བོད་རྒྱལ་ལོ་ ༢༡༥༣ ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༣༡ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་ “ཞྭ་མོ་ནག་པོའི་གོམ་བགྲོད།” (Black Hat March) ཞེས་པའི་ལས་འགུལ་དེ་བཞིན་བཞུགས་སྒར་རྡ་ས་ལྷ་རྒྱལ་རི་ནས་དབུ་འཛུགས་ཞུས་ཡོད། དེ་རིང་གི་ཉིན་མོ་འདི་ནི་ཉེ་རབས་བོད་ཀྱི་ལོ་རྒྱུས་ནང་ཧ་ཅང་གལ་འགངས་ཅན་ཞིག་ཆགས་ཡོད། དགྲ་བོ་རྒྱ་དམར་སྲིད་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་ཁྲིམས་འགལ་བཙན་བཟུང་བྱས་རྗེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་སྐུ་འཁོར་ལྟོས་བཅས་དང་། བོད་གཞུང་བཀའ་ཤག་དང་བཅས་བོད་མི་སྟོང་ཕྲག་མང་པོ་རྒྱ་གར་རང་དབང་ལུང་པའི་ནང་བཙན་བྱོལ་དུ་ཆིབས་སྒྱུར་གནང་བའི་ཉིན་དང་པོ་དེ་ཡིན་ཞིང་། གོམ་བགྲོད་ལས་འགུལ་གྱི་དབུ་འབྱེད་མཛད་སྒོ་ནི་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་གི་རྒྱབ་ངོས་དང་། བོད་རྒྱལ་ཁབ་དང་མི་རིགས་རིག་གཞུང་དང་བཅས་པའི་ཆེད་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་དང་། རྡོ་རིང་བཞུགས་གནས་ལྷ་རྒྱལ་རིར་ཚོགས་ཡོད་པ་དང་།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་རང་གཞུང་དབུས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་སྐུ་ངོ་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་སྡ་བདེ་བྷི་ཇེ་པི་གཞོན་ནུ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཤ་ཤྭཊ་ཀ་པུར་ (Mr. Shashwat Kapoor) མཆོག ཧིན་བོད་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Ajit Nehria མཆོག བོད་མི་མང་སྤྱི་འཐུས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བསྟན་འཛིན་འཇིགས་མེད་ལགས། བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། བཞུགས་སྒར་རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མི་དམར་ལགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་སྐུ་ངོ་སྟོབས་རྒྱལ་ལགས་དང་སྤེན་པ་ཚེ་རིང་ལགས། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། གསར་འགྱུར་ཚན་པ་ཁག་གི་གསར་འགོད་པ་བཅས་ཕེབས་ཡོད། ལས་འགུལ་བ་རྣམ་པ། རྡ་སའི་ཁུལ་གྱི་མི་མང་ཁག་ཅིག་བཅས་ཕེབས་ཡོད། ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། རྒྱ་གར་རྒྱལ་གླུ་གྱེར་འདོན་གནང་རྗེས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་ངག་བཅད་སྐར་མ་གཅིག་ཞུས། དེ་རྗེས་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་བློ་བཟང་ལགས་ནས་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་གྱི་བོད་ཡིག་བསྒྲགས་གཏམ་སྒྲོག་སྦྱང་དང་། སྤྱི་ཁྱབ་ཟུང་དྲུང་ངག་དབང་དཔལ་འབྱོར་ལགས་ནས་ཧིན་དྷིའི་ཐོག་བསྒྲགས་གཏམ་སྒྲོག་སྦྱང་ཞུས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་མཆོག་ནས་མཛད་སྒོའི་ཐོག་ཚོགས་བཅར་བ་ཡོངས་ལ་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་གྱི་དམིགས་ཡུལ་དང་དགོས་འདུན་ཁག་ངོ་སྤྲོད་གནང་ཡོད།
དེ་རྗེས་སྐུ་མགྲོན་གཙོ་བོ་རང་གཞུང་བདེ་སྲུང་ལས་ཁུངས་ཀྱི་སྐུ་ངོ་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་གལ་ཆེའི་གསུང་བཤད་དང་། དམིགས་བསལ་སྐུ་མགྲོན་སྡ་བདེ་བྷི་ཇེ་པི་གཞོན་ནུ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཤ་ཤྭཊ་ཀ་པུར་ (Mr. Shashwat Kapoor) མཆོག་གི་གསུང་བཤད། ཧིན་བོད་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Ajit Nehria མཆོག་གི་གསུང་བཤད་བཅས་མཛད་སྒོའི་ལས་རིམ་ཁག་ལེགས་པར་གྲུབ་རྗེས། ལས་འགུལ་བ་རྣམས་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་དང་འཇལ་དཔལ་ཡེ་ཤེས་ལགས་རྣམ་གཉིས་ཀྱི་རྡོ་རིང་མདུན་ནས་རུ་སྒྲིག་ཐོག་བོད་མི་མང་སྤྱི་འཐུས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བསྟན་འཛིན་འཇིགས་མེད་ལགས་ནས་ཐུན་མོང་ཐོག་ལྷ་རྒྱལ་རི་ནས་གོམ་བགྲོད་དབུ་འཛུགས་ཀྱི་རྒྱལ་དར་སྒྲེང་གནང་ཡོད།


ཆུ་ཚོད་བཅུ་གཉིས་ཙམ་ལ་ལས་འགུལ་བ་རྣམས་གངས་ཅན་སྐྱིད་གཤོངས་སུ་འབྱོར་མ་ཐག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྐུ་ངོ་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་ཀྱིས་ལས་འགུལ་བ་རྣམས་ལ་སྨོན་འདུན་བཟང་པོ་གནང་བ་མ་ཟད། གངས་ཅན་སྐྱིད་གཤོངས་ཀྱི་སྒོ་ཆེན་ནས་གོམ་བགྲོད་དངོས་སུ་དབུ་འཛུགས་ཀྱི་རྒྱལ་དར་སྒྲེང་གནང་རྗེས་ལས་འགུལ་བ་རྣམས་རིམ་བགྲོད་ཀྱིས་དགོང་དྲོ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བདེ་འབྱོར་ཐོག་བཞག་བསྡོད་དང་པོ་དེ་གནང་ཡོད། དེ་སྐབས་སློབ་སྤྱི་པ་སངས་ཚེ་རིང་ལགས་གཙོ་བྱས་པའི་ས་རཱ་ས་གནས་གཞོན་ནུ་རུ་ཁག དེ་བཞིན་དགེ་ལས་སློབ་ཕྲུག་རྣམས་ཀྱིས་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད།
མཐའ་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོ་མཆོག་ནས་གཞོན་སྐྱེས་སློབ་ཕྲུག་རྣམས་ལ་བོད་དོན་འཐབ་རྩོད་ཐོག་འགན་འཁུར་གང་མང་ལན་དགོས་པའི་སྐོར་དང་། དེ་རྗེས་དྲི་བ་དྲིས་ལན་བཅས་ལས་ཉིན་དང་པོ་ལེགས་གྲུབ་ཀྱིས་མཇུག་སྒྲིལ་ཞུས་ཡོད།



