སྤྱི་ལོ་ ༢༠༡༨ ཟླ་བ་ ༩ ཚེས་ ༨ སྔ་དྲོ་ཚོུད་ ༥།༣༠ ཐོག་སྤོན་ཊ་གཞིས་ཆགས་སུ་འབྱོར་བ་དང་། དེ་གར་ས་གནས་གཞོན་ནུའི་ཚོགས་གཙོ་དབུས་པའི་རྒྱུན་ལས་ལྷན་རྒྱས་ནས་ཕེབས་བསུ་དང་སྣེ་ལེན་གྱི་མཇལ་དར་བསྒྲོན། ཚོུད་ ༡༠། ༥༠ ཐོག་ས་གནས་གཞོན་ནུའི་ལས་ཁུངས་ནང་ས་གཞོན་ཚོགས་གཙོ་དབུས་པའི་རྒྱུན་ལས་བདུན་ལྷན་འཛོམས་ཀྱིས་བཞུགས་མོལ་ཚོགས་འདུ་ཚོགས་ཡོད་པ་རེད།  ཐོག་མར་ས་གཞོན་ཚོགས་གཙོ་ནས་རྒྱུན་ལས་རྣམས་ངོ་སྤྲོད་གནང་རྗེས་དབུས་སྤྱི་ཁྱབ་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་ནས་ད་ཐེངས་ས་གཞོན་ནས་མགྲོན་འབོད་གནང་དོན་ལྟར་ཚོགས་གཞོན་དང་དྲུང་ཆེ་གཉིས་བཅར་དགོས་པའི་རྒྱུ་མཚན་དང་། བོད་ཀྱི་གཞོན་ནུའི་དབུས་སའི་སྒྲིག་འཛུགས་ཀྱི་གལ་གནད་སྙིང་བསྡུས་ངོ་སྤྲོད་གནང་། ས་གཞོན་དྲུང་ཆེ་ནས་ས་གནས་གཞོན་ནུའི་ལས་དོན་དང་གནས་བབ། དེ་བཞིན་ས་གནས་གཞིས་ཆགས་སྤྱི་ཚོགས་ཀྱི་གནས་བབ་སོགས་ངོ་སྤྲོད་གནང་བ་དང་སྤྱི་ཚེས་ ༩ ཉིན་གྱི་མཛད་སྒོའི་མཛད་རིམ་ཁག་ངོ་སྤྲོད་གནང་།

སྤྱི་ཚེས་ ༩ ཞོགས་པའི་ཚོུད་ ༡༠ ཐོག་སྤོན་ཊ་བོད་མིའི་ཚོགས་ཁང་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པའི་མཛད་སྒོ་དབུ་འཛུགས་གནང་བ་དང་། ཐོག་མར་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་དང་དྲུང་ཆེ་གཉིས་ནས་སྣང་གསལ་མར་མེ་ཞལ་འབྱེད་དང་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་བསྒྲོན། དེ་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་། ལས་དོན་བྱ་ཕྱོགས། ས་གནས་ཀྱི་བོད་མིའི་ཆིག་སྒྲིལ་བཅས་ཀྱི་ཐོག་བཀའ་སློབ་གནང་བ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་ནས་གཞོན་སྐྱེས་དང་བཙན་བྱོལ་བོད་མའི་འགན་ཁུར་བཅས་ཀྱི་ཐོག་བཀའ་སློབ་གནང། དེ་རྗེས་སྤོན་ཊ་ས་གནས་གཞོན་ནུའི་ཚོགས་གཙོ་ནས་ས་གཞོན་གྱི་ལོ་རྒྱུས་སྙིང་བསྡུས་དང་། ས་གཞོན་དྲུང་ཆེ་ནས་ས་གནས་ཀྱི་ལོ་འཁོར་ལས་བསྡོམས་དང་རྩིས་ཁྲ་བཅས་སྙན་སྒྲོན་གནང་། དེ་བཞིན་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་བོད་དོན་འཐབ་རྩོད་ལ་གལ་གནད་ཆེ་བའི་སྐོར་བཀའ་སློབ་གནང་།

བཀའ་སློབ་ཀྱི་ལས་རིམ་གྲུབ་རྗེས་ས་གནས་གཞོན་ནུའི་ངོས་ནས་སྤོན་ཊ་ས་གནས་ཀྱི་གཞིས་འགོ་དགེ་ལེགས་འཇམ་དབྱངས་ལགས་དང་ས་གཞོན་རྒྱུན་ལས་ཟུར་པ་བསོད་ནམས་ཚེ་རིང་ལགས་གཉིས་ལ་ཆེ་མཐོང་དང་བསྔགས་བརྗོད་ཀྱི་གཟེངས་རྟགས་ཤིག་ཀྱང་འབུལ་ལམ་ཞུས་ཡོད་པ་རེད།