

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དང་རྒྱུན་ལས་ཚོགས་མི་རྣམས་དྷ་རམ་ས་ལར་ཧི་མ་ཅལ་མངའ་སྡེའི་མི་མང་དང་མཉམ་དུ་སྨན་རྫས་ངན་གོམས་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ནང་མཉམ་ཞུགས། ལས་འགུལ་སྐབས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་བྱུང་བ་དང་། རྒྱབ་སྐྱོར་མཚོན་ཆེད་དུ་དྲན་རྟེན་ཆུང་ཆུང་ཞིག་ཕུལ། གོམ་བགྲོད་འདི་ནི་གོམ་བགྲོད་ཙམ་མ་ཡིན་པར། དེ་ནི་ང་ཚོའི་གཞོན་སྐྱེས་མི་རབས་དང་མ་འོངས་པ་སྲུང་སྐྱོབ་བྱེད་པ།

དེ་བཞིན་སྨན་རྫས་ངན་གོམས་ཀྱི་གྲིབ་ནག་ལས་རང་དབང་ཐོབ་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་གྱི་ང་ཚོའི་རྒྱལ་ཁབ་ཀྱི་མ་འོངས་པ་སྲུང་སྐྱོབ་བྱེད་དགོས།


ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༨ ཉིན་སི་མ་ཇ་གྷ་རན་མན་ཆི་ཡི་ཚོགས་མི་རྣམས་ལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁའི་སྐལ་བཟང་གི་གོ་སྐབས་ཐོབ་ཡོད་པ་དང་། མཇལ་ཁ་གྲུབ་རྗེས་སྐུ་ཞབས་ཨིན་ཌར་པལ་སིང་ཁོ་ལི་མཆོག་གིས་སྣེ་ཁྲིད་པའི་སི་ཇི་ཨེམ་གྱི་ཚོགས་མི་རྣམས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཁུངས་སུ་ཆེད་ཕེབས་ཀྱིས་མཐོ་སྒང་གི་གསོལ་ཇ་མཆོད་ཞོར། དབུས་གཞོན་ལྷན་གྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་དང་། དྲུང་ཆེ་བསྟན་འཛིན་བློ་བཟང་ལགས། རིག་གཞུང་འགན་འཛིན་ཐུབ་བསྟན་ཚེ་རིང་ལགས། སྒྲིག་འཛུགས་འགན་འཛིན་མཚམས་གཅོད་ལགས་བཅས་མཉམ་ཞུགས་ཀྱིས་བོད་དོན་དང་འབྲེལ་ཚོགས་པ་ཕན་ཚུན་མཉམ་ལས་སྲ་བརྟན་ཡོང་ཐབས་དང་། བོད་དོན་འཐབ་རྩོད་རྒྱུན་སྐྱོང་གནང་ཕྱོགས་སྐོར་སོགས་ལ་ཚོགས་འདུ་ཞིག་ཚོགས་ནས་དོན་སྙིང་ལྡན་པའི་གྲོས་བསྡུར་གང་ལེགས་བྱུང་ཡོད།

དེ་རིང་ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༡༡ ཚེས་ ༢༤ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་མཆོག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་བཅུ་པའི་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབར་གྱི་འབྲེལ་བ་དང། ཚོགས་པ་ཡར་རྒྱས་ཚགས་ཚུད་ནི་ཚོགས་མི་ཡོངས་ཀྱི་འབད་བརྩོན་ལ་བརྟེན་ནས་བྱུང་བ་ཡིན་ཞེས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་སྔར་བཞིན་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས།

དེ་དང་ཆབས་ཅིག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པར་རྒྱབ་སྐྱོར་ནང་མཁན་རྣམས་ལ་ཁག་ཅིག་ལ་བྱ་དགའ་གནང་།
དེ་རིང་ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢༢ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ཅིག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཁུངས་སུ་འདུ་འཛོམས་བྱས་ཏེ། ཨ་སི་ཊོ་ནི་ཡའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཇུ་ཀུ་-ཁལ་རེ་ཌི་དང་། སྐུ་ཞབས་ཊི་ཊི་མཱ་རན། ལྕམ་སྐུ་ཧེ་ལྗོ་པིག་ཧོཕ། སྐུ་ཞབས་ཨན་ཊི་པོལ་མེ་ཊིས། སྐུ་ཞབས་མཱ་རེཀ་རེ་ནིཡས། ལྕམ་སྐུ་མཱར་གིཊ་སུ་ཊོ་རོ་པཱ་ལོང་བཅས་ལ་དགའ་བསུ་ཆེན་པོ་ཞུས་པ་མ་ཟད། རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམས་ཀྱང་མཉམ་ཞུགས་གནང་ཡོད།


ཁིའོ་སློབ་གྲྭ་ཆེན་མོའི་(Keio University) ཁྲིམས་ལུགས་སློབ་གླིང་(Faculty of law)དང་སྲིད་ཇུས་དོ་དམ་སློབ་གླིང་(Faculty of Policy Management)གི་དགེ་རྒན་(Kota Kanemaki) བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཁུངས་སུ་ཕེབས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་དང་འབྲེལ་བའི་གླེང་མོལ་བྱུང་རྗེས་ཁོང་ནི་བོད་དོན་ཐོག་བསམ་བློ་གཏིང་ཟབ་དང་དོ་སྣང་ཤུགས་ཆེའི་དྲི་བ་བཏང་བ་ཁག་ལ་ལན་འདེབས་དང་། དེ་བཞིན་བོད་དོན་དང་འབྲེལ་བོད་པའི་རིག་གཞུང་སོགས་ངོ་སྤྲོད་ཞུ་རྒྱུ་བྱུང་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ཨ་རིའི་གཙུག་ལག་སློབ་གྲྭ་ཁག་གི་སློབ་མ་གཞོན་སྐྱེས་རྣམས་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོ་སྤྲོད་གནང་བ་དང་། བགྲོ་གླེང་གི་ནང་དོན་གཞན་དག་ནི་བོད་ཀྱི་ཁོར་ཡུག་དང་དེའི་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་ཚུལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་དེའི་ཆབ་སྲིད་ཀྱི་ལྟ་གྲུབ། དེ་བཞིན་ད་ལྟའི་ས་ཁམས་ཆབ་སྲིད་ཀྱི་འཕེལ་རྒྱས་བཅས་ཡིན། ང་ཚོས་སློབ་མ་ཚང་མར་མ་འོངས་པའི་སློབ་སྦྱོང་ལ་ལམ་ལྷོང་ཡོང་བའི་སྨོན་ལམ་ཞུས།

༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་བསྒྲགས་གཏམ།
དེ་རིང་ནི་བོད་ཀྱི་ལོ་རྒྱུས་ནང་ཧ་ཅང་བརྗེད་དུ་མེད་པའི་གལ་ཆེའི་ཉིན་མོ་ཞིག་ཡིན། ལྕགས་སྟག་ཕྱི་ལོ་ ༡༩༥༠ ལོར་བོད་ཤར་ཕྱོགས་ཆབ་མདོ་ཁུལ་དུ་དགྲ་བོ་རྒྱ་དམར་སྲིད་གཞུང་གི་དྲག་པོའི་དམག་གིས་གནམ་ས་གཉིས་ནས་ཁྲིམས་འགལ་གྱིས་བཙན་འཛུལ་བྱས་ཏེ་བོད་ཀྱི་ཆབ་སྲིད་གནས་བབ་ཧ་ཅང་ཛ་དྲག་འོག་གནས་དགོས་བྱུང་ཡོད་པ་དང་། དེ་སྐབས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བཅུ་དྲུག་ལས་མ་ཕེབས་ཀྱང་བོད་ལྗོངས་ལྷ་མི་ཡོངས་ཀྱི་རེ་འདུན་ལྟར་ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༡༧ ཉིན་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བསྐྱེད་བཞེས་མཛད་དེ་ལོ་ངོ་ ༧༥ ཧྲིལ་པོ་འཁོར་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སའི་རྒྱུན་ལས་ཚོགས་མི་ཡོངས་ནས་དགའ་དད་སྤྲོ་གསུམ་གྱིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་སྦྲགས། ༸མགོན་པོ་གང་ཉིད་མཆོག་ནས་བོད་མི་རིགས་དང་རྒྱལ་ཁབ། ཆོས་དང་རིག་གཞུང་སོགས་བསྲུང་སྐྱོབ་ཀྱི་ཆེད་དབུ་ཁྲིད་ཀྱི་མཛད་འགན་རླབས་པོ་ཆེ་བཞེས་གནང་མཛད་པར་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ། ཆེ། ཆེ་ཞེས་ཞུ་རྒྱུ་དང་།
ཉིན་མོ་འདི་ནས་བཟུང་༸མགོན་པོ་གང་ཉིད་མཆོག་ནས་ཐུགས་དམ་བླ་ན་མེད་པ་བསྐྱེད་བཞེས་ཀྱིས་སྤྱིར་སྐྱེ་འགྲོ་ཡོངས་དང་། ཡང་སྒོས་བོད་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པ་སྣུམ་ཟད་ཀྱི་མར་མེ་ལྟར་གྱུར་བའི་ཧ་ཅང་ཡ་ང་ཞིང་ཡིད་སྐྱོ་དགོས་པའི་ཛ་དྲག་གི་གནས་བབ་ལས་སྐྱོབ་གནང་མཛད་པ་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ནང་སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་རང་བཞིན་གྱི་གལ་ཆེའི་ཉིན་མོ་ཞིག་ཡིན་པ་དང་། བོད་མི་ཡོངས་ཀྱིས་ནམ་ཡང་བརྗེད་ཐབས་མེད་པའི་ཉིན་མོ་ཞིག་ཡིན་པ་མ་ཟད་ཁོང་གི་ཐུགས་རྗེ་བཀའ་དྲིན་རྗེས་སུ་དྲན་དགོས་པའི་ཉིན་མོ་ཞིག་ཀྱང་ཡིན།
མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གསང་གསུམ་མཛད་འཕྲིན་མཐའ་ཡས་པའི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་༸མགོན་པོ་གང་ཉིད་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་དགོངས་ཡོངས་སུ་རྫོགས་ནས་གཞིས་བྱེས་བོད་མི་ཡོངས་རྫོགས་མཉམ་འཛོམས་ཀྱི་ཉིན་མ་མགྱོགས་ནས་མྱུར་དུ་འཆར་བའི་བཀྲ་ཤིས་སྨོན་འདུན་གྲངས་མེད་དང་བཅས། །
བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས།
བོད་རྒྱལ་ལོ་ ༢༡༥༢ ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༡༧ ཉིན།
