༡༩༥༩ སྔོན་གྱི་ལོ་རྒྱུས།

ལོ་རྒྱུས་དང་ཁྲིམས་ཐོག་གི་གནས་བབ།

 

༄༅། །བོད་རྒྱལ་རབས་དེ་སྤྱིར་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ལོ་རྒྱུས་དང་ཧ་ཅང་འབྲེལ་ཡོད། རྒྱུ་རྐྱེན་གཙོ་བོ་ནི་བོད་རིགས་དང་། སོག་རིགས། མན་ཇུ་རིགས་སོགས་ཀྱི་རིག་གནས་འཕེལ་རྒྱས་དང་འབྲེལ་ཡོད་མ་ཟད། སྔོན་བྱོན་ཀྱི་ལོ་རྒྱུས་མཁས་ཅན་ཕལ་ཆེ་བ་ནི་ནང་ཆོས་རྒྱུད་འཛིན་པ་ཡིན།།བོད་གངས་ཅན་ཞེས་པའི་རྒྱལ་ཁབ་ཆེན་པོ་འདི་ཉིད། ཆེས་སྔ་བའི་དུས་བོད་ཀྱི་ཡུལ་ཆ་ཤས་རྒྱ་ཆེ་བ་རྒྱ་མཚོ་ཡིན་པ་དང༌། རིམ་གྱིས་མཚོའི་རྒྱུན་སྐམ་ནས་ཡུལ་ལྗོངས་ཆགས། དེ་ནས་མིའི་འགྲོ་བ་བྱུང་ཞིང༌། དེ་ཡང་མིའི་འགྲོ་བ་ནི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང༌། མ་འཕག་མ་སྒྲོལ་མའི་རྣམ་སྤྲུལ་མ་བྲག་སྲིན་མོ་གཉིས་འདུས་པ་ལས་བྱུང་བ་ཡིན་པ་རེད།བོད་ཀྱི་ཡུལ་ནི་ཕྱོགས་ཀུན་གངས་རིས་བསྐོར་བས་རླུང་བསིལ་ལ་གཙང་བ། ཆུ་བོ་ཡན་ལག་བརྒྱད་དང་ལྡན་ཞིང། ཟས་ལ་བཅུད་ཆེ་བ། ཡུལ་ལྗོངས་མཛེས་ཤིང་སྐྱིད་པ། མི་རྣམས་བློ་གཞི་དལ་པོ་དང་སྐྱིད་པོ། ཆོས་དད་ཅན། ཕྱོགས་གང་ནས་བལྟས་ཀྱང་ངོ་མཚར་དང་དགའ་ཚོར་སྐྱེ་འོས་པ་ཞིག་ཡིན།གངས་ཅན་བོད་རྒྱལ་ཁབ་ཀྱི་ས་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་འབུམ་ ༢༥ ཡིན་ཞིང༌། རྒྱ་ཁྱོན་དེ་ནི་བལ་ཡུལ་གྱི་རྒྱ་ཁྱོན་ལྔ་བཅུ་ཙམ་ཞིག་ཡིན་པ་དང༌། ཁོར་ཡུག་ནི། ཤར་དུ་རྒྱ་ནག་དང༌། མན་ཇུ། སོག་པོ། ནུབ་ཏུ་བལ་ཡུལ་དང༌། རྒྱ་གར། པ་ཀི་སི་ཐན། ཨབ་གྷ་ནི་སི་ཏན། བྱང་དུ་ཏུར་ཀི་སི་ ཏན་དང༌། ཨུ་རུ་སུ། ལྷོ་རུ་འབྲུག་དང༌། འབྲས་ལྗོངས། འབར་མ། བྷང་ལ་སྡེ་ཤི་བཅས་ཀྱི་དབུས་སུ་གནས་ཡོད། དེ་ལྟ་བུའི་རྒྱ་ཁྱོན་ཅན་གྱི་བོད་ཀྱི་རྒྱལ་ཁབ་དེ། ཕྱི་ལོ་མ་བྱུང་བའི་ལོ་ ༡༢༧ གོང་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་བྱུང་བ་ནས་བཟུང་རྒྱལ་པོ་གླང་དར་མའི་བར་མི་ལོ་དགུ་བརྒྱ་ལྷག་གི་རིང་ཆོས་དང་སྲིད་ཀྱི་བྱུང་བ་མཐའ་ཡས་པ་བྱུང། ཕྱི་ལོ་ ༩༠༠ ཙམ་ནས་མི་ལོ་ ༣༤༧ ཙམ་རིང་བོད་ཡུལ་མདོ་སྟོད་སྨད་དང༌། དབུས་གཙང་བཅས་པ་སིལ་བུར་འཐོར་ཏེ་བོད་ཁམས་ཉམས་རྒྱུད་ཇེ་ཆེར་གྱུར། རིམ་པས་ས་སྐྱའི་ཁྲི་རབས་ཉི་ཤུས་ལོ་ ༩༦ རིང་བོད་སྤྱི་ལ་དབང་བསྒྱུར་ཞིང༌། དེ་རྗེས་ཕག་མོ་གྲུབ་པ་ཁྲི་རབས་བཅུ་གཅིག་གིས་ལོ་ ༨༦དང༌། རིན་སྤུངས་པ་ཁྲི་རབས་བཞི་ནས་ལོ་ ༡༣༠ དང༌། སྡེ་པ་གཙང་པའི་ཁྲི་རབས་གསུམ་གྱིས་ལོ་ ༧༦ བཅས་དབང་སྒྱུར། དགའ་ལྡན་ཕོ་བྲང་གི་དུས་རབས། སྤྱི་ལོ་ ༡༦༤༢ ནས་ ༡༩༥༠ བར་ལོ་ ༣༦༧སོགས་ཡིན།འཛམ་གླིང་ཡང་རྩེ་གྲགས་པའི་རང་རེའི་བོད་རྒྱལ་ཁབ་འདི་འཛམ་གླིང་ནང་གི་ས་བབ་མཐོ་ཤོས་སུ་ཆགས་ཡོད་པ་དང། བོད་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་ནི་མི་ཊར་ ༢༩༠༠ ཡིན། བོད་ལ་མཚོན་ན་འདི་ནི་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་ཡིན་ནའང་།རྒྱལ་ཁབ་ཁ་ཤས་ནང་ས་བབ་དང་རི་རྒྱུད་མཐོ་ཤོས་ཀྱང་བོད་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་ལས་དམའ་བ་ཡོད།འདས་པའི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ནང་བོད་རྒྱལ་ཁབ་ཀྱི་མངའ་དབང་ལ་དར་གུད་སྣ་ཚོགས་བྱུང་ཡོད་ཀྱང། སྤྱིའི་ཆ་ནས་བོད་ཀྱི་ས་ཁོངས་སུ་དབུས་གཙང་དང་། མདོ་སྟོད། མདོ་སྨད་བཅས་བོད་རིགས་གནས་ཁུལ་གྱི་ས་ཁྱོན་ཡོངས་རྫོགས་གཏོགས་པ་དང་། དེའི་སྤྱིའི་ས་ཁྱོན་ལ་ཀི་ལོ་མི་ཊར་གྲུ་བཞི་མ་ས་ཡ ༢་༥ ཡོད། དེ་ནི་བལ་ཡུལ་ཁྱོན་ཡོངས་ཀྱི་ས་ཁྱོན་ལས་ལྡབ་ལྔ་བཅུས་ཆེ་བ་དང། ཧྥ་རན་སེའི་ས་ཁྱོན་དང་བསྡུར་ན་ལྡབ་བཞིས་ཆེ་བ་དང། འཇར་པན་གྱི་ས་ཁྱོན་དང་བསྡུར་ན་ལྡབ་བརྒྱད་ཀྱིས་ཆེ་བ་ཡོད། བོད་ས་ཡོངས་ཀྱིས་ཡུ་རོབ་སྤྱིའི་ས་ཁྱོན་གྱི་ 1/4 ལྷག་ཟིན་གྱི་ཡོད། བོད་ཁྱོན་ཡོངས་ལ་མི་འབོར་ས་ཡ་ ༦ ལྷག་ལས་མེད། དེར་བརྟེན་བོད་ནི་མི་འབོར་ཉུང་ལ་ས་ཁྱོན་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པའང་ངང་གིས་རྟོགས་ཐུབ་པ་ཞིག་རེད།བོད་འདི་འཛམ་གླིང་ཆ་ཤས་ཁག་བདུན་ལ་བགོས་པའི་ནང་གསེས་གླིང་ཕྲན་ཨེ་ཤ་ཡའི་ནང་ཆགས་ཡོད་ཅིང། བོད་འདི་རྒྱ་ནག་གི་ནུབ་དང། རྒྱ་གར་བལ་ཡུལ། སྦར་མ། འབྲུག སྦང་ལ་སྡེ་ཤི་བཅས་ཀྱི་བྱང་། པ་ཀི་སི་ཐན་དང། ཨབ་གྷ་ནི་སི་ཐན་གྱི་ཤར། ཨུ་རུ་སུ་དང། སོག་པོ། ཤར་ཏུར་ཀི་སི་བཅས་ཀྱི་ལྷོ་ན་གནས་ཡོད།

 

བོད་ཀྱི་ས་མཚམས་ཁག་ནི། བྱང་ཕྱོགས་སུ་ཀུན་ལུན་རི་རྒྱུད་དང། ཨ་ཏན་སྟག་རི་བརྒྱད། རྨེ་རུ་གངས་དཀར་ཕྱོགས་ལས་རྣམས་རྒྱལ། ཨ་ལག་ཤར་བྱེ་ཐང། ཤར་ཕྱོགས་སུ་ཨ་མདོ་དཔའ་རིས་དང་། སྦ་ར་རི། ཨ་སྐད་ས་ཁུལ་ནས་མར་ཀླུ་ཆུ་ཁུག་པ་ཕྱེད་ཀ་ཙམ། ཅོ་ནིའི་ཁོངས་སུ་གཏོགས་པ་ཨུ་སྦི་རུ་པ་ཉི་ཤུ་རྩ་བཞིའི་ས་ཁུལ། ཤར་དུང་རི་མའི་རི་བརྒྱུད། བོད་ཤིང་སྒོ་མགོ་ཐོན། དར་རྩེ་མདོའི་རི་བརྒྱུད་གཡག་ལ། ཀློ་དཀར། ཀློ་ནག་གི་གཙང་ཆུ་དེད་དེ་འབྲི་ཆུ་བར་དང། ལྷོ་ཤར་དུ་འཇང་པ་ཐད་ཀྱི་ཧོར་ཆེན་མཆོད་བརྟེན་དཀར་པོ། འབད་ལུང་རྫོང་འོག་མི་སྟོབས་རྒྱལ་གྱི་ས་ཁུལ་དང་། འཇའ་ཝི། རི་སྦུག་ལ། ཏུག་ལ་བར། ལྷོར་ཕྱོགས་སུ་རྒྱ་གར་དང་ས་མཚམས་ཁག་ནི་ཡོང་ཁྱབ་ལ་དང། གངས་རི་དཀར་པོ། ཧོར་ཁ་ལ། མིག་སྟོན་དགོན་པ། ཆུ་དྭང་མོ་བར་དང། འབྲུག་ཡུལ་ས་མཚམས་ནི་ཝི་ཐང་ལ། སྦྲོ་མོ་ལ། གླིང་གཞི་ལ། བེད་ལ་སོགས་དང། འབྲས་ལྗོངས་ས་མཚམས་ནི་ངོས་རྗེ་ལེབ་དང། སེར་པོ་ལ། མཆོད་རྟེན་ཉི་མ་སོགས་དང། བལ་ཡུལ་ཕྱོགས་ནི་ཇོ་མོ་གླང་མའི་རེ་རྩེ་དང། འགྲམ། རྟ་ལེ་ལ། ཆུ་དཀར་ལ། ཏིར་དཀར་ལ་བཅས། ནུབ་ཕྱོགས་ཀྱི་བོད་དང་རྒྱ་གར་ས་མཚམས་ཁག་ནི་མ་ན་ལ་དང། སྲིབ་སྐྱེས་ལ། ཁྱུང་འཛིངས་ལ། ལ་ནག་ལ། ཀྲག་ཆེན་ཀྲག་ཆུང་ལ་བཅས་ཡིན།བོད་ཀྱི་མིང་ཐོག་ཚུལ་ནི།འཛམ་གླིང་གི་ཡང་རྩེར་གྲགས་པའི་ཁ་བ་ཅན་གྱི་ཡུལ་འདི་ལ་ནི་ཆེས་གནའ་བོའི་དུས་ནས་བོད་ཀྱི་ཡུལ་ཞེས་བྱ་ཞིང་མིང་དེ་ལྟར་འདོགས་དགོས་པའི་རྒྱུ་མཚན་ཅི་ཞིག་ཡིན་ཞེ་ན་ནི། དེ་ལ་ཤོད་སྲོལ་མི་འདྲ་བ་མང་པོ་ཡོད་པ་དཔེར་ན། འགའ་ཞིག་གིས་བོན་ཡུལ་འདིར་ཐོན་སྐྱེད་གཙོ་བོ་འབྲོག་ལས་ཡིན་སྟབས། འབྲོག་པ་རྣམས་ནི་ལུང་པ་རེར་དུད་ཁྱིམ་རེ་བྱས་ནས་སྡོད་པ་ལས་གྲོང་ཚོ་འམ་གྲོང་ཁྱེར་ཆགས་ནས་སྡོད་ཐབས་མེད་པས་ན་དུད་ཁྱིམ་རེ་རེའི་བར་དུ་སྐད་ཆ་ཤོད་སྐབས་ཀི་བརྒྱབ་པའམ་ཡང་ན་སྐད་ཆེན་པོ་འབོད་དགོས་པས་ན་འབོད། བོད་ཅེས་རིམ་གྱིས་སྒྲ་འགྱུར་བ་ཡིན་ཟེར། དེ་ལྟར་བསམ་ན་བོད་ཅེས་བྱ་བའི་ཐ་སྙད་དེ་མི་རིགས་གཞན་གིས་ཚུར་བཏགས་པ་ལྟར་དུ་སྣང་ཡང་མི་རིགས་གཞན་གྱི་སྐད་དུ་རང་རིགས་ལ་བོད་ཅེས་ཟེར་བ་ནི་ཉུང་ལ། རྒྱ་གར་བས་རང་རིགས་ལ་བྷོ་ཊ་ཞེས་འབོད་ཀྱང་དེ་ནི་བོད་ཅེས་པ་སྒྲ་གྲགས་པར་ཀློག་པའི་དབང་གིས་བོད། བྷོད། བྷོ་ཊ་ཞེས་རིམ་གྱིས་སྒྲ་འགྱུར་བ་ཡིན་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་སོ། ཡང་འགའ་ཞིག་གིས་རུ་པ་ཏི་ཞེས་བྱ་བའི་རྒྱ་གར་ཡུལ་གྱི་རྒྱལ་པོ་དཔུང་གི་ཚོགས་བཅས་པ་གཡུལ་ཕམ་ནས་བུ་མེད་ཀྱི་ཆས་སུ་བཞུགས་སྟེ་ཡུལ་གངས་ཅན་གྱི་ཕྱོགས་སུ་བྲོས་པ་ལས་དེའི་རིགས་རྒྱུད་ལས་གངས་ཅན་གྱི་མི་རྣམས་འཕེལ་ཞེས་ཟེར་ཡང་དེ་ནི་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་བོད་ཡུལ་དུ་དར་བའི་ཤུག་རྐྱེན་འོག་བྱུང་བ་ཞིག་ཡིན་པ་སྨོས་ཅི། གཞན་ཡང་རིག་པས་བསམ་ནའང་རྒྱ་གར་གྱི་ཡུལ་ལ་འགྲོ་བ་མིའི་རིགས་བྱུང་བ་མ་ཟད་དབང་བསྒྱུར་གྲལ་རིམ་ཡང་ཐོན་པའི་དུས་ན། བོད་ཡུལ་དུ་ད་དུང་ཡང་མིའི་འགྲོ་བ་མི་འབྱུང་བ་ནི་བཞད་གད་ཙམ་ལས་མི་འདའ་ཏེ། འགོས་ལོ་རྩ་བ་སོགས་སྔོན་བྱོན་མཁས་པ་དུ་མའི་བཞེད་པ་དང་འགལ་ལ། དེང་སྐབས་ཀྱི་གནའ་རྫས་རྟོགས་ཞིབ་པའི་ཚོད་བགམ་དང་ཡང་འགལ་བའི་ཕྱིར་རོ།མཁས་དབང་དགེ་ཆོས་ཀྱི་《དེབ་ཐེར་དཀར་པོ།》ནང་བོད་ཞེས་བྱ་བ་འདི་རྒྱུ་མཚན་ཅིའང་མེད་པའི་འདོད་རྒྱལ་ཙམ་ཡིན་པ་དང་། གཉའ་ཁྲི་སོགས་ལ་འོད་དེ་དང་སྤུ་རྒྱལ་དུ་འབོད་པས་རྒྱལ་པོའི་གདུང་རྒྱུད་ཀྱི་མཚན་ས་མིང་དུ་ཐོགས་པ། དེ་བཞིན་དུ་གནའ་བོའི་དུས་བོད་ཡུལ་འདི་གང་པོ་ན་གཡུང་དྲུང་བོན་གྱི་ཆོས་ལུགས་འབའ་ཞིག་དར་བས་བོན་གྱི་ཡུལ་ཞེས་པ་དེ་ཕྱིས་སུ་བོད་ཀྱི་ཡུལ་ཞེས་པར་འགྱུར་བ་བཅས་ཀྱི་བཞེད་པ་གསུམ་ཙམ་གསུངས་ཡོད། དེ་ལས་སྤྱིར་བ་མི་རིགས་ཤིག་གི་མིང་འདོད་རྒྱལ་ཙམ་ཡིན་པ་ནི་ཉུང་ཞིང་། རྒྱལ་པོའི་མཚན་གདུང་རྒྱུད་པྱི་མིང་དུ་ཐོགས་པ་འདི་ལངས་ཐེ་ཚོམ་ཅུང་ཟད་ཡོད་པ་ཞིག་ཡིན་ཏེ། མངང་མཛད་བཅུ་གཉིས་ཀྱི་སྐབས་༼ཆོས་འབྱུང་མཁས་པའི་དགའ་སྟོན༽ལས། བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ། ཡུལ་གྱི་མིང་ལ་བོད་ཁམས་ཉ་དྲུག་ཟེར། ཞེས་དང་། ༼ལྡེའུ་ཆོས་འབྱུང་།༽ལས་བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ།ཡུལ་གྱི་མིང་ནི་བོད་ཁམས་གཡང་དྲུག་ཟེར། ཞེས་པ་དེ་བཞིན་དུ་༼ཆོས་འབྱུང་ངོ་མཚར་རྒྱ་མཚོའི་ཆུ་ཐིགས།༽དང་༼ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།༽སོགས་ཆོས་འབྱུང་ཀུན་དུ་བོད་ཁམས་གཡང་དྲུག་དང་བོད་ཁམས་གཡའ་དྲུག་བོད་ཁམས་ཉ་དྲུག་ཅེས་གཡཱ་དྲུག་དང་། གཡང་དྲུག ཉ་དྲུག་སོགས་ཀྱི་འབོད་སྟངས་མི་འདྲ་བ་ཙམ་ལས་བོད་ཁམས་ཞེས་པ་ཆོས་འབྱུང་སོ་སོ་གཅིག་མཐུན་དུ་འདུག་པས་ན་བོད་ཅེས་པའི་འབོད་སྲོལ་འདི་གཉའ་ཁྲིའི་གོང་ནས་ཡོད་དམ་སྙམ། ཡང་༼ཏུན་ཧོང་ཡིག་རྙིང་དུ།༽ལྷ་རི་གྱང་མཐོར་གཤེགས་ནས་རི་རབ་ལྷུན་པོ་ཡང་དགུའ་དྲུང་དྲུང་། ཤིང་སྡོང་པོ་ཡང་བང་ཐང་ཐང་། ཆབ་ལུ་མ་ཡང་དངོ་སིལ་སིལ། གོར་ཕ་བོང་ཡང་མཉེད་ཁྲུང་ཁྲུང་གིས་ཕྱལ་འཚལ་ལོ། གནམ་མཐའ་འོག་གི་རྗེ་བོ་མཛད་པའི་ཕྱིར། གནམ་གྱི་དབུས། སའི་དཀྱིལ། གླིང་གི་སྤྱི་བོ། གངས་ཀྱི་རྭ་བ། ཆུ་བོ་ཀུན་གྱི་མགོ མྱི་དཔའ་རུ་སྐྱེས། རྟ་འགྱོགས་སུ་འཕེལ་བའི་ཡུལ། བོད་གཡག་དྲུག་གི་རྗེར་གཤེགས་སོ།” ཞེས་ལ་བརྟགས་ནའང་གཉའ་ཁྲི་བཙན་པོ་མ་བྱུང་བའི་སྔ་རོལ་ནས་ཡུལ་ཡར་ལུང་འདའི་ཕྱོགས་ན་བོད་ཅེས་འབོད་སྲོད་ཀྱི་ཡོད་པ་འདྲ་འོ།གཞན་གྱི་རྒྱལ་རབས་ཁག་ནང་རྒྱལ་པོའི་མིང་ས་མིང་དུ་ཐོགས་པ་མང་ཡང་བོད་ཞེས་པའི་མིང་འདི་ནི་གཉའ་ཁྲི་བཙན་པོའི་མིང་མི་རིགས་ཀྱི་མིང་ངམ་བོད་ཀྱི་ཡུལ་མིང་དུ་ཐོགས་པ་ཞིག་ནི་མ་ཡིན་སྙམ་མོ། གཞན་སྔོན་བོན་གྱི་ཡུལ་ཞེས་པ་ལས་ཕྱིས་སུ་བོད་ཀྱི་ཡུལ་ཞེས་འབོད་པ་འདིར་བསམ་གཞིགས་ཞིག་བྱས་ཚེ། མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་”དེ་ནི་ངེས་པར་བཞད་གད་སྲོང་བའི་གཏམ་དུ་སྣང་མོད་ཀྱི་ཅུང་ཟད་ཅིག་བསམ་དགོས་པ་ཡིན་ཏེ། དེ་ཡང་རྗེ་གནམ་རི་སྲོང་བཙན་གྱི་ཡད་ཆོད་ན་འདི་ཡུལ་གང་པོ་ན་གཡུང་དྲུང་བོན་གྱི་ཆོས་ལུགས་འབའ་ཞིག་དར་བས། ཡ་མཚན་རྒྱུ་ཆེར་མེད་ལ། དེར་མ་ཟད་གནའི་ཐ་སྙད་དུ་རྗེས་འཇུག་ན་ད་གཉིས་ཕན་ཚུན་རྗེས་པ་ཡང་ཤིན་ཏུ་མང་སྟེ། བཙན་པོ་དང་བཙད་པོ། ཆུན་པོ་དང་ཆུད་པོ་སོགས་རེས་མོས་སུ་བྲིས་པ་བཞིན་བོན་བང་བོད་གཉིས་ཀྱང་ཕན་ཚུན་རྗེས་སྲིད་པས་སོ། སོག་ཡུལ་འགར་བོན་ལུགས་བྱེད་པ་དག་ལ་བོད་དམ་བོ་ཞེས་ཐ་སྙད་ཆགས་འདུག “ཅེས་གསུངས་པ་བཞིན་ཁོ་བོའི་བསམ་པར་ཡང་མིང་འདི་ནི་ཆོས་ལུགས་ཀྱི་མིང་ལས་ས་མིང་དུ་ཐོགས་པའམ། ཡང་ན་ས་མིང་དག་ཆོས་ལུགས་ཀྱི་མིང་དུ་ཐོགས་པ་ཞིག་ཡིན་ནམ་སྙམ་མོ། གལ་ཏེ་ཆོས་ལུགས་ཀྱི་མིང་དག་ལས་ས་མིང་དུ་ཐོགས་ཚེ་བོན་ཞེས་པ་འདིའི་གོ་དོན་ཅི་ཡིན་ཞེ་ན། ༼དེབ་ཐེར་ཀུན་གསལ་མེ་ལོང་།༽ལས་”བོན་ཞེས་པ་ནི་སྟོང་པ་མ་ཡིན་པའི་དོན་ཡིན་ཞེས་དང་། གདོད་མའི་ཆོས་པ་རྣམས་ཀྱིས་རང་ཉིད་ཀྱི་ཆོས་ལུགས་དེ་སྟོང་པ་མ་ཡིན་པ་དང་། ནང་དོན་ཕུན་སུམ་ཚོགས་པོ་ཞིག་ཡོད་ཟེར་ནས་ཆོས་ལུགས་དེ་དག་བོན་ལུགས་ཞེས་མིང་བཏགས་པ་ཡིན་ནམ་སྙམ།”ཞེས་བྱུང་བ་དང་། ཡང་མཁས་དབང་ནམ་མཁའི་ནོར་བུས། བོན་ཞེས་པ་འདི་ནི་བཀྲ་ཤིས་པ་དང་ཕུན་སུམ་ཚོགས་པའི་དོན་ལ་འཇུག་ཅེས་པ་སོགསབྱུང་། གལ་ཏེ་བོད་འདི་བོན་ཞེས་པ་ལས་འགྱུར་བ་ཡིན་ཚེ་བོན་ཞེས་པ་ནི་ཞང་ཞུང་གི་སྐད་ཡིན་པ་དང་བོད་སྐད་དུ་ཕུན་སུམ་ཚོགས་པ་དང་བཀྲ་ཤིས་པ། སྟོང་པ་མ་ཡིན་པ་སོགས་ཀྱི་དོན་ཡིན་ནོ།གཞན་མཐོ་བོད་དང་། ཐུ་སྦོའོ། སྟོད་བོད། ཏི་པད་ཞེས་པ་སོགས་ནི་བོད་ཞེས་པའི་མིང་འདི་བྱུང་རྗེས་བཏགས་པའི་མིང་ཞིག་ཡིན་ཡིན་ཞིང་། དེང་བོད་ཡུལ་འདིར་མཐོ་བོད་དུ་འབོད་པས་དེ་མི་རིགས་གཞན་གྱི་སྐད་དུ་ཟུར་ཆགས་ནས་ཐང་སོགས་ཀྱིས་བོད་ཡུལ་འདིར་ཐུ་སྦོའོ་ཞེས་འབོད་པ་དང་། དབྱིན་ཇི་སོགས་ཕྱི་རྒྱལ་གྱི་མི་རིགས་མང་པོས་ཏི་པད་ཅེས་བྱ་བ་བྱུང་བ་ཡིན་ནོ། གཞན་གངས་ཅན་དང་གངས་ལྗོངས་ཞེས་པ་སོགས་ནི་དུས་ཕྱིས་སུ་བྱུང་བའི་ཐ་སྙད་ཡིན་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་སོ། གཞན་བོད་ཡུལ་གྱི་བྱེ་བྲག་གི་ཡུལ་ཁམས་སོ་སོའི་མིང་ལས་ཆེས་མང་བ་ནི་རུས་ཀྱི་མིང་ཡུལ་ལ་ཐོགས་པ་སྟེ་དཔེར་ན། གདོང་གི་རུས་རྒྱུད་ལས་བྱུང་བའི་ས་མིང་གཅན་ཚ་དང་། གཤེན་ཚ། རྒྱ་ཚ། ཆོས་ཤུལ། ཆུ་ཤུལ། སྤ་ཚབ་སོགས་ཡོད་པ་དང་། ཡང་ལ་ལ་ནི་རྒྱུ་མཚན་གཞན་ལ་བཏགས་པའི་མིང་ཡིན་སྟེ་དཔེར་ན། མངའ་རིས་དང་། ཨ་མདོ། ཁམས། དབུས། གཙང་སོགས་པ་ལྟ་བུ་ཧ་ཅང་མང་ཞིང་། འདོད་རྒྱལ་གྱིས་བཏགས་པ་ནི་རི་མིང་ཙམ་ལས་ཡུལ་གྱི་མིང་འདོད་རྒྱལ་གྱིས་བཏགས་པ་ནི་སྤྱིར་ཉུང་ཙམ་སྣང་ངོ་།

 

Back To Top