
ཛ་དྲག་གི་གསར་འགོད་གསལ་བསྒྲགས།
༄༅། །བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་གིས་མཆོག་སྤྲུལ་རིག་འཛིན་ཧུྃ་དཀར་རྡོ་རྗེ་མཆོག་ཝི་ཏི་ནམ་ནང་གི་བཀག་ཉར་ཁང་དུ་རྐྱེན་འདས་སུ་གྱུར་རྗེས་ནང་མིའི་མོས་མཐུན་མེད་པར་སྐུ་ཕུང་ཞུགས་འབུལ་ཞུས་པར་སྐྱོན་བརྗོད་དང་རྒྱལ་སྤྱིའི་རང་བཞིན་གྱི་ཞིབ་དཔྱོད་བྱེད་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད།
དེ་ཡང་མཆོག་སྤྲུལ་རིག་འཛིན་ཧུྃ་དཀར་རྡོ་རྗེ་རིན་པོ་ཆེ་འཛིན་བཟུང་དང་རྐྱེན་འདས་སུ་གྱུར་རྗེས་སྐུ་ཕུང་ལ་ཞིབ་དཔྱོད་གང་ཡང་མ་བྱས་པར་ཞུགས་འབུལ་བྱས་པ་དེར་རྒྱ་ནག་གཞུང་གིས་གཡོ་བྱུས་བཤམས་ཡོད་པའི་དོགས་གཞི་ཆེན་པོ་ཡོད།
(རྡ་རམ་ས་ལ། ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༢༡ ཉིན།) བོད་ཀྱི་རླབས་ཆེན་གྱི་སྐྱེ་བུ་མཆོག་སྤྲུལ་རིག་འཛིན་ཧུྃ་དཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་སྐུ་ཕུང་ནང་མིའི་མོས་མཐུན་མེད་པར་ཞུགས་འབུལ་བྱས་པར་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ལྔས་མཐའ་གཅིག་ཏུ་ངོས་ལེན་མེད་པའི་ཐོག་སྐྱོན་བརྗོད་ནན་པོ་བྱེད་རྒྱུ་ཡིན། དེ་ཡང་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༣ པའི་ཟླ་མཇུག་ཏུ་ཝི་ཏི་ནམ་གྱི་ཧོ་ཅི་མིན་གྲོང་ཁྱེར་གྱི་བཀག་ཉར་ཁང་དུ་དོགས་གཞི་ཅན་གྱི་གནས་སྟངས་འོག་སྐུ་གཤེགས་ཡོད་པ་དང་། དེ་རྗེས་གནད་དོན་དེར་འཕྲལ་དུ་ཞིབ་དཔྱོད་ནན་པོ་བྱེད་དགོས་པའི་རེ་སྐུལ་ཞུས་ཡོད་ཀྱང་ཡིད་སྐྱོའི་གནས་ཚུལ་ཞིག་ལ་རིན་པོ་ཆེ་མཆོག་གི་སྐུ་ཕུང་ལ་ཞིབ་དཔྱོད་གང་ཡང་མ་བྱས་པའི་ཁར་ནང་མིའི་མོས་མཐུན་ཆོག་མཆན་མེད་པར་སྐུ་ཕུང་ཞུགས་འབུལ་བྱས་ཡོད་འདུག
རིན་པོ་ཆེ་མཆོག་འཛིན་བཟུང་དང་། བཀག་ཉར་ཁང་དུ་རྐྱེན་འདས་སུ་གྱུར་པ། དེ་བཞིན་ནང་མིའི་ཆོག་མཆན་མེད་པར་སྐུ་ཕུང་ཞུགས་འབུལ་བྱས་པ་བཅས་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཚད་གཞི་ལས་འགལ་བའི་གནད་དོན་ཚབས་ཆེན་ཞིག་ཡིན་པ་དང་། དེ་ནི་དྲང་བདེན་ཞིབ་དཔྱོད་ལ་འགོག་རྐྱེན་བྱས་པར་ངོས་འཛིན་ཐུབ་པ་མ་ཟད། ཁོང་འཛིན་བཟུང་དང་རྐྱེན་འདས་སུ་གྱུར་བའི་གནད་དོན་ནང་རྒྱ་ནག་གཞུང་ཐད་དཀར་འབྲེལ་བ་ཡོད་པའི་དོགས་གཞི་ཆེན་པོ་ཞིག་ཆགས་ཡོད།
དེར་བརྟེན་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ནས་སྤྲུལ་སྐུ་རིག་འཛིན་ཧུྃ་དཀར་རྡོ་རྗེ་མཆོག་བཀག་ཉར་དང་རྐྱེན་འདས་ཀྱི་གནས་ཚུལ་བྱུང་རྐྱེན་ཐད་རྒྱལ་སྤྱིའི་ཚད་གཞི་དང་ལྡན་པའི་ཕྱི་གསལ་ནང་གསལ་གྱི་ཞིབ་དཔྱོད་ཆ་ཚང་བ་ཞིག་དགོས་པའི་ནན་སྐུལ་ཞུ་རྒྱུ་ཡིན།
ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གྱི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་གསུངས་དོན། “ ཝི་ཏི་ནམ་དུ་རིན་པོ་ཆེའི་སྐུ་ཕུང་གདན་ཞུར་ཆེད་ཕེབས་གནང་བའི་དགེ་འདུན་པ་ལྔ་པོར་མ་འོངས་པར་ཉེན་ཁ་ཧ་ཅང་ཆེན་པོ་འཕྲད་ངེས་ཡིན། ད་ལྟ་ཡང་ལུང་སྔོན་དགོན་པར་དཀའ་ངལ་ཚད་མེད་འཕྲད་བཞིན་ཡོད་པ་དང་། རིན་པོ་ཆེའི་སྐུ་པར་དང་གནས་ཚུལ་ཁྱབ་སྤེལ་བྱེད་མི་ཆོག་པའི་བཀའ་ཕེབ་ཡོད། གལ་ཏེ་རྒྱ་ནག་གཞུང་གི་བཀའ་རྒྱར་དང་ལེན་མ་བྱས་ཚེ་དགོན་པ་སྒོ་རྒྱག་གི་ཡིན་ཞེས་སྡིགས་ར་ཡང་བསྐུལ་ཡོད། རིན་པོ་ཆེའི་སྐུ་ཕུང་ཞུགས་འབུལ་དེ་འདི་ལྟར་གསང་བ་ཆེན་པོའི་ངང་བྱེད་དགོས་པའི་རྒྱུ་མཚན་ནི། རྒྱ་ནག་གཞུང་གིས་ངན་བྱུས་འོག་རིན་པོ་ཆེ་སྐུ་བཀྲོངས་པ་ཙམ་མ་ཟད། རིན་པོ་ཆེའི་སྐུ་ཕུང་གི་གནས་སྟངས་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་སྦས་ཡོད་པ་ཧ་ཅང་གསལ་པོ་ཡིན།”
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་གསུངས་དོན། “ང་ཚོས་ཝི་ཏི་ནམ་གཞུང་གིས་སྤྲུལ་སྐུ་རིག་འཛིན་ཧུྃ་དཀར་རྡོ་རྗེ་མཆོག་གི་རྐྱེན་འདས་ཀྱི་གནད་དོན་ཐད་ཕྱོགས་ཡོངས་ཀྱི་འགན་ཁུར་བྱེད་ཕྱོགས་ལ་སྐྱོན་བརྗོད་བྱ་རྒྱུ་མ་ཟད། སྐུ་ཕུང་ལ་ཞིབ་དཔྱོད་མ་བྱས་པ་དང་། སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པ་བཅས་ཀྱི་ཐད་ཝི་ཏི་ནམ་གཞུང་དང་རྒྱ་ནག་གཞུང་དབར་ངན་པ་ལག་སྦྲེལ་བྱས་ཡོད་པ་གསལ་པོ་ཆགས་ཡོད་པར་སོང་། རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་རྒྱལ་སྤྱིའི་རང་བཞིན་གྱི་ཁྲིམས་གཅོད་ལག་བསྟར་བྱེད་དགོས། ”
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས་གསུངས་དོན། “སྤྲུལ་སྐུ་འཛིན་ཧུྃ་དཀར་རྡོ་རྗེ་མཆོག་བཀག་ཉར་ཁང་དུ་རྐྱེན་འདས་སུ་གྱུར་བའི་གནད་དོན་ཐད་རྒྱུ་མཚན་ཁ་གསལ་ཞིག་བཤད་རྒྱུ་མེད་པ་དེ་ནི་དྲང་བདེན་མིན་པའི་གནད་དོན་ཞིག་ཡིན་པ་དང་། འགྲོ་བ་མིའི་ཆེ་མཐོང་ལ་རྩིས་མེད་རྡོག་རོལ་གྱི་བྱ་སྤྱོད་ཅིག་ཡིན་པ་གསལ་པོ་རེད། སྤྲུལ་སྐུ་རིག་འཛིན་ཧུྃ་དཀར་རྡོ་རྗེ་མཆོག་གི་མཐའ་མའི་དཔང་པོ་དེ་འཇིགས་སྣང་ཁྲོད་ཁུ་སིམ་མེར་ལུས་ཉེན་ལ་འཛམ་གླིང་ཡོངས་ཀྱིས་མིག་བཙུམས་ནས་སྡོད་མི་རུང་། ང་ཚོས་གནད་དོན་ཚང་མ་ཐལ་བར་མ་གྱུར་གོང་ང་ཚོས་བདེན་པའི་འོད་སྣང་མཐོང་འདོད་ཡོད།”
བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་པ་སངས་ལགས་ཀྱིས་གསུངས་དོན། “རླབས་ཆེ་བའི་སྐྱེས་ཆེན་དམ་པ་སྤྲུལ་སྐུ་རིག་འཛིན་ཧུྃ་དཀར་རྡོ་རྗེ་མཆོག་གི་སྐུ་སྲོག་དོགས་གཞི་ཅན་གྱི་གནས་སྟངས་འོག་མེད་པར་གྱུར་ཅིང་། ད་ཆ་བདེན་པའི་གནས་ཚུལ་སྦས་ཆེད་ནང་མིའི་མོས་མཐུན་མེད་པར་སྐུ་ཕུང་ཞུགས་འབུལ་བྱས་ཡོད། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་བརྩེ་བ་བྱས་པའི་རྒྱུ་མཚན་ཙམ་ལ་བརྟེན་ནས་མནར་གཅོད་ཀྱི་བདེན་པའི་གནས་ཚུལ་ལ་བཀག་སྡོམ་བྱེད་པའི་ཆེད་དུ་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་ཡ་ང་བ་ཞིག་ཡིན། འཛམ་གླིང་མི་མང་གིས་དྲང་བདེན་གྱི་ཆེད་ཡར་ལངས་ཏེ་རང་དབང་ཅན་གྱི་རྒྱལ་སྤྱིའི་ཞིབ་འཇུག་འཕྲལ་དུ་དགོས་པའི་དགོས་འདུན་བཏོན་དགོས། སྤྲུལ་སྐུ་རིག་འཛིན་ཧུྃ་དཀར་རྡོ་རྗེ་མཆོག་གི་དྲང་བདེན་དེ་རྩིས་མེད་གཏོང་མི་རུང་ལ་གཏོང་ཡང་མི་ཐུབ།”
རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་འབྲེལ་མཐུད་པ་འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་གསུངས་དོན། “སྤྲུལ་སྐུ་རིག་འཛིན་ཧུྃ་དཀར་་རྡོ་རྗེ་རིན་པོ་ཆེ་མཆོག་ནི། བོད་ཀྱི་སློབ་གསོ་བ་དང་། ལྟ་གྲུབ་སྨྲ་བ། སྙན་ངག་པ། སྒྱུ་རྩལ་པ། ལོ་ཙཱ་བ། ནང་པ་སངས་རྒྱས་པའི་བླ་སྤྲུལ་གྲགས་ཆེན་བཅས་རླབས་ཆེ་བའི་སྐྱེས་བུ་དམ་པ་ཞིག་ཡིན་ལ། ཁོང་གིས་རྒྱལ་ཕྱི་ནང་གི་སློབ་མ་སྟོང་ཕྲག་མང་པོར་རང་རང་གི་འདོད་བློ་དང་མཐུན་པར་དམ་པའི་ཆོས་ཀྱི་གདམས་པ་གནང་ཞིང་། ཁོང་གིས་བོད་ནང་ལག་རྩལ་སློབ་གླིང་དང་། དེ་བཞིན་སྨན་ཁང་། དཔེ་མཛོད་ཁང་། རྒན་གསོ་ཁང་སོགས་མི་རིགས་དང་རིག་གཞུང་ལ་ཕན་པའི་ཕྱག་ལས་རླབས་ཆེན་གནང་དང་གནང་བཞིན་པར་དད་ལྡན་མང་ཚོགས་ཆེས་མང་པོའི་དད་མོས་ཤུགས་ཆེན་པོ་བྱ་ཡུལ་ཞིག་ཡིན། འོན་ཀྱང་ཁོང་གློ་བུར་དུ་དོགས་གཞི་ཅན་གྱི་གནས་སྟངས་འོག་རྐྱེན་འདས་སུ་གྱུར་བ་ནི་བོད་མི་ཙམ་མ་ཡིན་པར་འཛམ་གླིང་ཡོངས་ལ་གྱོང་གུད་ཆེན་པོ་ཞིག་ཡིན།ཁོང་གི་མཛད་རྗེས་ཀྱིས་བོད་ཀྱི་མི་རབས་གསར་པར་སེམས་ཤུགས་སྤར་བཞིན་ཡོད་པས། ཁོང་གི་མཛད་རྗེས་དང་རླབས་ཆེན་གྱི་བློས་གཏོང་རྣམས་ནམ་ཡང་བརྗེད་མི་སྲིད།”
དགུང་ལོ་ ༥༦ ཏུ་ཕེབས་པའི་སྤྲུལ་སྐུ་རིག་འཛིན་ཧུྃ་དཀར་རྡོ་རྗེ་མཆོག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་གནང་བར་བོད་ནང་རྒྱ་ནག་གི་དཔོན་རིགས་ཚོས་རྒྱུན་ཆད་མེད་པར་བསུན་གཙེར་བཟོ་བཞིན་པར་བརྟེན་བཙན་བྱོལ་དུ་ཕེབས་ཡོད་པའི་གནས་ཚུལ་ཐོན་ཡོད། ཁུངས་བདེན་གྱི་གནས་ཚུལ་ལྟར་ན། སྤྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༥ ཉིན་ཝི་ཏི་ནམ་གྱི་ཧོ་ཅི་མིན་གྲོང་ཁྱེར་དུ་ཝི་ཏི་ནམ་ཉེན་རྟོག་པ་དང་རྒྱ་ནག་གི་གསང་ལས་པ་གཉིས་ནས་མཉམ་འབྲེལ་གྱིས་ཁོང་འཛིན་བཟུང་བྱས་རྗེས་ཉིན་ཤས་ལས་མ་སོང་བར་ཁོང་བཀག་ཉར་ཁང་དུ་རྐྱེན་འདས་སུ་གྱུར་ཡོད། ཝི་ཏི་ནམ་གྱི་དབང་འཛིན་པ་ཚོས་ཁོང་སྙིང་ནད་ཀྱིས་རྐྱེན་པས་གྲོངས་ཚུལ་གྱི་གཞི་མེད་ཀྱི་རྒྱུ་མཚན་བཀོད་ཡོད་ན་ཡང་། ནང་མིར་སྐུ་ཕུང་མཇལ་བཅུག་མེད་པ། གནད་དོན་དེའི་ཐོག་གཞུང་འབྲེལ་ཡིག་ཆ་གང་ཡང་མེད་པ་བཅས་ཀྱིས་བདེན་པ་སྦས་གསང་བྱས་ཡོད་པ་མངོན་གསལ་ཡིན།
གནས་ཚུལ་འདི་དང་དུས་མཚུངས་སུ་མགོ་ལོག་ཁུལ་དུ་ཡོད་པའི་ཁོང་གི་དགོན་པར་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། ཉེན་སྲུང་ཡང་ཤུགས་ཆེ་བྱེད་བཞིན་པའི་གནས་ཚུལ་ཐོན་ཡོད་པས་འཕྲལ་དུ་རྒྱལ་སྤྱིས་ཐེ་གཏོགས་དགོས་པའི་དགོས་འདུན་འདོན་བཞིན་ཡོད། ང་ཚོ་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་མགོ་ལོག་ཏུ་བཞུགས་པའི་དགེ་འདུན་པ་རྣམས་ཀྱི་བདེ་སྡུག་དང་གནས་སྟངས་ཐད་ཧ་ཅང་སེམས་འཚབ་ཆེན་པོ་ཡོད། དངོས་སུ་མཐོང་མཁན་ཚོས་བརྗོད་པ་ལྟར་ན། ཁོང་གི་དགོན་པར་འཕྲལ་མར་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་པ་སྟེ། ལྟ་རྟོག་བྱེད་ཤུགས་ཆེ་རུ་བཏང་བ། འགྲོ་བསྐྱོད་ལ་དམ་བསྒྲགས་བྱས་པ། དགེ་འདུན་པ་དང་སྐྱ་བོ་རྣམས་ལ་འཇིགས་སྐུལ་བྱེད་བཞིན་པ་བཅས་ཀྱི་གནས་ཚུལ་ཐོན་ཡོད།
བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་གིས།
- སྤྲུལ་སྐུ་རིག་འཛིན་ཧུྃ་དཀར་རྡོ་རྗེ་མཆོག་རྐྱེན་འདས་སུ་གྱུར་བའི་གནས་སྟངས་ཐད་ཕྱི་གསལ་ནང་གསལ་གྱི་ཞིབ་འཇུག་ཆ་ཚང་བ་ཞིག་དགོས་པའི་དགོས་འདུན་བཏོན་རྒྱུ་ཡིན།
- ཕྱི་རྒྱལ་སྲིད་གཞུང་ཁག་ནས་ཝི་ཏི་ནམ་དང་རྒྱ་ནག་གཞུང་ལ་ལན་འདེབས་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་ཞུ་རྒྱུ་དང་། བོད་ནང་གི་སྤྲུལ་སྐུ་ཧུྃ་དཀར་རྡོ་རྗེ་རིན་པོ་ཆེའི་དགོན་པར་དམ་བསྒྲགས་ཤུགས་ཆེ་རུ་བཏང་བ་དང་། ཉེན་སྲུང་ཐབས་ལམ་སྐོར་གྱི་ལན་འདེབས་ཕུལ་ཆེད། ཕྱི་རྒྱལ་སྲིད་གཞུང་ཁག་ནས་ཝི་ཏི་ནམ་དང་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་རྒྱུ་དང་། དེ་བཞིན་དེ་དག་ལ་སྐྱོན་བརྗོད་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ།
3) མཉམ་འབྲེལ་རྒྱལ་ཚོགས་ལ། སྤྲུལ་སྐུ་ཧུྃ་དཀར་རྡོ་རྗེ་རིན་པོ་ཆེ་ཁྲིམས་ཐོག་མིན་པར་དམར་གསོད་བཏང་བ་ཡིན་མིན་ཞིབ་འཇུག་བྱེད་དགོས་པ་དང་། སྤྲུལ་སྐུ་ཧུྃ་དཀར་རྡོ་རྗེ་རིན་པོ་ཆེའི་རྐྱེན་འདས་དང་འབྲེལ་བའི་གནད་དོན་ཁག་གི་ངན་བྱུས་དང་། འཆར་གཞི་བཟོ་མཁན། ལག་བསྟར་བྱེད་མཁན་ཡོངས་རྫོགས་ངོས་འཛིན་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།