བོད་དོན་ཞུ་གཏུགས་མཐུན་ཚོགས་ཀྱི་ཞུ་གཏུགས་ལས་འགུལ་ཐེངས་གཉིས་པ།

Spread the love

རྒྱ་གར་གཞུང་དམངས་གཉིས་ནས་བོད་ཀྱི་གནད་དོན་ཐད་སྲིད་བྱུས་བརྟན་པོ་འཛིན་ཐབས་དང་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁག་ནས་ཀྱང་བོད་ཀྱི་བདེན་པའི་འཐབ་རྩོད་དང་འབྲེལ་བའི་གྲོས་ཆོད་འཇོག་ཐབས། གཞན་ཡང་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་གྲོས་ཚོགས་འཐུས་མི་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་སོགས་ནས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གྱིས་གྲོས་ཚོགས་གོང་འོག་གཉིས་ནང་བོད་ཀྱི་གནད་དོན་གླེང་སློང་སོགས་གནང་ཏེ་མཐར་རྒྱ་གར་གྲོས་ཚོགས་གོང་འོག་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་དང་ཁྲིམས་འཆར་གཏན་འབེབ་སོགས་ལ་དམིགས་ཏེ་ཞུ་གཏུགས་ལས་འགུལ་ཐེངས་དང་པོ་དེ་བཞིན་ཕྱི་ལོ་ ༢༠༢༤ ལོའི་ལོ་འཇུག་དུ་ཞུ་གཏུགས་ལས་འགུལ་སྤེལ་ཡོད། བོད་དོན་ཞུ་གཏུགས་མཐུན་ཚོགས་ཀྱི་ཞུ་གཏུགས་ལས་འགུལ་ཐེངས་གཉིས་པ་དེ་བཞིན་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༧ ནས་ ༢༨ བར་ཉིན་བཅུའི་རིང་སྤེལ་ཡོད་པ་དང་།

སྐབས་དེར་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་གྲོས་ཚོགས་འཐུས་མི་དང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་ད་ལྟའི་ལས་ཐོག་གཞུང་འཛིན་སྲིད་སྐྱོང་གཙོས་ཁྱོན་གྲོས་ཚོགས་འཐུས་མི་ ༥༤ དང་གནད་ཡོད་གཉིས་བཅས་ཁྱོན་གནད་ཡོད་མི་སྣ་ ༥༦ ཙམ་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། ཧིན་བོད་གཉིས་ཀྱི་ས་མཚམས་ངོས་འཛིན་དགོས་གལ་སོགས་ཀྱི་འབོད་སྐུལ་ཞུ་སྙན་དོན་ཚན་ལྔ་ཅན་ཞིག་ཕུལ་ཡོད་པ་མ་ཟད། གྲོས་ཚོགས་ནང་བོད་ཀྱི་གནད་དོན་གླེང་སློང་གནང་སྐྱོང་ཡོང་བའི་འབོད་སྐུལ་སོགས་ཞུས། སྐབས་དེར་གྲོས་ཚོགས་འཐུས་མི་ ༡༢ དེ་སྔོན་ཞུ་གཏུགས་ལས་འགུལ་ཐེངས་དང་པོའི་སྐབས་མཇལ་འཕྲད་བྱུང་ཡོད་པ་དང་ཁོང་རྣམ་པར་འབྲེལ་བ་དམ་ཟབ་གཏོང་ཐབས་དང་། གྲོས་ཚོགས་འཐུས་མི་གཞན་ཆ་ཚང་དེ་སྔོན་མཇལ་འཕྲད་མ་བྱུང་བ་རྐྱང་ཡིན་པས་བོད་དོན་གོ་རྟོགས་གང་ལེགས་སྤེལ་ཐུབ་པ་བྱུང་ཡོད། འབོད་སྐུལ་ཞུ་སྙན་ནང་བོད་ནི་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱབ་ཁབ་ཅིག་དང་ལོ་རྒྱུས་ཐོག་ཧིན་བོད་གཉིས་ཀྱི་ས་མཚམས་ལས་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཤིག་མེད་ཚུལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་འཁྲུངས་སྐར་དང་སྟབས་བསྟུན་གྱིས་ཁོང་གི་རླབས་ཆེན་གྱི་མཛད་རྗེས་ལ་ངོས་འཛིན། དམིགས་བསལ་རྒྱ་གར་གྱི་གནའ་བོའི་རིག་གཞུང་མི་ཉམས་རྒྱུན་འཛིན་དར་སྤེལ་གཙོས་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་བདེ་སྡུག་ལ་དམིགས་ཏེ་སྐུ་ཚེ་ཧྲིལ་པོར་སྐུ་ལས་བསྐྱོན་གནང་བར་ཆེ་བསྟོད་ཀྱིས་གྲོས་ཚོགས་ནང་གླེང་སློང་དང་འཁྲུངས་སྐར་སྲུང་བརྩི་དགོས་གལ། ད་ལྟའི་ཆར་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་བོད་ཀྱི་ཆོས་དང་རིག་གཞུང་གི་ངོ་བོ་དང་བཅས་པ་རྩ་མེད་བཟོ་བཞིན་པའི་ཛ་དྲག་གནས་སྟངས་ཐོག་གླེང་སློང་དགོས་གལ། གཞན་ཡང་ཉེ་བའི་ཆར་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་ལོ་རྒྱུས་ལ་འཁྱོག་བཤད་དང་རྫུན་བཟོ་སོགས་བྱས་ཏེ་བོད་ཅེས་པའི་ཐ་སྙད་དེ་ཡང་རྒྱལ་སྤྱིའི་སྤྱི་ཚོགས་དང་སྡིངས་ཆ་ནས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་དང་། བོད་ཀྱི་འཁོར་ཡུག་སྲུང་སྐྱོབ་དང་རྒྱ་གར་གྱི་བདེ་འཇག་བར་འབྲེལ་བ་དམ་ཟབ་ཡོད་སྐོར་སོགས་ཀྱི་ཐད་རྒྱབ་སྐྱོར་དང་གླེང་སློང་གནང་སྐྱོང་བའི་འབོད་སྐུལ་གྱི་ཞུ་སྙན་ཕུལ་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐོག་གལ་གནད་རང་བཞིན་གྱི་གྲོས་ཚོགས་འཐུས་མི་ ༤༦ གིས་མཚན་རྟགས་ཡོད་པའི་ཐུན་མོང་གི་བསྒྲགས་གཏམ་ཞིག་ཀྱང་སྤེལ་ཐུབ་པ་བྱུང་ཡོད།

གཞན་ཡང་འབྲུག་གཞུང་ཕྱི་འབྲེལ་ལྷན་ཁང་ནས་རྒྱ་གཞུང་གིས་ཆེད་གཏོང་བྱས་པའི་ཟློས་གར་འཁྲབ་སྟོན་དང་འབྲེལ་བའི་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་ནང་དབྱིན་སྐད་ཐོག་བོད་ཅེས་པའི་ཐ་སྙད་ཀྱི་ཚབ་ཏུ་ཤི་ཙང་ཞེས་ཉེ་དུས་རྒྱ་གཞུང་གིས་ངེན་སྐུལ་བྱེད་བཞིན་པའི་ཐ་སྙད་བཀོལ་སྤྱོད་བྱས་པར་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ལྔ་གཙོས་རྒྱལ་སྤྱིའི་ཚོགས་པ་ ༡༤༤ ལྷག་གིས་བསྐྱོན་བརྗོད་ཀྱིས་མཚན་འཁོད་ཞུ་སྙན་ཞིག་ཞུ་གཏུགས་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་གི་སྐུ་ཚབ་རྣམས་ནས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འབྲུག་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་དུ་ཕུལ་ཐུབ་པ་ཡང་བྱུང་ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

Back To Top