གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཚོགས་འདུར་མཉམ་ཞུགས།

གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཚོགས་འདུར་མཉམ་ཞུགས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཉིན་གསུམ་རིང་ཉི་ཧོང་དུ་སྐོང་ཚོགས་ཞུས་པའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཚོགས་འདུར་མཉམ་ཞུགས་གནང་སྟེ་བོད་དོན་རྒྱབ་སྐྱོར་བ་དང་བོད་དོན་ལས་འགུལ་བ་གང་མང་ཞིག་དང་ཐུག་འཕྲད་གནང་ཡོད་པ་མ་ཟད། བོད་དོན་འཐབ་རྩོད་ཀྱི་ནུས་པ་གོང་མཐོར་གཏོང་ཐབས་སོགས་ཀྱི་ཐད་ཕན་ཚུན་གོ་བསྡུར་སྦྱང་བཤད་གང་ལེགས་བྱུང་ཡོད་པ་དང་། རྒྱལ་སྤྱིའི་ལས་འགུལ་བའི་དབར་ཕན་ཚུན་འབྲེལ་ལམ་སྔར་ལྷག་འཛུགས་ཐུབ་པ་བྱུང་ཡོད། སྐབས་དེར་ལྡི་ལི་བསམ་གཡས་གླིང་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་གཙོས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གཅིག་གི་སྐུ་འཚབ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ། བོད་དོན་ལས་འགུལ་བ་སོགས་གང་མང་ཞིག་མཉམ་འཛོམས་གནང་ཐུབ་པ་བྱུང་ཡོད།

གཞོན་ལྷན་ཉིན་མོ་སྲུང་བརྩི།

གཞོན་ལྷན་ཉིན་མོ་སྲུང་བརྩི།

 

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ ༥༣ ཧྲིལ་པོ་འཁོར་བའི་དུས་སྟོན་དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༧ ཉིན་འཁེལ་ཡོད་སྟབས། སྔར་རྒྱུན་དང་མི་འདྲ་བར་འདི་ལོའི་དུས་དྲན་སྲུང་བརྩིར་དམིགས་ཏེ་བཞུགས་སྒར་རྡ་སའི་གཞོན་ལྷན་དབུས་ས་ཟུང་སྦྲེལ་གྱིས་དེ་ཉིན་བོད་ཀྱི་ཟློས་གར་ཐང་སྟེང་དུ་མཛད་སྒོ་དང་གཞས་སྣ་གཟིགས་འབུལ། དེ་བཞིན་ཐག་འཐེན་རྩེད་འགྲན་གོ་སྒྲིག་སོགས་ཞུས་ཏེ་དུས་དྲན་སྲུང་བརྩི་ཞུས་ཡོད། སྐབས་དེར་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་གཞོན་ལྷན་དབུས་སའི་རྒྱུན་ཟུར་རྣམ་པ། སྤྱི་འཐུས་རྒྱུན་ལས་རྣམ་པ། ཚོགས་སྐྱིད་ཁག་གི་དབུ་ལས་རྣམ་པ་དང་གཞན་ཡང་གཞོན་ལྷན་གྱི་ལས་འགུལ་ལ་རྒྱབ་སྐྱོར་གནང་མཁན་སོགས་གདན་ཞུས་ཀྱིས་མཛད་སྒོ་དངོས་སུ་བོད་ཀྱི་ཟློས་གར་ཐང་སྟེང་དུ་ཚོགས་གནང་ཡོད། མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་དང་གཞོན་ལྷན་ལས་ཐོག་ཚོགས་གཙོ་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་སྣང་གསལ་མར་མེ་ཞལ་ཁ་ཕྱེ་གནང་དང་། བོད་ཀྱི་ཟློས་གར་གྱི་སྒྱུ་རྩལ་བ་རྣམས་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱ་གར་རྒྱལ་གླུ། གཞོན་ལྷན་མཐུན་གཞས་བཅས་མཉམ་གཏོང་ཐོག་མཛད་སྒོ་འགོ་འཛུགས་གནང་ཡོད། གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ནས་མཛད་སྒོ་གཙོ་སྐྱོང་དང་། མཛད་སྒོའི་ཐོག་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མཆོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་ལས་དོན་བྱེད་ཕྱོགས། སྒྲིག་འཛུགས་ཀྱི་གལ་གནད་སོགས་དང་འབྲེལ་བའི་བཀའ་སློབ་གསུང་བཤད་དང་། ད་ལྟའི་ཆར་བོད་མིའི་ནང་ཁུལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དགོས་གལ། གཞན་ཡང་འཐབ་རྩོད་ཀྱི་ལས་འགུལ་ནང་མི་མང་རང་བཞིན་གྱི་རྒྱབ་སྐྱོར་དང་མཉམ་ཞུགས་དགོས་གལ་སོགས་ཀྱི་ཐད་གཏམ་བཤད་དང་གཞོན་ལྷན་གྱི་བསྒྲགས་གཏམ་སྒྲོག་སྦྱང་སོགས་གནང་ཡོད། དེའི་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་སྐུ་ངོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་བཀའ་སློབ་གསུང་བཤད་གནང་དོན་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ལོ་ངོ་ཧྲིལ་པོ་ ༥༣ ནང་ནུས་ཕན་དང་ལྡན་པའི་ལས་འགུལ་གང་མང་ཞིག་བརྩམས་དང་རྩོམ་མུས་ཡིན་པར་ཡི་རང་བསྔགས་བརྗོད་དང་། ད་ལྟའི་ཆར་བོད་པའི་སྤྱི་ཚོགས་འདི་བཞིན་འཁྲུག་ཆ་ཆེན་པོ་ཡོད་པའི་གནས་སྐབས་སུ་དབུ་ལས་རྣམ་པའི་ལས་དོན་བྱེད་ཕྱོགས་ལ་ཡིད་གཟབ་དགོས་གལ་སོགས་ཀྱི་ཐད་བཀའ་སློབ་ཟབ་རྒྱས་གནང་ཡོད།

དེ་རྗེས་གཞས་སྣ་གཟིགས་འབུལ་དུ། གངས་ལྗོངས་བྲོ་ར་ཁྲ་མོའི་ཞབས་བྲོ་བ་དང་། ཨ་རྩེད་མ་ཚོགས་པ། བདེ་ཆེན་རུ་ཁག པདྨ་ཆོས་འཛོམས་སོགས་ཀྱི་ཞབས་བྲོ་བ་ཡོངས་ནས་སྒོར་གཞས་གཙོས་འཁྲབ་གཞས་ཁག་གཅིག་གཟིགས་འབུལ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བུའི་རུ་ཁག་དང་ནོར་གླིང་རུ་ཁག་གཉིས་དབར་ཐག་འཐེན་འགྲན་བསྡུར་སོགས་བྱས། མཐའ་དོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་བཀྲིས་རྟགས་རྒྱས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་བཅས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པའི་དུས་སྟོན་དེ་བཞིན་ལེགས་གྲུབ་བྱུང་ཡོད།

དགྲ་བོ་རྒྱ་དམར་སྲིད་གཞུང་འགོ་བཙུགས་ཏེ་ལོ་ངོ་ཧྲིལ་པོ་ ༧༤ འཁོར་བའི་རྒྱལ་སྤྱིའི་ལས་འགུལ་ཉིན་མོའི་ལས་བསྡོམས།

 

དགྲ་བོ་རྒྱ་དམར་སྲིད་གཞུང་དངོས་སུ་འགོ་བཙུགས་ཏེ་ལོ་ངོ་ཧྲིལ་པོ་ ༧༤ འཁོར་བའི་ཉིན་མོར་བཞུགས་སྒར་དུ་བརྟན་གཞི་བྱས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་རྒྱ་གར་སྡེ་ཚན་ཐུན་མོང་ནས་མེག་གྷན་ཁྲོམ་གཞུང་དུ་འཁྲབ་སྟོན་གྱི་ལམ་ནས་དགྲ་བོ་རྒྱ་མར་གྱི་བཙན་གནོན་ལ་འགོག་རྒོལ་བྱེད་མཁན་འཐབ་རྩོད་པ་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་རྒྱལ་སྤྱིའི་ལས་འགུལ་ནང་མཉམ་ཞུགས་ཀྱིས་དགྲ་བོ་རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད།

སྐབས་དེར་རྒྱབ་ངོས་ཀྱི་འཕྲེད་དར་སྟེང་རྒྱལ་སྤྱིའི་ལས་འགུལ་ཉིན་མོ་ཞེས་ཡིག་ཆེན་བྲིས་ཏེ་དེའི་མདུན་ངོས་སུ་དགྲ་བོ་རྒྱ་དམར་གྱི་བཙན་འཛུལ་དང་བཙན་གནོན་འོག་ཡོད་པའི་རྒྱལ་ཁབ་ལྔའི་སྐུ་ཚབ་མཚོན་པའི་ལག་ལྕགས་རྒྱབ་པའི་ལས་འགུལ་བ་ལྔ་སར་པུས་མོ་བཙུགས་ཡོད་པ་དང་། ལས་འགུལ་བ་དེ་དག་ཞི་ཅིན་ཕིང་གི་གདོང་འབག་གྱོན་པའི་ལས་འགུལ་བ་ཞིག་ནས་ལྕགས་ཐག་གིས་བསྡམས་པ་མ་ཟད། གཡས་ཕྱོགས་སུ་ཁྲག་གི་འཚོས་པའི་ལོ་ངོ་བདུན་ཅུ་དོན་བཞིའི་འདྲ་གཟུགས་ཤིག་བཞག་ཏེ་དགྲ་བོ་རྒྱ་དམར་སྲིད་གཞུང་འགོ་བཙུགས་པ་ནས་བཟུང་མི་གསོད་ལག་དམར་གྱི་ལས་དོན་བརྩམས་པ་མཚོན་པར་བྱས་ཡོད། ལས་འགུལ་གྱི་ཐོག་མར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་བཀྲིས་དོན་གྲུབ་ལགས་ནས་ལས་རིམ་ངོ་སྤྲོད་དང་། དེའི་རྗེས་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ནས་བོད་སྐད་ཐོག་གཏམ་བཤད་སྤེལ་ཏེ་བོད་ནང་གི་ཛ་དྲག་གནས་སྟངས་དང་། དེ་བཞིན་རྒྱལ་སྤྱིའི་ནང་གི་གོ་སྐབས་སོགས་དང་འབྲེལ་བའི་ཐོག་གཏམ་བཤད་སྤེལ་ཡོད་པ་མ་ཟད། ད་ལྟའི་ཆར་བོད་ནང་གི་ཛ་དྲག་གནས་སྟངས་ལས་ལྷག་པ་བཙན་བྱོལ་ནང་ཛ་དྲག་གནས་སྟངས་འགྱུར་མེད་པར་སོང་། ཆོལ་གསུམ་བོད་རིགས་སྤུན་ཟླ་ཡོངས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་གོ་བསྡུར་བགྲོ་གླེང་དང་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་ཡོང་ཐབས་ཚང་མས་ནུས་པ་མཉམ་སྤུངས་གནང་དགོས་ཚུལ་སོགས་ཀྱི་གཏམ་བཤད་སྤེལ་ཡོད་པ་དང་། དེའི་རྗེས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་ཞིག་ནས་དབྱིན་ཡིག་ཐོག་བསྒྲགས་གཏམ་སྒྲོག་སྦྱང་སོགས་གནང་ཏེ་ལས་འགུལ་གང་ལེགས་བྱུང་ཡོད། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་གསུམ་ཐུན་མོང་གི་བསྒྲགས་གཏམ་ནང་དོན་དུ།

དགྲ་བོ་རྒྱ་དམར་སྲིད་གཞུང་འདི་བཞིན་འགོ་འཛུགས་བྱས་ཏེ་ལོ་ངོ་ཧྲིལ་པོ་ ༧༤ འཁོར་བའི་དུས་དྲན་སྲུང་བརྩི་འདི་ནི་དགྲ་བོ་རྒྱ་དམར་གྱི་བཙན་གནོན་དང་དྲག་གནོན་འོག་མྱངས་དང་མྱོང་བཞིན་པའི་རྒྱལ་ཁབ་བོད་དང་ལྷོ་སོག ཡུ་གུར། ཧོང་ཀོང། ཐའེ་ཝན་སོགས་ལ་མཚོན་ན་ཆེས་མྱ་ངན་བྱ་དགོས་པའི་ཉིན་ནག་ཅིག་ཏུ་ངོས་འཛིན་གྱིས་རྒྱལ་སྤྱིའི་ལས་འགུལ་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་མུས་དང་། དགྲ་བོ་རྒྱ་དམར་གྱི་བྱས་ཉེས་མཐའ་དག་ཐེར་འདོན་ཡོང་ཐབས་ལ་དམིགས་ཏེ་རྒྱལ་ཁབ་དེ་དག་གི་ལས་འགུལ་བ་ཐུན་མོང་ནས་མཉམ་རུབ་ཀྱིས་དགྲ་རྒོལ་ལས་འགུལ་སྤེལ་ཏེ་བོད་གཙོས་པའི་རྒྱལ་ཁབ་དེ་དག་གི་ནང་རང་དབང་སླར་གསོ་ཡོང་ཆེད་ལས་འགུལ་སྤེལ་མུས་ཡིན།

རྒྱ་དམར་སྲིད་གཞུང་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་འཛིན་རིང་ལུགས་ཀྱི་འགོ་ཁྲིད་འོག་ཡུ་གུར་ནང་ངལ་རྩོལ་བསྒྱུར་བཀོད་ཁང་འཛུགས་སྐྲུན་དང་། ཧོང་ཀོང་གི་ཚད་མཐོའི་རང་དབང་ལ་འགོག་རྐྱེན། ཐའེ་ཝན་ལ་ཡང་དྲག་རྒོལ་གྱིས་འཇིགས་སྐུལ་བྱས་དང་བྱེད་མུས་ཡིན་པ་མ་ཟད། བོད་ཕྲུག་ས་ཡ་གཅིག་ལྷག་བརྟན་འཇགས་སློབ་གྲྭར་བཙན་འཇུག་དང། ཁྲིམས་འགལ་ཐོག་བོད་མིའི་རིགས་རྫས་བཙན་གྱིས་བསྡུ་ལེན་གཙོས་པའི་བོད་ཀྱི་ཆོས་དང་རིག་གཞུང་ངོ་བོ་དང་བཅས་པ་རྩ་མེད་བཟོ་ཐབས་སོགས་ཀྱི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པས་ད་ལྟའི་ཆར་བོད་ནི་འཛམ་གླིང་ཐོག་རང་དབང་ཚད་དམའ་ཤོས་ཀྱི་གནས་བབ་ཏུ་ལྷུངས་ཡོད།

རྒྱ་དམར་སྲིད་གཞུང་གིས་བོད་ས་བཙན་འཕྲོག་བྱས་པ་ནས་བཟུང་མི་ལོ་དྲུག་ཅུ་ལྷག་རིང་དངོས་ཤུགས་བརྒྱུད་གསུམ་ནས་ཐབས་བརྒྱ་བྱུས་སྟོང་གིས་བོད་མིའི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ ཡུལ་གོམས་གཤིས་ལུགས་སོགས་རྩ་མེད་བཏང་དང་གཏོང་མུས་ཡིན་པ་མ་ཟད། དམིགས་བསལ་ཞི་ཅིན་ཕིན་གྱིས་སྒེར་འཛིན་རིང་ལུགས་ཀྱི་སྲིད་བྱུས་འོག་བོད་ཕྲུག་ས་ཡ་གཅིག་ལྷག་རང་གི་ཁྱིམ་ཚང་དང་ཁ་བྲལ་ཏུ་བཏང་ནས་བརྟན་འཇགས་སློབ་གྲྭར་བཙན་འཇུག་གིས་བོད་རིགས་རྒྱ་རིགས་སུ་སྒྱུར་སླད་སྐད་ཡིག་སློབ་གསོའི་ཐོག་ནས་དམར་ཤོག་གི་ལྟ་བ་བཙན་ཁྲིད་དང་། བོད་ཀྱི་ས་ཁུལ་ཁག་གི་མིང་དང་བཅས་པར་སྒྱུར་བཅོས་ཀྱིས་རྒྱལ་སྤྱིའི་ཐོག་བོད་ཅེས་པའི་ཐ་སྙད་རིགས་བསུབ་ཐབས་བྱེད་བཞིན་པ་བཅས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཕྱོགས་ཡོངས་ནས་ཉིན་རེ་བཞིན་ཇེ་སྡུག་ཇེ་ཞན་དུ་འགྱུར་བཞིན་འདུག་པས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚན་པ་གཙོས་པའི་འབྲེལ་ཡོད་སྒྲིག་འཛུགས་ཁག་ནས་རྒྱ་དམར་སྲིད་གཞུང་ལ་དེ་དག་འཕྲལ་དུ་མཚམས་འཇོག་ཡོང་རྒྱུར་གནོན་ཤུགས་སྤྲོད་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་བཅས་འཁོད་ཡོད།

 

Back To Top