དེ་རིང་སྟེ་ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༧ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་དང་ལས་བྱེད་ཡོངས་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁའི་བསྐལ་བཟང་གི་གོ་སྐབས་ཐོབ་ཡོད་པ་དང་། མཇལ་ཁའི་སྐབས་དབུས་རྒྱུན་ལས་དང་ལས་བྱེད་མཐུན་མོང་ནས་དད་རྟེན་གྱི་རྫས་སུ་རྒྱལ་བ་ཚེ་དཔག་མེད་ཀྱི་སྐུ་འདྲ་ཞིག་ཕུལ་ནས་གཙོ་བོ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ༸སྐྱབས་མགོན་༸རྒྱལ་བའི་དབང་པོ། ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་སྐུ་ཚེ་མི་གཤིགས་པའི་རྡོ་རྗེའི་ཁམས་སུ་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་གསོལ་འདེབས་ཤུགས་དྲག་དང་བཅས་ངེད་དད་ལྡན་པ་རྣམས་སྐྱེ་བ་ཚེ་རབས་ནས་ཚེ་རབས་བར་༸མགོན་པོ་གང་ཉིད་ཀྱི་ཐུགས་བརྩེ་བ་ཆེན་པོའི་ཀློང་ནས་ནམ་ཡང་མ་དོར་བའི་ཐུགས་སྨོན་སྐྱབས་འཇུག་བརྩེ་གཟིགས་ཡོང་བ་ཞུ་རྒྱུ་བྱུང་བ་དང་། དེ་བཞིན་གཞོན་ལྷན་གྱི་འདི་ལོའི་ལས་བསྡོམས་དང་ལས་འཆར་སྙིང་བསྡུས་ཤིག་སྙན་སྒྲོན་ཞུ་ཐུབ་པ་བྱུང་བ་སོགས་སྐལ་བཟང་གི་གོ་སྐབས་ཐོབ་པར་གཞོན་ལྷན་དབུས་སའི་རྒྱུན་ལས་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་བཀུར་འོས་དྲུང་ཆེ་ལྷན་རྒྱས་དང་འབྲེལ་ཡོད་སྐུ་བཅར་ལས་བྱེད་ཡོངས་ལ་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཆེ། ཆེ་ཞེས་རྒྱུ་ཡིན།

