང་བའི་རྐྱེན་གྱིས་ཆུ་ཚོད་གཉིས་རིང་རྒྱུན་བསྲིངས་བྱུང་། ཕྱོགས་གཉིས་ཀས་སྤྱི་ཚོགས་ཀྱི་མཉམ་ཞུགས་དང་། འགྲོ་བ་མིའི་ཐོབ་ཐང་གི་དོན་དུ་ཞུ་གཏུགས། རང་དབང་དང་དམངས་གཙོ་གོང་འཕེལ་གཏོང་བར་གཞོན་སྐྱེས་ཀྱིས་སྣེ་ཁྲིད་པའི་ལས་འགུལ་གྱི་གལ་ཆེན་རང་བཞིན་བཅས་ཀྱི་ཐོག་བསམ་ཚུལ་བརྗེ་རེས་བྱས།
ཚོགས་འདུ་དེ་བོད་དང་ཐེ་ཝན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དབར་མུ་མཐུད་གྲོས་མོལ་དང་མཉམ་ལས་བྱ་རྒྱུའི་དམ་བཅའ་དང་མཉམ་དུ་མཇུག་བསྒྲིལ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བྱང་ཨ་རིའི་བོད་མིའི་གནས་སྡོད་ཁག་ཏུ་གཏམ་བཤད་སྐོར་སྐྱོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་མཆོག་དང་ཟུང་དྲུང་ཚེ་རིང་ཆོས་འཕེལ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༧ ཉིན་བྱང་ཨ་རིའི་བོད་རིགས་གནས་སྡོད་ས་གནས་ཁག་ཏུ་གཏམ་བཤད་སྐོར་སྐྱོད་ལ་དམིགས་ཏེ་ཕྱོགས་ཐོན་གྱིས་སྤྱི་ཚེས་ ༡༠ ཉིན་ཨ་རིའི་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་གོ་སྒྲིག་ཞུས་པའི་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༦ པ་སྲུང་རྩིའི་ལས་རིམ་ནང་མཉམ་ཞུགས་དང་། གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མཆོག་ནས་གཏམ་བཤད་ཀྱང་སྤེལ་གནང་ཡོད། དེའི་རྗེས་སྤྱི་ཚེས་ ༢༤ ཉིན་བྷོ་སེ་ཊོན་དུ་ཆེད་ཕེབས་ཀྱིས་གཞོན་ལྷན་དབུས་རྒྱུན་ཟུར་པ་དང་དཔལ་ལྡན་སྲིད་ཟུར་འབུམ་རམས་པ་མཁས་དབང་བློ་བཟང་སེང་གེ་མཆོག་དང་མཇལ་འཕྲད་གཙོས་ས་གནས་མང་ཚོགས་ལ་གཏམ་བཤད་གནང་ཡོད། སྤྱི་ཟླ་ ༣ ཚེས་ ༢༩ ཉིན་གྱི་སྔ་དྲོ་མི་ནི་སོ་ཊའི་གཟའ་མཇུག་སློབ་གྲྭའི་སློབ་ཕྲུག་རྣམས་ལ་བོད་དོན་ངོ་སྤྲོད་གཏམ་བཤད་དང་ཚེས་ ༣༠ ཉིན་མི་ནི་སོ་ཊའི་ས་གནས་མང་ཚོགས་ལ་གཏམ་བཤད། སྤྱི་ཟླ་ ༤ ཚེས་ ༡ ཉིན་ཆི་ཀ་ཀོ་བོད་རིགས་མང་ཚོགས་ལ་གཏམ་བཤད་དང་དྲིས་ལན། ཚེས་ ༣ ཉིན་ཝི་སི་ཀོན་སིན་བོད་རིགས་མང་ཚོགས་ལ་གཏམ་བཤད། ཚེས་ ༥ ཉིན་པོཌ་ལེན་ཌ་ས་གནས་བོད་རིགས་མང་ཚོགས་ལ་གཏམ་བཤད་དང་། ཚེས་ ༦ ཉིན་སི་ཡེ་ཊལ་བོད་རིགས་མང་ཚོགས་ལ་གཏམ་བཤད་དང་ས་གནས་གཞོན་ལྷན་གྱི་ལས་ཐོག་རྒྱུན་ལས་དང་ལས་ཟུར་སོགས་ཐུག་འཕྲད་ཀྱིས་ས་གནས་སླར་གསོ་ཡོང་ཐབས་སོགས་ལ་གོ་བསྡུར་སྦྱང་བཤད་གང་ལེགས་བྱུང་ཡོད། ཚེས་ ༩ ཉིན་སེན་ཧྤ་རེན་སི་སི་ཁོར་བདེ་འབྱོར་དང་ཚེས་ ༡༢ ཉིན་ས་གནས་མང་ཚོགས་ལ་གཏམ་བཤད། ཚེས་ ༡༣ ཉིན་གྱི་ཞོགས་པར་རེས་གཟའ་ཉི་མའི་བོད་རིགས་སློབ་ཕྲུག་དམིགས་བསལ་གཞོན་སྐྱེས་ལས་འགུལ་བའི་ལས་འགན་གྱི་བརྗོད་གཞིའི་ཐོག་གཏམ་བཤད་སྤེལ་ཡོད། ཚེས་ ༡༦ ཉིན་ཡུ་ཊ་བོད་རིགས་མང་ཚོགས་ལ་གཏམ་བཤད། སྤྱི་ཟླ་ ༤ པའི་ཚེས་ ༡༩ ཉིན་ཁོ་ལོ་ཏེ་ཌོ་ས་གནས་བོད་རིགས་མང་ཚོགས་ལ་གཏམ་བཤད། ཚེས་ ༢༣ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྐུ་ངོ་རྣམ་རྒྱལ་མཆོག་གྲུབ་མཆོག་དང་མཇལ་འཕྲད་ཀྱིས་གཞོན་ལྷན་གྱི་བྱང་ཨ་རིའི་སྐོར་སྐྱོད་ལས་དོན་སྙན་གསེང་དང་གཞོན་ལྷན་གྱི་ལས་དོན་ལ་ད་བར་མཐུན་འགྱུར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་བ་ཡང་ཞུས་གནང་ཡོད། དེའི་རྗེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་དང་གཞོན་ལྷན་དབུས་རྒྱུན་ཟུར་པ་བུ་ཆུང་ཀེ་ཚེ་རིང་མཆོག་ལ་ཡང་མཇལ་འཕྲད་ཞུ་རྒྱུ་བྱུང་ཡོད། ཉིན་རྒྱབ་བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མི་ཇིན་མེག་གྷོ་ཝན་མཆོག་གི་ལས་ཁུངས་སུ་ཆེད་བཅར་དང་ཁོང་གི་ཕྱག་རོགས་ལས་བྱེད་རྒྱུད་ཁོང་ཉིད་ནས་ད་བར་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་ཚད་མཐོའི་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་གནང་ཡོད་པ་མ་ཟད། མུ་མཐུད་རྒྱབ་སྐྱོར་གནང་མུས་ཐོག་དམིགས་བསལ་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་བརྟན་གནས་ཡོང་རྒྱུར་ཤུགས་སྣོན་རྒྱབ་གནང་ཡོང་བའི་རེ་བ་ཞུས་གནང་ཡོད་པ་མ་ཟད། དེ་ཉིན་གྱི་དགོང་མོར་ས་གནས་མང་ཚོགས་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་གཞོན་ལྷན་སྒྲིག་འཛུགས་ཀྱི་གལ་གནད་སོགས་ཀྱི་ཐད་གཏམ་བཤད་སྤེལ་གནང་ཡོད། སྤྱི་ཟླ་ ༥ ཚེས་ ༢༦ ཉིན་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་མང་ཚོགས་ལ་གཏམ་བཤད་ལས་རིམ་དང་ཚེས་ ༣༠ ཉིན་ཧྥི་ལི་ཌ་ཧྤི་ཡར་ཆེད་ཕེབས་ཀྱིས་ས་གནས་མང་ཚོགས་ལ་གཏམ་བཤད་སྤེལ་གནང་ཡོད། སྤྱི་ཟླ་ ༥ ཚེས་ ༤ ཉིན་ཊོ་རོན་ཊོར་བདེ་འབྱོར་གྱིས་ཚེས་ ༦ ཉིན་ས་གནས་མང་ཚོགས་རྣམ་པར་གཏམ་བཤད། ཚེས་ ༧ ཉིན་ཊོ་རོན་ཊོ་ས་གནས་ཀྱི་ལྷག་དཀར་སྒོར་གཞས་སྐབས་གཏམ་བཤད། གཞན་ཡང་ས་གནས་ཀྱི་གནད་ཡོད་བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གཙོས་གཞོན་ལྷན་གྱི་རྒྱུན་ཟུར་དང་ས་གནས་རྒྱུན་ཟུར་སོགས་མཉམ་འཛོགས་ཐོག་ས་གནས་ཀྱི་ལས་དོན་ཚགས་ཚུད་ཡོང་ཐབས་སོགས་ཀྱི་ཐད་གོ་བསྡུར་སྦྱང་བཤད་གང་ལེགས་བྱུང་ཏེ་ལས་དོན་ལེགས་གྲུབ་བྱུང་ཡོད། ད་ལན་གྱི་ས་གནས་སྐོར་སྐྱོད་སྐབས་ས་གནས་མང་ཚོགས་ལ་བོད་ནང་གི་ཛ་དྲག་གནས་སྟངས་གཙོས་ཆོལ་གསུམ་བོད་རིགས་སྤུན་ཟླ་ནང་ཁུལ་མཐུན་སྒྲིལ་གྱི་དམ་ཚིག་བརྩི་སྲུང་དགོས་གལ། གཞན་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་པའི་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་གཏམ་བཤད་གོ་རྟོགས་གང་ལེགས་སྤེལ་ཐུབ་ཡོད་པ་དང་གཞོན་ལྷན་གྱི་བརྟན་བཞུགས་ལ་དམིགས་ཏེ་ས་གནས་མང་ཚོགས་ནས་ཞལ་འདེབས་ཡང་གང་ལེགས་བསྡུ་རུབ་གནང་ཐུབ་པ་བྱུང་ཡོད།

 

 

 

 

 

 

གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་གསོའི་ཡི་གེ

༄༅། །ལྷག་བསམ་ཡངས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་འཇིགས་རྟེན་འདི་ནས་ཕྱི་མའི་སྔ་ལམ་དུ་གཤེགས་ནས་ཡིད་སྐྱོའི་གནས་ཚུལ་ཐོས་པར་ཧ་ཅང་བློ་ཕམ་དང་བཅས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་གཞོན་ལྷན་དབུས་སའི་རྒྱུན་ལས་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཞབས་ཁོང་གི་གཞོན་ལྷན་སྒྲིག་འཛུགས་གཙོས་པའི་བོད་མི་རིགས་ཀྱི་འཐབ་རྩོད་ལ་བཅངས་པའི་ལྷག་བསམ་དང་སྙིང་སྟོབས་བཅས་རྗེས་སུ་དྲན་པའི་སྒོ་ནས་མྱ་ངན་གུས་བཏུད་ཞུ་རྒྱུ་ཡིན། དམ་པ་ཁོང་ནས་ཕྱི་ལོ་ ༡༩༧༤ ནས་ ༡༩༧༧ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རིག་གཞུང་འགན་འཛིན་དང་སྤྱི་ཁྱབ་དྲུང་ཆེ་གཅིག་ལྕོགས་ཀྱི་ཕྱག་ལས་གནང་ཡོད། སྤྱིར་དམ་པ་དེ་ཉིད་ནི། ཕྱི་ལོ་ ༡༩༤༧ ཟླ་བ་ ༤ ཚེས་ ༡༥ ཉིན་བོད་གསང་སྔགས་ཆོས་གླིང་དུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༩ ལོར་རང་གི་བུ་སྤུན་བཞི་དང་གཅུང་མོ། ཕ་མ་བཅས་དང་ལྷན་དུ་བཙན་བྱོལ་དུ་ཕེབས། ཕྱིས་སུ་ཕྱི་ལོ་ ༡༩༥༩ ལོར་མི་ས་མ་རིའི་ (Missamari) བཙན་བྱོལ་གཞིས་ཆགས་བསྟི་གནས་ནས་བོད་ཕྲུག་ ༢༥ ཞིག་བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ་གསར་འཛུགས་བྱས་པ་མ་སུ་རི་སློབ་གྲྭར་འདེམས་ཐོན་བྱུང་ཞིང་དབྱིན་ཧིན་གྱི་སྐད་ཡིག་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༦༡ ལོར་མ་སུ་རིའི་འོན་བག་ཨེ་ལན་སློབ་གྲྭར་སློབ་ཡོན་ཐོབ་སྟེ་སློབ་ཕྲུག་གཞན་གསུམ་དང་ལྷན་དུ་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༦༦ ལོར་འོན་བག་ཨེ་ལན་སློབ་གྲྭ་ནས་བསླབ་པ་མཐར་སོན་གྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་མགོ་བརྩམས་ཡོད་པ་རེད། ཕྱི་ལོ་ ༡༩༦༦ ནས་ ༡༩༦༨ བར་ནང་སྲིད་དང་ཤེས་རིག་ལས་ཁུངས་སོ་སོར་དབྱིན་ཡིག་ཞབས་ཞུ་བསྒྲུབས་གནང་ཡོད། ཕྱི་ལོ་ ༡༩༦༨ ནས་ ༡༩༧༣ བར་དབྱིན་ཡུལ་དུ་སློབ་གཉེར་གནང་ནས་ཌུར་ཧམ་ (Durham University) གཙུག་ལག་སློབ་ཁང་ནས་སྲིད་དོན་དང་སྤྱི་ཚོགས་ཚན་རིག་ཐད་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཕྱག་འཁྱེར་བཞེས། དེ་རྗེས་ཕྱི་ལོ་ ༡༩༧༤ ལོར་རྒྱ་གར་དུ་ཕྱིར་ཕེབས་ཀྱིས་ནང་སྲིད་ལས་ཁུངས་ཀྱི་རྒན་དྲུང་གི་ཕྱག་ལས་གནང་། ཕྱི་ལོ་ ༡༩༧༤ ནས་ ༡༩༧༧ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རིག་གཞུང་འགན་འཛིན་དང་སྤྱི་ཁྱབ་དྲུང་ཆེ་གཅིག་ལྕོགས་ཀྱི་ཕྱག་ལས་གནང་ཡོད། ཕྱི་ལོ་ ༡༩༧༦ ནས་ ༡༩༧༧ ལོར་ལྡི་ལི་དོན་གཅོད་ཀྱི་དྲུང་ཆེའི་ལས་ཚབ་དང་། ཕྱི་ལོ་ ༡༩༨༡ ལོར་དོན་གཅོད་ངོ་མར་བསྐོ་བཞག་གནང་། ཕྱི་ལོ་ ༡༩༨༣ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་བློན་དུ་བསྐོ་བཞག་དང་ལྡི་ལི་དོན་གཅོད་གཅིག་ལྕོགས་ཀྱི་ལས་གནས་བཞེས། ཕྱི་ལོ་ ༡༩༨༣ ནས་ ༡༩༨༦ བར་བདེ་སྲུང་དང་ནང་སྲིད། ཕྱི་དྲིལ་བཅས་ཀྱི་བཀའ་བློན་གྱི་མཛད་འགན་ཐོག་ལྡི་ལི་དོན་གཅོད་སྔར་མུས་ལྟར་གནང་། ཕྱི་ལོ་ ༡༩༨༦ ནས་ ༡༩༨༧ བར་ལྡི་ལི་དོན་གཅོད་ཀྱི་མཛད་འགན་བཞག་སྟེ་ལྡི་ལིར་རང་གཞུང་གི་སྲིད་ཕྱོགས་དང་འབྲེལ་བའི་ཞབས་འདེགས་བསྒྲུབས་གནང་ཡོད། ཕྱི་ལོ་ ༡༩༨༧ ནས་ ༡༩༩༠ བར་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐྱར་བསྐོ་གནང་ཐོག་ཤེས་རིག་དང་ཕྱི་དྲིལ་བཀའ་བློན་གྱི་མཛད་འགན་གཅིག་ལྕོགས་སུ་བཞེས། ཕྱི་ལོ་ ༡༩༨༨ ལོར་ ༸གོང་ས་མཆོག་ནས་བོད་རྒྱ་འབྲེལ་མོལ་སྐུ་ཚབ་ཚོགས་པའི་ཚོགས་གཙོར་བསྐོ་བཞག་གནང་། ཕྱི་ལོ་ ༡༩༩༠ ནས་ ༡༩༩༡ ལོར་བཀའ་བློན་ནས་དགོངས་ཞུས་ཀྱིས་ལྡི་ལི་སྐུ་ཚབ་དོན་གཅོད་མུ་མཐུད་གནང་། ཕྱི་ལོ་ ༡༩༩༢ ནས་ ༡༩༩༣ བར་༸གོང་ས་མཆོག་ནས་སླར་ཡང་བཀའ་བློན་དུ་འདེམས་ཐོན་གྱིས་ཕྱི་དྲིལ་དང་བདེ་སྲུང་བཀའ་བློན་སོགས་ཀྱི་མཛད་འགན་བཞེས། ཕྱི་ལོ་ ༡༩༩༣ ནས་ ༡༩༩༤ བར་བདེ་སྲུང་གི་ལས་གནས་བཞག་སྟེ་མུ་མཐུད་ཕྱི་དྲིལ་བཀའ་བློན་གྱི་ལས་གནས་བཞེས། ཕྱི་ལོ་ ༡༩༩༤ ནས་ ༡༩༩༥ བར་འཕྲོད་བསྟེན་བཀའ་བློན་དང་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་མཛད་འགན་གཅིག་ལྕོགས་སུ་བཞེས། ཕྱི་ལོ་ ༡༩༩༦ ནས་ ༡༩༩༩ བར་སླར་ཡང་ཕྱི་དྲིལ་གྱི་བཀའ་བློན་གནང་བ་དང་ཕྱི་ལོ་ ༡༩༩༩ ནས་ ༢༠༠༡ བར་ཆོས་རིག་བཀའ་བློན་གྱི་མཛད་འགན་བཞེས། ཕྱི་ལོ་ ༢༠༠༢ ལོར་བཀའ་བློན་གྱི་ལས་དུས་ཚང་རྗེས་ལྡི་ལི་སྐུ་ཚབ་དོན་གཅོད་དང་། ཕྱི་ལོ་ ༢༠༠༤ ལོར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མིར་འདེམས་བསྐོ་བྱུང་བ་དང་། ཕྱི་ལོ་ ༢༠༠༥ ལོར་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་བཞེས། ཕྱི་ལོ་ ༢༠༠༩ ཟླ་བ་ ༡ པོ་ནས་སྦར་སིལ་སྐུ་ཚབ་དོན་གཅོད་ཀྱི་མཛད་འགན་བཞེས་ཏེ་ ༢༠༡༡ ལོར་སྦར་སིལ་སྐུ་ཚབ་དོན་གཅོད་ནས་དགོངས་ཞུས་ཀྱིས་ཁེ་ན་ཌར་བརྟན་བཞུགས་གནང་ཡོད་པ་མ་ཟད། དམ་པ་ཁོང་ཉིད་ནས་སྐུ་ཚེ་གང་པོར་བོད་བསྟན་སྲིད་མི་རིགས་ཀྱི་ལས་དོན་ཞུ་སྒོ་ཁག་ལ་ལྷག་བསམ་དང་སྙིང་སྟོབས་ཞུམ་མེད་ཀྱིས་སྲི་ཞུ་ལོ་མང་བསྒྲུབས་ཏེ་ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༡ ཉིན་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་ཤུལ་ལུས་ནང་མི་སྤུན་མཆེད་དང་། དགའ་ཉེ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་མ་ཟད། དམ་པ་ཁོང་སླར་ཡང་གང་མགྱོགས་བོད་ཆོས་ལྡན་གྱི་ཞིང་དུ་འཁྲུངས་རྒྱུར་གཞོན་ལྷན་དབུས་སའི་རྒྱུན་ལས་ཚོགས་མི་ཡོངས་ནས་བསྔོ་སྨོན་ཤུགས་དྲག་ཞུ་རྒྱུ་ཡིན། །

བྷ་རཊ་ཚོགས་ཆེན་དུ་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་ཆེད་བཅར།

རྒྱ་སྤྱིའི་སྤྱི་ཚོགས་གཞོན་ནུ་དང་རྒྱ་གར་ཁོང་གྷེ་རེ་སི་ཚོགས་པ་གཉིས་མཉམ་འབྲེལ་གྱིས་ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༢༥ དང་ ༢༦ ཉིན་གཉིས་རིང་གོ་སྒྲིག་ཞུས་པའི་བྷར་རཊ་ཚོགས་ཆེན་ (Bharat Summit 2025) ཐོག་ཏེ་ལ་གྷན་ན་མངའ་སྡེའི་གཞུང་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ་མགྲོན་འབོད་གནང་བ་བཞིན་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་མཆོག་མཉམ་ཞུགས་གནང་ཡོད། ཚོགས་འདུའི་ཐོག་རྒྱལ་ཁབ་ ༡༠༠ ལྷག་ནས་རྒྱལ་སྤྱིའི་ནང་སྤྱི་ཚོགས་རིང་ལུགས་དང་མང་གཙོའི་ལྟ་བར་ཡིད་ཆེས་ཡོད་མཁན་གྱི་ཚོགས་པ་ ༡༠༠ ལྷག་མཉམ་ཞུགས་དང་།

རྒྱལ་ཁབ་འདྲ་མིན་གྱི་བློན་ཆེན་ ༤༠ ལྷག་དང་གྲོས་ཚོགས་འཐུས་མི་ ༥༠ ལྷག་མཉམ་ཞུགས་གནང་ཡོད། གཞན་ཡང་རྒྱལ་ཁབ་འདྲ་མིན་ནས་ཆབ་སྲིད་པ་དང་ཤེས་ཡོན་པ། དཔལ་འབྱོར་རིགས་པ་བ། ལས་འགུལ་བ། ཆེད་ལས་པ་སོགས་དམིགས་བསལ་སྐུ་མགྲོན་ ༤༥༠ ལྷག་མཉམ་ཞུགས་གནང་ཡོད་པ་མ་ཟད། ཉིན་གཉིས་རིང་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་དང་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་གནང་ཕྱོགས། གནས་ཚུལ་རྫུན་བཟོ་དང་འཁྱོགས་བཤད་ལ་གདོང་ལེན་བྱེད་ཕྱོགས། དཔལ་འབྱོར་འདྲ་མཉམ་གྱི་དྲང་བདེན་ལམ་ལུགས་སྤེལ་ཕྱོགས། འཁྲུག་འཛིང་ཆེ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཞི་བདེ་སྤེལ་ཐབས་སོགས་ཀྱི་ཐོག་བགྲོ་གླེང་གོ་བསྡུར་བྱས་ཡོད། གཞན་ཡང་སྤྱི་ཚེས་ ༢༥ ཉིན་གྱི་དགོང་མོར་རྒྱ་གར་བྱང་ཕྱོགས་ཀ་ཤི་མིར་དྲག་དཔྱོད་འོག་རྐྱེན་འདས་སུ་གྱུར་པའི་འདས་པོ་རྣམས་ཀྱི་ཆེད་གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་མ་ཟད། སྤྱི་ཚེས་ ༢༦ ཉིན་རྒྱབ་རྒྱ་གར་གྱི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ར་ཧུལ་གྷན་དྷི་ཡང་ཆེད་བཅར་གྱིས་ཚོགས་འདུར་མཉམ་ཞུགས་དང་གཏམ་བཤད་སྤེལ་གནང་ཡོད། ཚོགས་འདུའི་དྲི་བ་དྲིས་ལན་སྐབས་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་རྒྱ་ནག་གི་འཁྱོགས་བཤད་ལ་བོད་དོན་ལས་འགུལ་བ་ཚོས་གདོང་ལེན་བྱེད་ཕྱོགས། རྒྱ་གར་གཙོས་མཐུན་ཕྱོགས་རྒྱལ་ཁབ་ཁག་ནས་དེའི་ཐོག་རྒྱབ་སྐྱོར་དགོས་གལ། གཞན་ཡང་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་དང་རྒྱ་གར་གཙོས་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ལ་མཐོ་སྒང་བོད་ཀྱི་ཁོར་ཡུག་བརྟན་ལྷིང་གི་གལ་གནད། འཛམ་གླིང་སྤྱིའི་ཁོར་ཡུག་གི་འགྱུར་ལྡོག་གླེང་སྐབས་བོད་ཀྱི་ཁོར་ཡུག་གི་གལ་གནད་སྐོར་གླེང་སློང་དགོས་གལ་སོགས་ཀྱི་ཐད་བསམ་ཚུལ་བཤད་ཡོད་པ་མ་ཟད། ཚོགས་བཅར་བ་ཚོར་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་ཡིག་ཆ་སོགས་འགྲེམས་སྤེལ་ཞུས་ཡོད།

ཚོགས་འདུའི་སྐབས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་ (Shri Salman Khurshid) མཆོག་དང་རྒྱ་གར་གཞུང་གི་དཔལ་འབྱོར་སློབ་སྟོན་པ་ཟུར་པ་ (Shri Kaushik Bansu) མཆོག ཏེ་ལ་གྷ་ན་མངའ་སྡེའི་བློན་ཆེན་ཟུར་པ་དང་ལས་ཐོག་བློན་ཆེན། ཉི་ཧོང་གི་ཤེས་རིག་བློན་ཆེན་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་ ( Masaharu Nakagawa) མཆོག སྐྱིལ་ཤར་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཀྱི་སྲིད་བློན་ཟུར་པ་ (Martin Ziguele, former prime minister of Central Africa Republic) མཆོག་གཙོས་རྒྱལ་སྤྱིའི་ཆབ་སྲིད་མི་སྣ་དང་གྲོས་ཚོགས་འཐུས་མི་མང་པོར་མཇལ་འཕྲད་ཀྱིས་༧གོང་ས་མཆོག་གི་ཕྱག་དེབ་གསར་པ་ཕུལ་རྒྱུ་བྱུང་ཡོད་པ་མ་ཟད། བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་མིའི་འཐབ་རྩོད་སོགས་ཀྱི་ཐད་གོ་རྟོགས་གང་ལེགས་སྤེལ་རྒྱུ་བྱུང་ཡོད།

Back To Top