དེ་ཡང་འདས་པའི་ལོ་གསུམ་བཞི་ཙམ་གྱི་རིང་འདི་གའི་སྐབས་བཅོ་ལྔ་དང་བཅུ་དྲུག་གི་རྒྱུན་ལས་ནས་རྒྱ་བལ་འབྲུག་གསུམ་གྱི་བོད་རིགས་གནས་ཁུལ་གཞིས་ཆགས་ཁག་དང་སློབ་གྲྭ་ཁག་ལ་བོད་དོན་གོ་རྟོགས་གོང་སྤེལ་གྱི་གཏམ་བཤད་ལས་འགུལ་ཞིག་སྤེལ་བ་མ་ཟད། རྒྱ་གར་དཔོན་རིགས་དང་མི་དམངས་ལ་དམིགས་ཏེ་རྒྱ་གར་རྒྱལ་ཡོངས་གཞུང་དམངས་གོ་རྟོགས་ལས་འགུལ་ཞིག་ཀྱང་སྤེལ་ནས་རྒྱ་གར་གྱི་གྲོང་ཁྱེར་དང་གྲོང་བརྡལ་བརྒྱ་ལྷག་གི་ནང་བོད་དོན་གོ་རྟོགས་གོང་སྤེལ་དང་མཚན་རྟགས་བསྡུ་རུབ་ཞུ་ཐུབ་པ་བྱུང་ཡོད་པ་དེར་གོང་འོག་ཚང་མས་བསྔགས་བརྗོད་དང་རྒྱུན་འཁྱོང་དགོས་པའི་དགོངས་ཚུལ་ཤུགས་ཆེ་གནང་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས། བྱང་ཨ་རིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་བཅས་རིམ་པའི་ནང་ས་གནས་གཞོན་ནུ་ཁག་ལ་འཚམས་གཟིགས་གང་མང་གནང་དགོས་པ་མ་ཟད། མི་དམངས་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དང་ལས་དོན་བྱ་ཕྱོགས་སོགས་ཀྱི་ཐོག་བཀའ་སློབ་གསལ་བཤད་དགོས་པའི་དགོངས་འཆར་ཤུགས་ཆེར་བྱུང་ཡོད། དེ་བཞིན་བྱང་ཨ་རིའི་ནང་གནས་སྤོས་བོད་མིའི་གྲངས་འབོར་ཧ་ཅང་མང་བ་བཅས་ལ་བརྟེན། གཙོ་བོར་ཨ་རི་དང་ཁེ་ན་ཊ་ནང་གནས་སྡོད་བོད་མིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་ལས་དོན་བྱ་ཕྱོགས་དང་། བོད་ཕྱི་ནང་གི་གནས་བབ་ངོ་སྤྲོད། གཞོན་སྐྱེས་དང་བཙན་བྱོལ་བོད་མིའི་འགན་ཁུར། བོད་མིའི་ཆིག་སྒྲིལ་དང་ལས་དོན་འཐབ་རྩོད་ཡར་རྒྱས་གོང་སྤེལ་གཏོང་ཕྱོགས་སོགས་ཀྱི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན། དེ་བཞིན་སྤྱི་ལོ་ ༢༠༢༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ཧྲིལ་པོ་ ༥༠ འཁོར་བའི་གལ་ཆེའི་ཉིན་མོ་སྲུང་བརྩི་ཞུ་སླད་དཔལ་འབྱོར་འདུ་འགོད་བཅས་ཀྱི་ཆེད་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་དང་། རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་གཉིས་ཀྱིས་སྤྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༣ ནས་སྤྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༢ བར་ཨ་རི་དང་ཁེ་ན་ཊ་ནང་གི་བོད་མི་འདུས་སྡོད་བྱ་སའི་གྲོང་ཁྱེར་ཆེ་ཁག་ ༡༢ ཙམ་ལ་བོད་དོན་གཏམ་བཤད་སྐོར་སྐྱོད་གནང་ཡོད་པ་རེད།

ཨ་རིའི་མི་ཎི་སོ་ཊ་ས་གནས་སུ་བོད་དོན་གཏམ་བཤད།

དེ་ཡང་བྱང་ཨ་རིའི་བོད་དོན་གཏམ་བཤད་དང་པོ་དེ། སྤྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༤ རེས་གཟའ་སྤེན་པའི་ཉིན་མི་ཎི་སོ་ཊ་བོད་མིའི་སྤྱི་ཁང་ནང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་ཡོད་པ་དང་།   སྐབས་དེར་གདན་ཞུས་ལྟར་སྐུ་མགྲོན་དུ་བྱང་ཨ་རིའི་བོད་མིའི་སྤྱི་འཐུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་ཚེ་དབང་རིག་འཛིན་ལགས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་ནོར་བཟང་ལགས། བོད་མིའི་སྤྱི་འཐུན་ཚོགས་པའི་རྒྱུན་ལས།  དེ་བཞིན་ས་གནས་ཀྱི་བོད་མི་བཅས་ལྷན་འཛོམས་ཐོག་དབུས་རྒྱུན་གཉིས་ནས་གཏམ་བཤད་དང་མི་དམངས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་།

གཏམ་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་གྲུབ་རྗེས་ས་གནས་རྒྱུན་ལས་ཟུར་པ་ཁག་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་རྒྱུན་ལས་གནང་བའི་ཕྱག་ཁྱེར་གནང་བ་དང། ཞལ་འདེབས་བསྡུ་སློང་དང་གཞོན་ནུའི་ཚོང་རྫས་སྟོད་གོས་དང་རྒྱལ་དར་བཅས་བཙོངས་ནས་དཔལ་འབྱོར་འདུ་འགོད་ཀྱང་གང་ལེགས་གནང་ཡོད་པ་རེད།

མི་ནི་སོ་ཊ་ས་གནས་སུ་སྐོར་སྐྱོད་གནང་སྐབས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་གཏམ་བཤད་ལས་རིམ་དང་བཞུགས་གནས་གྲ་སྒྲིག་ཀྱིས་མཚོན་པའི་སྣེ་ལེན་དང་འཐུན་འགྱུར་རོགས་རམ་གང་ལེགས་གནང་ཡོད་པ་རེད།

ཨ་རིའི་ཤི་ཁ་ཀོ་གྲོང་ཁྱེར་ནང་བོད་དོན་གཏམ་བཤད།

བྱང་ཨ་རིའི་བོད་དོན་གཏམ་བཤད་གཉིས་པ་དེ། སྤྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༩ རེས་གཟའ་པ་སངས་ཀྱི་ཕྱི་དྲོ་ཚོུད་ ༦།༣༠ ཐོག་ཤི་ཁ་ཀོ་བོད་མིའི་སྤྱི་ཁང་ནང་གོ་སྒྲིག་གནང་ཡོད་པ་དང་།   སྐབས་དེར་གདན་ཞུས་ལྟར་ཤི་ཁ་ཀོ་བོད་མིའི་སྤྱི་འཐུན་ཚོགས་པའི་རྒྱུན་ལས་དང་ས་གནས་ཀྱི་བོད་མི་འདུ་འཛོམས་ཐོག་དབུས་རྒྱུན་གཉིས་ནས་གཏམ་བཤད་དང་མི་དམངས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་མ་ཟད། ཞལ་འདེབས་བསྡུ་སློང་དང་གཞོན་ནུའི་ཚོང་རྫས་སྟོད་གོས་དང་རྒྱལ་དར་བཅས་བཙོངས་ནས་དཔལ་འབྱོར་འདུ་འགོད་གང་ལེགས་གནང་ཡོད་པ་རེད།

ཤི་ཁ་ཀོ་གྲོང་ཁྱེར་ནང་གནས་བཞུགས་བོད་མི་ལྷ་ཡེ་ཤེས་ལགས་ནས་ས་གནས་ཀྱི་གཏམ་བཤད་ལས་རིམ་གོ་སྒྲིག་གནང་བ་མ་ཟད། ཚོགས་བཅར་བ་ཡོངས་ལ་དགོང་དྲོའི་ཞལ་ལག་དང་གསོལ་ཇ་གྲ་སྒྲིག དེ་བཞིན་དབུས་རྒྱུན་གཉིས་ལ་བཞུགས་གནས་ཀྱིས་མཚོན་པའི་སྣེ་ལེན་དང་འཐུན་འགྱུར་རོགས་རམ་གང་ལེགས་གནང་ཡོད་པ་དང་། ཝི་སི་ཁོན་སིན་གྱི་ས་རྒྱུན་ཟུར་པ་བཀྲིས་སྟོབས་རྒྱལ་ལགས་ཀྱིས་སྒེར་གྱི་རླངས་འཁོར་བཏང་ནས་དབུས་རྒྱུན་གཉིས་ཤཱི་ཁ་ཀོ་དང་ཝི་སི་ཁོན་སིན་དབར་ཕར་ཚུར་གདན་ཞུའི་འཐུན་འགྱུར་རོགས་རམ་གནང་ཡོད་པ་རེད།

ཨ་རིའི་ཝི་སེ་ཁོན་སིན་ས་གནས་སུ་བོད་དོན་གཏམ་བཤད།

བྱང་ཨ་རིའི་བོད་དོན་གཏམ་བཤད་གསུམ་པ་དེ། སྤྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༠ རེས་གཟའ་སྤེན་པའི་ཕྱི་དྲོ་ཚོུད་ ༥།༣༠ ཐོག་རི་དྭགས་དགའ་ཚལ་གླིང་ནང་པའི་ཆོས་ཚོགས་ཀྱི་ཚོགས་ཁང་ནང་ཝི་སི་ཁོན་སིན་བོད་མིའི་སྤྱི་མཐུན་ཚོགས་པས་གོ་སྒྲིག་གནང་ཡོད་པ་དང་།   སྐབས་དེར་གདན་ཞུས་ལྟར་སྐུ་མགྲོན་དུ་རི་དྭགས་དགའ་ཚལ་གླིང་ནང་པའི་ཆོས་ཚོགས་ཀྱི་མཁན་སློབ་རྣམ་པ་དང་། བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རྒྱུན་ལས་རྣམ་པ། དེ་བཞིན་ས་གནས་ཀྱི་བོད་མི་བཅས་འདུ་འཛོམས་ཐོག་ཝི་སི་ཁོན་སིན་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བློ་བཟང་བསྟན་འཛིན་ལགས་ནས་དབུས་རྒྱུན་གཉིས་དང་ལས་རིམ་ངོ་སྤྲོད་གནང་རྗེས། དབུས་རྒྱུན་གཉིས་ནས་གཏམ་བཤད་དང་མི་དམངས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང།  གཏམ་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་གྲུབ་རྗེས་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བློ་བཟང་བསྟན་འཛིན་ལགས་ནས་དབུས་རྒྱུན་གཉིས་ལ་ཐུགས་རྗེ་ཆེ་ཞུའི་བཀའ་སློབ་གནང་བ་དང་ཆབས་ཅིག འཚམས་འདྲིའི་མཇལ་དར་བསྒྲོན།

སྐབས་དེར་ས་གཞོན་རྒྱུན་ལས་ཟུར་པ་བསྟན་འཛིན་གཡུ་ལོ་ལགས་དང་བཀྲིས་སྟོབས་རྒྱལ་ལགས་གཉིས་ཀྱི་རོགས་རམ་འོག་ཞལ་འདེབས་བསྡུ་སློང་དང་གཞོན་ནུའི་ཚོང་རྫས་སྟོད་གོས་དང་རྒྱལ་དར་བཅས་བཙོངས་ནས་དཔལ་འབྱོར་འདུ་འགོད་ཀྱང་གང་ལེགས་གནང་ཐུབ་པ་བྱུང་ཡོད་པ་རེད།

ཝི་སི་ཁོན་སིན་ས་གནས་སུ་སྐོར་སྐྱོད་གནང་སྐབས་བོད་མིའི་སྤྱི་མཐུན་ཚོགས་པའི་ངོས་ནས་ལས་རིམ་གོ་སྒྲིག་དང་སྣེ་ལེན་གང་ལེགས་གནང་ཡོད་པ་དང་། ལ་ཀ་ཤག་རྣམ་རྒྱལ་ལྷ་མོ་ལགས་ནས་བཞུགས་གནས་ཀྱི་མཚོན་པའི་སྣེ་ལེན་དང་འཐུན་འགྱུར་རོགས་རམ་ཆ་ཚང་གནང་ཡོད་པ་རེད།

བྱང་ཀེལ་ཧྥོ་ཉེ་ཡ་ས་གནས་སུ་བོད་དོན་གཏམ་བཤད།

བྱང་ཨ་རིའི་བོད་དོན་གཏམ་བཤད་བཞི་པ་དེ། སྤྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༧ རེས་གཟའ་སྤེན་པའི་ཕྱི་དྲོ་ཚོུད་ ༥།༠༠ ཐོག་བྱང་ཀེལ་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ནང་སན་ཧྥེ་རན་སི་ཀོ་ས་གནས་གཞོན་ནུས་གོ་སྒྲིག་གནང་ཡོད་པ་དང་།   ས་གནས་ཀྱི་བོད་མི་འདུ་འཛོམས་ཐོག་སན་ཧྥ་རན་སི་ཀོ་ས་གནས་གཞོན་ནུའི་ཚོགས་གཙོ་བློ་བཟང་རྡོ་རྗེ་ལགས་ནས་དབུས་རྒྱུན་གཉིས་དང་ལས་རིམ་ངོ་སྤྲོད་གནང་རྗེས། དབུས་རྒྱུན་གཉིས་ནས་གཏམ་བཤད་དང་མི་དམངས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང།  གཏམ་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་གྲུབ་རྗེས་ས་གཞོན་ཚོགས་གཙོ་ནས་དབུས་རྒྱུན་གཉིས་དང་མི་དམངས་ལ་ཐུགས་རྗེ་ཆེ་ཞུའི་བཀའ་སློབ་གནང་བ་དང་ཆབས་ཅིག འཚམས་འདྲིའི་མཇལ་དར་བསྒྲོན། སྐབས་དེར་ས་གཞོན་རྒྱུན་ལས་རྣམ་པའི་རོགས་རམ་འོག་ཞལ་འདེབས་བསྡུ་སློང་དང་གཞོན་ནུའི་ཚོང་རྫས་སྟོད་གོས་དང་རྒྱལ་དར་བཅས་བཙོངས་ནས་དཔལ་འབྱོར་འདུ་འགོད་ཀྱང་གང་ལེགས་གནང་ཐུབ་པ་བྱུང་ཡོད།

བྱང་ཀེལ་ཧྥོ་ཉེ་ཡར་སྐོར་སྐྱོད་གནང་སྐབས་ས་གནས་གཞོན་ནུའི་རྒྱུན་ལས་རྣམ་པས་ལས་རིམ་གོ་སྒྲིག་དང་བཞུགས་གནས་གྲ་སྒྲིག་སོགས་ཀྱི་མཚོན་པའི་སྣེ་ལེན་དང་འཐུན་འགྱུར་རོགས་རམ་ཆ་ཚང་གང་ལེགས་གནང་ཡོད་པ་རེད།

ཨ་རིའི་པོ་ཊེ་ལན་ས་གནས་སུ་བོད་དོན་གཏམ་བཤད།

བྱང་ཨ་རིའི་བོད་དོན་གཏམ་བཤད་ལྔ་པ་དེ། སྤྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༥ རེས་གཟའ་ཉི་མའི་ཕྱི་དྲོ་ཚོུད་ ༡།༣༠ ཐོག་ནུབ་བྱང་བོད་མིའི་རིག་གནས་ཚོགས་པའི་ཚོགས་ཁང་ནང་ས་གནས་རྒྱུན་ལས་ཟུར་པ་བཀྲིས་ཚེ་བརྟན་ལགས་ཀྱིས་འགན་ཁུར་གཙོ་བཞེས་དང་ས་རྒྱུན་ཟུར་པ་མཚོ་མོ་ལགས་ཀྱི་རོགས་རམ། པོ་ཊེ་ལན་བོད་མིའི་སྤྱི་མཐུན་ཚོགས་པའི་འཐུན་འགྱུར་འོག་གོ་སྒྲིག་གནང་ཡོད་པ་དང་།   སྐབས་དེར་ས་གནས་ཀྱི་བོད་མི་འདུ་འཛོམས་ཐོག་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནས་དབུས་རྒྱུན་གཉིས་ལ་འཚམས་འདྲིའི་གཏམ་བཤད་དང་མཇལ་དར་བསྒྲོན་ཏེ་ལས་རིམ་ངོ་སྤྲོད་གནང་རྗེས། དབུས་རྒྱུན་གཉིས་ནས་གཏམ་བཤད་དང་མི་དམངས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང།  གཏམ་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་གྲུབ་རྗེས་ས་གཞོན་རྒྱུན་ལས་ཟུར་པ་བཀྲིས་ཚེ་བརྟན་ལགས་ནས་དབུས་རྒྱུན་གཉིས་དང་མི་དམངས་ལ་ཐུགས་རྗེ་ཆེ་ཞུའི་བཀའ་སློབ་གནང་སྟེ་ལས་རིམ་གྲུབ།  སྐབས་དེར་ས་གཞོན་རྒྱུན་ལས་ཟུར་པ་རྣམ་པའི་རོགས་རམ་འོག་ཞལ་འདེབས་བསྡུ་སློང་དང་གཞོན་ནུའི་ཚོང་རྫས་སྟོད་གོས་དང་རྒྱལ་དར་བཅས་བཙོངས་ནས་དཔལ་འབྱོར་འདུ་འགོད་ཀྱང་གང་ལེགས་གནང་ཐུབ་པ་བྱུང་ཡོད།

པོ་ཊེ་ལན་ས་གནས་སུ་སྐོར་སྐྱོད་གནང་སྐབས་ས་གནས་གཞོན་ནུའི་རྒྱུན་ལས་ཟུར་པ་བཀྲིས་ཚེ་བརྟན་ལགས་ནས་ལས་རིམ་གོ་སྒྲིག་དང་བཞུགས་གནས་གྲ་སྒྲིག་སོགས་ཀྱི་མཚོན་པའི་སྣེ་ལེན་དང་འཐུན་འགྱུར་རོགས་རམ་གང་ལེགས་གནང་ཡོད་པ་རེད།

ཨ་རིའི་པོ་ཊེ་ལན་ས་གནས་སུ་བོད་དོན་བགྲོ་གླེང་དང་ས་གཞོན་སླར་གསོ།

སྤྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༥ རེས་གཟའ་མིག་དམར་གྱི་ཕྱི་དྲོ་ཚོུད་ ༧ ཙམ་ལ་ནུབ་བྱང་བོད་མིའི་རིག་གནས་ཚོགས་པའི་ཚོགས་ཁང་ནང་ས་གནས་ཀྱི་བོད་པའི་གཞོན་སྐྱེས་དང་རྒྱུན་ལས་ཟུར་པ་ལྷན་འཛོམས་ཀྱིས་བཞུགས་མོལ་བགྲོ་གླེང་ཞིག་གོ་སྒྲིག་ཞུས་པ་དང་། བགྲོ་གླེང་སྐབས་ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་དང་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་གཉིས་ནས་སྤྱིར་བོད་ཀྱི་གཞོན་སྐྱེས་ཀྱི་འགན་ཁུར་བསམ་བློ་གོང་སྤེལ་གཏོང་ཕྱོགས་དང་ལྷག་པར་པོ་ཊེ་ལན་ས་གནས་ཀྱི་བོད་པའི་གཞོན་སྐྱེས་ཚོའི་དབར་འབྲེལ་ལམ་ཡར་རྒྱས་བཏང་ནས་བོད་དོན་དང་སྤྱི་ཚོགས་ཀྱི་སྣེ་ཁྲིད་བྱ་ཐུབ་མཁན་གང་མང་ཐོན་ཐུབ་པ་དགོས་པའི་དགོངས་འཆར་གསུངས་པ་དང་། དེ་རྗེས་ཚོགས་བཅར་བ་ཚོའི་ངོས་ནས་ཀྱང་ས་གནས་ཀྱི་བོད་པའི་གཞོན་སྐྱེས་ཚོའི་བོད་སྐད་དང་བོད་པའི་སྤྱི་ཚོགས་ཀྱི་འགན་ཁུར་བྱ་ཕྱོགས་སོགས་ལ་དགོངས་ཚུལ་ལྷུག་པོ་གནང་ཡོད་པ་རེད།

བཞུགས་མོལ་བགྲོ་གླེང་གི་མཇུག་བསྡོམས་མ་ཞུས་གོང་དབུས་རྒྱུན་གཉིས་ནས་པོ་ཊེ་ལན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གསར་འཛུགས་ཞུས་ནས་ལོ་ངོ་མང་པོའི་རིང་ས་གནས་ཀྱི་གཞོན་སྐྱེས་དང་བོད་མི་མང་པོས་ལྷག་བསམ་དང་འགན་ཁུར་ཆེན་པོས་བོད་དོན་འཐབ་རྩོད་དང་སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ལས་འགུལ་སྣ་མང་སྤེལ་ཐུབ་པ་བྱུང་ཡོད་ཀྱང་། སྤྱི་ལོ་ ༢༠༡༦ ལོ་ནས་བཟུང་ས་གནས་གཞོན་ནུ་ཉམས་ཆགས་ཀྱིས་རྒྱུན་ལས་གསར་འདེམས་བྱ་མི་ཐུབ་པ་དང་ལས་འགུལ་སྤེལ་མ་ཐུབ་པར་བརྟེན། ད་ལྟའི་ཆར་ས་གནས་གཞོན་ནུ་མེད་པ་ལྟ་བུ་ཆགས་ཡོད་པ་འདི་ཤིནཏུ་ནས་བློ་ཕམ་གྱི་གནས་ཚུལ་དང་ས་གནས་ཀྱི་རྒྱུན་ལས་ཟུར་པ་དང་གཞོན་སྐྱེས་ཚོས་འགན་ཁུར་གྱིས་ས་གནས་གཞོན་ནུ་སླར་གསོ་དང་བོད་དོན་འཐབ་རྩོད་དང་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་སྤེལ་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་སོགས་ཀྱི་བཀའ་སློབ་ནན་ཏན་གནང་བ་དང་ཆབས་ཅིག ཚོགས་བཅར་བ་ཁག་ཅིག་ལ་འབོད་སྐུལ་ནན་ཞུས་ཀྱིས་ས་རྒྱུན་འོས་གཞི་གཉིས་རག་ཐུབ་པ་བྱུང་།

དེ་རྗེས་ཀྱི་ཉིན་ཤས་རིང་དབུས་རྒྱུན་གཉིས་ཀྱིས་ས་རྒྱུན་འོས་པའི་བོད་མི་དང་གཞོན་སྐྱེས་ཁག་ལ་རིམ་པས་འབོད་སྐུལ་ཞུས་པ་བརྒྱུད། མཐར་སྤྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༧ ཉིན་གྱི་ཕྱི་དྲོའི་ཚོུད་ ༡༠ ཙམ་ལ་དངོས་སུ་རྒྱུན་ལས་གསར་འདེམས་ཀྱིས་པོ་ཊེ་ལན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སླར་གསོ་ཐུབ་པ་བྱུང་ཡོད་པ་རེད།

སི་ཡ་ཊལ་གྲོང་ཁྱེར་ནང་བོད་དོན་གཏམ་བཤད།

བྱང་ཨ་རིའི་བོད་དོན་གཏམ་བཤད་དྲུག་པ་དེ། སྤྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡ རེས་གཟའ་སྤེན་པའི་ཕྱི་དྲོ་ཚོུད་ ༣།༠༠ སཱི་ཡ་ཊལ་ས་གནས་ཀྱི་ས་སྐྱ་དགོན་པ་རུ་ས་གནས་ཀྱི་རྒྱལ་ཞེན་ལྷག་བསམ་ཅན་གྱི་བོད་མི་ཁག་ཅིག་གིས་གོ་སྒྲིག་གནང་ཡོད་པ་དང་། སྐབས་དེར་ས་གནས་ཀྱི་བོད་མི་འདུ་འཛོམས་ཐོག་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་དང་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་གཉིས་ནས་བོད་དོན་འཐབ་རྩོད་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་མི་དམངས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་རེད།

གཏམ་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་གྲུབ་རྗེས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དཀོན་མཆོག་དགོན་པོ་ནས་དབུས་རྒྱུན་གཉིས་དང་མི་དམངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། སི་ཡ་ཊལ་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནས་དབུས་རྒྱུན་གཉིས་ལ་འཚམས་འདྲི་དང་མཇལ་དར་བསྒྲོན་ཏེ་དེ་ཉིན་གྱི་ལས་རིམ་གྲུབ།

སྐབས་དེར་དྭང་བླངས་གོ་སྒྲིག་ཚོགས་ཆུང་གི་རོགས་རམ་འོག་ཞལ་འདེབས་བསྡུ་སློང་དང་གཞོན་ནུའི་ཚོང་རྫས་སྟོད་གོས་དང་རྒྱལ་དར་བཅས་བཙོངས་ནས་དཔལ་འབྱོར་འདུ་འགོད་ཀྱང་གང་ལེགས་གནང་ཐུབ་པ་བྱུང་ཡོད།

སི་ཡ་ཊལ་ས་གནས་སུ་སྐོར་སྐྱོད་གནང་སྐབས་ཝི་སི་ཀོན་སིན་ས་གནས་གཞོན་ནུའི་རྒྱུན་ལས་ཟུར་པ་དཀོན་མཆོག་མགོན་པོ་ལགས་ཀྱིས་དབུས་རྒྱུན་གཉིས་ཕེབས་བསུ་ཕེབས་སྐྱེལ་དང་། བཞུགས་གནས་སོགས་ཀྱི་འཐུན་འགྱུར་རོགས་རམ་གང་ལེགས་གནང་བ་དང་། དྭང་བླངས་རྒྱབ་སྐྱོར་བ་རྣམ་པས་གཏམ་བཤད་ལས་རིམ་གོ་སྒྲིག་དང་ཚོགས་བཅར་བ་མི་དམངས་ལ་ཞལ་ལག་འདེགས་འབུལ་དང་། དབུས་རྒྱུན་གཉིས་ལ་སྣེ་ལེན་དང་རོགས་རམ་ཆ་ཚང་གནང་ཡོད་པ་རེད།

སི་ཡ་ཊལ་ས་གནས་གཞོན་ནུ་སླར་གསོ།

སྤྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༥ རེས་གཟའ་ལྷག་པའི་ཕྱི་དྲོ་ཚོུད་ ༦།༠༠ སི་ཡ་ཊལ་ས་གནས་ཀྱི་དང་བླངས་རྒྱབ་སྐྱོར་བ་མི་བཅོ་ལྔ་ཙམ་ཝི་སི་ཁོན་སིན་ས་གནས་གཞོན་ནུའི་རྒྱུན་ལས་ཟུར་པ་དཀོན་མཆོག་མགོན་པོ་ལགས་ཀྱི་ནང་དུ་འདུ་འཛོམས་ཀྱིས་དབུས་རྒྱུན་གཉིས་ལ་ཕེབས་སྐྱེལ་ཞལ་ལག་དང་ས་གནས་གཞོན་ནུའི་ཚོགས་མི་འདུ་སྐོང་། ས་གནས་སུ་གཏམ་བཤད་ལས་རིམ་དང་དཔལ་འབྱོར་འདུ་འགོད་ཇི་ལྟར་བྱུང་ཡོད་མེད་བཅས་ཀྱི་སྐོར་ལ་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་། སྐབས་དེར་དང་བླངས་རྒྱབ་སྐྱོར་རུ་ཁག་གི་འགོ་ཁྲིད་དཀོན་མཆོག་མགོན་པོ་ལགས་ནས་དབུས་རྒྱུན་གཉིས་ས་གནས་སུ་ཕེབས་ནས་གཏམ་བཤད་སྐོར་སྐྱོད་གནང་བ་དེས་ས་གནས་མི་དམངས་ཀྱི་སེམས་ནང་བོད་དོན་གོ་རྟོགས་གོང་སྤེལ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྐོར་གྱི་དོགས་གནད་མང་པོ་ཞིག་བསངས་ཡོད་པ་དང་། མི་དམངས་ནས་ཀྱང་རྒྱབ་སྐྱོར་དང་དགའ་མོས་ཆེན་པོ་བྱུང་བའི་རྣམ་པ་ཐོན་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་ནས་ས་གནས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་ས་གནས་གཞོན་ནུ་མེད་ཀྱང་དྭང་བླངས་པ་རྣམ་པས་ལྷག་བསམ་འགན་ཁུར་ཆེ་བཞེས་ཀྱིས་རྒྱབ་སྐྱོར་གནང་ནས་མི་དམངས་ལ་གཏམ་བཤད་ལས་རིམ་དང་གསོལ་ཇ་ཞལ་ལག་གོ་སྒྲིག དབུས་རྒྱུན་གཉིས་ཀྱི་བཞུགས་གནས་དང་ཕར་སྐྱེལ་ཚུལ་ལེན་སོགས་ཀྱི་མཚོན་པའི་སྣེ་ལེན་ཧ་ཅང་ཡག་པོ་གནང་སོང་བར་དྭང་བླངས་པ་ཡོངས་ལ་ལེགས་གསོལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། སི་ཡ་ཊལ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་ཞུས་པ་ནས་རྒྱུན་ལས་སྐབས་རེ་གཉིས་ཤིག་གི་རིང་བོད་ཀྱི་རྩ་དོན་ལ་སྨན་(སྨིན་)པའི་ཕྱག་ལས་ཧ་ཅང་ཡག་པོ་གནང་ཡོད་ཀྱང་སྤྱི་ལོ་ ༢༠༡༤ ཙམ་ནས་ཧ་ལམ་ལས་འགུལ་སྤེལ་མ་ཐུབ་པར་གྱུར་པ་དང་། ས་རྒྱུན་གསར་འདེམས་ཀྱང་བྱ་མ་ཐུབ་པ་བཅས་ལ་བརྟེན་ནས་འདས་པའི་ལོ་བཞི་ཙམ་རིང་ས་གནས་གཞོན་ནུ་མེད་པར་གྱུར་ཡོད་པ་འདི་ནི་ཧ་ཅང་བློ་ཕམ་གྱི་གནས་ཚུལ་ཞིག་ཆགས་ཡོད་པས། ས་གནས་ཀྱི་གཞོན་སྐྱེས་ཚོས་བོད་མིའི་འགན་ཁུར་དང་དུ་བླངས་ནས་ས་གནས་གཞོན་ནུ་སླར་གསོ་བྱས་ཏེ་གཙོ་བོར་བོད་དོན་འཐབ་རྩོད་དང་། དེ་བཞིན་ས་གནས་བོད་མིའི་སྤྱི་ཚོགས་ནང་ཞབས་ཞུ་དང་ཕན་ཐོགས་བྱ་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་སོགས་འབོད་སྐུལ་ནན་ཏན་ཡང་ནས་བསྐྱར་དུ་ཞུས་པ་དང་། དེ་རྗེས་གང་ཟག་མི་རེ་ངོ་རེའི་མཚན་ནས་འབོད་དེ་འབོད་སྐུལ་ཞུས་པ་བརྒྱུད། མཐར་སྤྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༥ རེས་གཟའ་ལྷག་པའི་ཕྱི་དྲོའི་ཚོུད་ ༩།༤༠ ཙམ་ལ་དངོས་སུ་རྒྱུན་ལས་གསར་འདེམས་ཀྱིས་སི་ཡ་ཊལ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལོ་བཞིའི་རྗེས་སུ་སླར་གསོ་ཐུབ་པ་བྱུང་ཡོད་པ་རེད།

ཡུ་ཊ་གནས་བཞུགས་བོད་མིར་བོད་དོན་གཏམ་བཤད།

བྱང་ཨ་རིའི་ནང་བོད་དོན་གཏམ་བཤད་བདུན་པ་དེ། སྤྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༨ རེས་གཟའ་སྤེན་པའི་ཕྱི་དྲོ་ཚོུད་ ༨།༠༠ ཨ་རིའི་ཡུ་ཊ་མངའ་སྡེའི་སོཊི་ལེགས་གྲོང་ཁྱེར་ནང་ཡོད་པའི་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་ཚེ་རིང་དོན་གྲུབ་ལགས་(Gentle Man) ཀྱིས་འགན་ཁུར་རོགས་རམ་དང་ཡུ་ཊ་བོད་མིའི་སྤྱི་མཐུན་ཚོགས་པས་གོ་སྒྲིག་གནང་ཡོད་པ་རེད།

དེ་ཉིན་ཐོག་མར་དབུས་རྒྱུན་གཉིས་ལ་མཛད་སྒོའི་སྐུ་མགྲོན་བྱང་ཨ་རིའི་བོད་མིའི་སྤྱི་འཐུས་ཕྱག་མཛོད་ཚང་པདྨ་ལགས་ཀྱིས་འཚམས་འདྲིའི་མཇལ་དར་བསྒྲོན་གནང་བ་དང་། དེ་རྗེས་མི་མང་འདུ་འཛོམས་ཐོག་ཡུ་ཊ་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཀུན་བཟང་ལགས་ནས་འཚམས་འདྲིའི་གཏམ་བཤད་དང་མཇལ་དར་བསྒྲོན་ཏེ་ལས་རིམ་ངོ་སྤྲོད་གནང་རྗེས། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་དང་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་གཉིས་ནས་བོད་དོན་འཐབ་རྩོད་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཞེས་པའི་བརྗོད་གཞིའི་ཐོག་མི་དམངས་ལ་གཏམ་བཤད་དང་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་། གཏམ་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་གྲུབ་རྗེས་དེ་ཉིན་གྱི་སྐུ་མགྲོན་གཙོ་བོ་སྐུའི་ཚ་མོ་མཁའ་འགྲོ་མཆོག་ནས་བསྔགས་བརྗོད་ཀྱི་བཀའ་སློབ་གནང་བ་དང་དབུས་རྒྱུན་གཉིས་ལ་མཇལ་དར་བསྒྲོན་གནང་སྟེ་དེ་ཉིན་གྱི་ལས་རིམ་གྲུབ།

ཡུ་ཊ་ས་གནས་སུ་སྐོར་སྐྱོད་གནང་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་ཚེ་རིང་དོན་གྲུབ་ལགས་ཀྱིས་དབུས་རྒྱུན་གཉིས་ཕེབས་བསུ་ཕེབས་སྐྱེལ་གྱི་མཚོན་པའི་གཏམ་བཤད་ལས་རིམ་གོ་སྒྲིག་དང་བཞུགས་གནས་གྲ་སྒྲིག་སོགས་ཀྱི་མཐུན་འགྱུར་རོགས་རམ་གང་ལེགས་གནང་ཡོད་པ་དང་། སྐབས་དེར་དཔལ་འབྱོར་འདུ་འགོད་ཀྱང་གང་ལེགས་གནང་ཐུབ་པ་བྱུང་ཡོད།

ཡུ་ཊ་ས་གནས་སུ་གཞོན་སྐྱེས་ཀྱི་བགྲོ་གླེང་དང་ས་གཞོན་སྐྱར་གསོ།

སྤྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༩ རེས་གཟའ་ཉི་མའི་ཕྱི་དྲོ་ཚོུད་ ༣།༠༠ ཨ་རིའི་ཡུ་ཊ་མངའ་སྡེའི་སོཊི་ལེགས་གྲོང་ཁྱེར་ནང་ཡོད་པའི་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ནང་ས་གནས་ཀྱི་བོད་པའི་གཞོན་སྐྱེས་དང་དོ་སྣང་ཅན་གྱི་བོད་མི་ལྷན་འཛོམས་ཀྱིས་བཞུགས་མོལ་བགྲོ་གླེང་ཞིག་གོ་སྒྲིག་ཞུས་པ་དང་། བགྲོ་གླེང་སྐབས་ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་དང་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་གཉིས་ནས་ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་གལ་གནད་ངོ་སྤྲོད་དང་། བོད་པའི་གཞོན་སྐྱེས་ཀྱི་འགན་ཁུར་བསམ་བློ་གོང་སྤེལ་གཏོང་ཕྱོགས། ལྷག་པར་ཡུ་ཊ་ས་གནས་ཀྱི་བོད་པའི་གཞོན་སྐྱེས་ཚོའི་དབར་འབྲེལ་ལམ་ཡར་རྒྱས་བཏང་ནས་བོད་དོན་དང་སྤྱི་ཚོགས་ཀྱི་སྣེ་ཁྲིད་བྱ་ཐུབ་མཁན་གང་མང་ཐོན་ཐུབ་པ་དགོས་པ་སོགས་ཀྱི་དགོངས་འཆར་གསུངས་པ་དང་། དེ་རྗེས་ཚོགས་བཅར་བ་ཚོའི་ངོས་ནས་ཀྱང་ས་གནས་ཀྱི་བོད་པའི་གཞོན་སྐྱེས་ཚོའི་བོད་སྐད་དང་བོད་པའི་སྤྱི་ཚོགས་ཀྱི་འགན་ཁུར་བྱ་ཕྱོགས། ཕ་མའི་ངོས་ནས་བུ་ཕྲུག་ལ་སློབ་གསོ་སྤྲོད་ཕྱོགས་སོགས་ལ་དགོངས་ཚུལ་དང་བགྲོ་གླེང་ལྷུག་པོ་གནང་ཡོད་པ་རེད།

བཞུགས་མོལ་བགྲོ་གླེང་ཀྱི་མཇུག་བསྡོམས་མ་ཞུས་གོང་དབུས་རྒྱུན་གཉིས་ཀྱིས་ཡུ་ཊ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་སྤྱི་ལོ་ ༢༠༡༢ ལོར་གསར་འཛུགས་ཞུས་ཀྱང་སྐབས་དེའི་རྒྱུན་ལས་རྣམས་རིམ་པས་ས་གནས་གཞན་དུ་གནས་སྤོས་བྱས་པ་དང་རྒྱུན་ལས་གསར་པ་ཚད་ལྡན་འདེམས་ཐོན་བྱ་མ་ཐུབ་པར་བརྟེན་ད་བར་ལས་འགུལ་སྤེལ་མ་ཐུབ་པ་མ་ཟད། ས་གནས་གཞོན་ནུ་ཞིག་ཡོད་མེད་ཀྱང་མཁྱེན་རྟོགས་མེད་པའི་གནས་སུ་ལྷུང་ཡོད་པ་འདི་ཤིན་ཏུ་ནས་བློ་ཕམ་གྱི་གནས་ཚུལ་ཆགས་ཡོད་པས། ས་གནས་ཀྱི་གཞོན་སྐྱེས་ཚོས་བོད་མིའི་འགན་ཁུར་དང་དུ་བླངས་ནས་ས་གནས་གཞོན་ནུ་སླར་གསོ་བྱས་ཏེ་གཙོ་བོར་བོད་དོན་འཐབ་རྩོད་དང་། དེ་བཞིན་ས་གནས་བོད་མིའི་སྤྱི་ཚོགས་ནང་ཞབས་ཞུ་དང་ཕན་ཐོགས་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་དང་གནད་དོན་འདི་རིགས་ལ་ཕ་མས་ཀྱང་ཕྲུ་གུའི་འགན་ཁུར་བསམ་བློ་དང་ནུས་པ་ཡར་རྒྱས་གཏོང་ཐབས་ལ་རྒྱབ་སྐྱོར་གནང་དགོས་པ་སོགས་ཀྱི་བཀའ་སློབ་ནན་ཏན་གནང་བ་དང་ཆབས་ཅིག ཚོགས་བཅར་བ་ན་གཞོན་ཁག་ཅིག་ལ་འབོད་སྐུལ་ནན་ཏན་ཞུས་པ་བརྒྱུད། མཐར་སྤྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༩ རེས་གཟའ་ཉི་མའི་ཕྱི་དྲོའི་ཚོུད་ ༥།༥༠ ཙམ་ལ་དངོས་སུ་རྒྱུན་ལས་གསར་འདེམས་ཀྱིས་ཡུ་ཊ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སླར་གསོ་ཐུབ་པ་བྱུང་ཡོད་པ་རེད།

ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཏུ་བོད་དོན་གཏམ་བཤད།

བྱང་ཨ་རིའི་བོད་དོན་གཏམ་བཤད་བརྒྱད་པ་དེ། སྤྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༥ རེས་གཟའ་སྤེན་པའི་ཕྱི་དྲོ་ཚོུད་ ༤།༠༠ ཐོག་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཁུལ་གྱི་ཝི་ན་མི་དམངས་ཚོགས་ཁང་ (Vienna Community Center) ནང་ཌི་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་ཡོད་པ་དང་། ས་གནས་ཀྱི་བོད་མི་འདུ་འཛོམས་ཐོག་ས་གནས་གཞོན་ནུའི་ཚོགས་གཙོ་ཕུན་ཚོགས་དར་རྒྱས་ལགས་ནས་དབུས་རྒྱུན་གཉིས་དང་ལས་རིམ་ངོ་སྤྲོད་གནང་རྗེས། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་དང་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་གཉིས་ནས་བོད་དོན་འཐབ་རྩོད་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཞེས་པའི་བརྗོད་གཞིའི་ཐོག་མི་དམངས་ལ་གཏམ་བཤད་དང་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་། གཏམ་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་གྲུབ་རྗེས་ས་གཞོན་ཚོགས་གཙོ་ནས་དབུས་རྒྱུན་གཉིས་དང་མི་དམངས་ལ་ཐུགས་རྗེ་ཆེ་ཞུའི་བཀའ་སློབ་གནང་བ་དང་ཆབས་ཅིག འཚམས་འདྲིའི་མཇལ་དར་བསྒྲོན། སྐབས་དེར་ས་གཞོན་རྒྱུན་ལས་རྣམ་པའི་རོགས་རམ་འོག་ཞལ་འདེབས་བསྡུ་སློང་དང་གཞོན་ནུའི་ཚོང་རྫས་སྟོད་གོས་དང་རྒྱལ་དར་བཅས་བཙོངས་ནས་དཔལ་འབྱོར་འདུ་འགོད་ཀྱང་གང་ལེགས་གནང་ཐུབ་པ་བྱུང་ཡོད།

ཨ་རིའི་རྒྱལ་ས་ཌི་སི་ས་གནས་ལ་སྐོར་སྐྱོད་གནང་སྐབས་ས་གནས་གཞོན་ནུའི་རྒྱུན་ལས་རྣམ་པས་ལས་རིམ་གོ་སྒྲིག་དང་བཞུགས་གནས་གྲ་སྒྲིག་སོགས་ཀྱི་མཚོན་པའི་སྣེ་ལེན་དང་འཐུན་འགྱུར་རོགས་རམ་ཆ་ཚང་གང་ལེགས་གནང་ཡོད་པ་རེད།

ཧྥི་ལ་ཌལ་ཧྥི་ཡ་གྲོང་ཁྱེར་ནང་བོད་དོན་གཏམ་བཤད།

བྱང་ཨ་རིའི་བོད་དོན་གཏམ་བཤད་དགུ་པ་དེ། སྤྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༦ རེས་གཟའ་ལྷག་པའི་ཕྱི་དྲོ་ཚོུད་ ༧།༠༠ ཐོག་ཧྥི་ལ་ཌལ་ཧྥི་ཡའི་གྲོང་ཁྱེར་ནང་ཡོད་པའི་ཡེ་ཤུའི་ཚོགས་ཁང་ཞིག་(Unitairn Society of Germantown) གི་ནང་ཧྥི་ལ་ཌལ་ཧྥི་ཡ་བོད་མིའི་སྤྱི་མཐུན་ཚོགས་པས་གོ་སྒྲིག་གནང་ཡོད་པ་དང་།   ས་གནས་ཀྱི་བོད་མི་འདུ་འཛོམས་ཐོག་ཧྥི་ལ་ཌལ་ཧྥི་ཡ་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཤཱཀྱ་ལགས་ནས་དབུས་རྒྱུན་གཉིས་དང་ལས་རིམ་ངོ་སྤྲོད་གནང་རྗེས། བོད་ཀྱིག་ཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་དང་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་གཉིས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་དོན་འཐབ་རྩོད་ཅེས་པའི་བརྗོད་གཞིའི་ཐོག་མི་དམངས་ལ་གཏམ་བཤད་དང་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང།  གཏམ་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་གྲུབ་རྗེས་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཤཱཀྱ་ལགས་ནས་དབུས་རྒྱུན་གཉིས་ལ་ཐུགས་རྗེ་ཆེ་ཞུའི་བཀའ་སློབ་གནང་བ་དང་ཆབས་ཅིག འཚམས་འདྲིའི་མཇལ་དར་བསྒྲོན་གནང་བ་དང་། དབུས་རྒྱུན་གཉིས་དང་མི་དམངས་ལ་གསོལ་ཇ་དང་དགོང་དྲོའི་ཞལ་ལག་འདེགས་འབུལ་ཞུས།

སྐབས་དེར་ཞལ་འདེབས་བསྡུ་སློང་དང་ས་གཞོན་ཚོགས་མི་ཐོ་འགོད་བཅས་གནང་ནས་དཔལ་འབྱོར་འདུ་འགོད་གང་ཙམ་བྱུང་བ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མིར་འཛུལ་བཞུགས་གནང་མཁན་ཡང་གང་ཙམ་བྱུང་ཡོད་པ་རེད།

ཧྥི་ལ་ཌལ་ཧྥི་ཡ་ས་གནས་སུ་སྐོར་སྐྱོད་གནང་སྐབས་བོད་མིའི་སྤྱི་མཐུན་ཚོགས་པའི་ངོས་ནས་ལས་རིམ་གོ་སྒྲིག་དང་སྣེ་ལེན་གང་ལེགས་གནང་ཡོད་པ་མ་ཟད། བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཤཱཀྱ་ལགས་ཀྱིས་བཞུགས་གནས་སོགས་གོ་སྒྲིག་ཆ་ཚང་དང་། ཐུབ་བསྟན་ཆོས་ཉིད་ལགས་དང་བློ་བཟང་བསྟན་འཛིན་སོགས་ནས་སྣེ་ལེན་རོགས་རམ་གང་ལེགས་གནང་ཡོད་པ་རེད།

ཨ་རིའི་ནིའུ་ཡོག་ཏུ་བོད་དོན་གཏམ་བཤད།

བྱང་ཨ་རིའི་བོད་དོན་གཏམ་བཤད་བཅུ་པ་དེ། སྤྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༩ རེས་གཟའ་སྤེན་པའི་ཕྱི་དྲོ་ཚོུད་ ༢།༠༠ ཐོག་ཤར་པ་དགོན་པའི་ཚོགས་ཁང་ནང་ནིའུ་ཡོག་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་ཡོད་པ་དང་། ས་གནས་ཀྱི་བོད་མི་འདུ་འཛོམས་ཐོག་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་དང་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་གཉིས་ནས་བོད་དོན་འཐབ་རྩོད་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཞེས་པའི་བརྗོད་གཞིའི་ཐོག་མི་དམངས་ལ་གཏམ་བཤད་དང་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་། གཏམ་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་གྲུབ་རྗེས་ས་གཞོན་ཚོགས་གཙོ་ནས་དབུས་རྒྱུན་གཉིས་དང་མི་དམངས་ལ་ཐུགས་རྗེ་ཆེ་ཞུའི་བཀའ་སློབ་གནང་བ་དང་ཆབས་ཅིག འཚམས་འདྲིའི་མཇལ་དར་བསྒྲོན།

གཞན་ཡང་སྐབས་དེར་དབུས་རྒྱུན་གཉིས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་ཚབ་ཞུས་ཏེ་རྒྱལ་གཅེས་པ་རྡོ་རྗེ་དགྲ་འདུལ་ལགས་ནས་རང་ཉིད་ཀྱི་ཚེ་མཇུག་ཤུལ་བཞག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མིང་ཐོག་ལ་འཇོག་རྒྱུའི་ཆོས་སེམས་དང་ལྷག་བསམ་ལ་ཡི་རངས་བསྔགས་བརྗོད་ཀྱི་གཟེངས་རྟགས་ཤིག་ཕུལ་ཡོད་པ་དང། ས་གཞོན་རྒྱུན་ལས་རྣམ་པའི་རོགས་རམ་འོག་ཞལ་འདེབས་བསྡུ་སློང་དང་གཞོན་ནུའི་ཚོང་རྫས་སྟོད་གོས་དང་རྒྱལ་དར་བཅས་བཙོངས་ནས་དཔལ་འབྱོར་འདུ་འགོད་ཀྱང་གང་ལེགས་གནང་ཐུབ་པ་བྱུང་ཡོད།

ཨ་རིའི་ནིའུ་ཡོག་ས་གནས་ལ་སྐོར་སྐྱོད་གནང་སྐབས་ས་གནས་གཞོན་ནུའི་རྒྱུན་ལས་རྣམ་པས་ལས་རིམ་གོ་སྒྲིག་དང་སྣེ་ལེན་བཅས་གནང་ཡོད་པ་རེད།

བྷོ་སེ་ཊོན་ནང་བོད་དོན་གཏམ་བཤད།

བྱང་ཨ་རིའི་བོད་དོན་གཏམ་བཤད་བཅུ་གཅིག་པ་དེ། སྤྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༥ རེས་གཟའ་སྤེན་པའི་ཕྱི་དྲོ་ཚོུད་ ༥།༠༠ ཐོག་བྷོ་སེ་ཊོན་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ནང་བོད་མིའི་སྤྱི་མཐུན་ཚོགས་པས་གོ་སྒྲིག་གནང་ཡོད་པ་དང་།   ས་གནས་ཀྱི་བོད་མི་འདུ་འཛོམས་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་དང་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་གཉིས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་དོན་འཐབ་རྩོད་ཅེས་པའི་བརྗོད་གཞིའི་ཐོག་མི་དམངས་ལ་གཏམ་བཤད་དང་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང།  གཏམ་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་གྲུབ་རྗེས་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནས་དབུས་རྒྱུན་གཉིས་ལ་ཐུགས་རྗེ་ཆེ་ཞུའི་བཀའ་སློབ་གནང་བ་དང་ཆབས་ཅིག འཚམས་འདྲིའི་མཇལ་དར་བསྒྲོན་ནས་མཛད་རིམ་གྲོལ་ཡོད་པ་རེད། སྐབས་དེར་ཞལ་འདེབས་བསྡུ་སློང་ཀྱིས་དཔལ་འབྱོར་འདུ་འགོད་ཀྱང་གནང་ཡོད་པ་རེད།

བྷོ་སེ་ཊོན་ས་གནས་སུ་སྐོར་སྐྱོད་གནང་སྐབས་བོད་མིའི་སྤྱི་མཐུན་ཚོགས་པའི་ངོས་ནས་ལས་རིམ་གོ་སྒྲིག་དང་སྣེ་ལེན་གང་ལེགས་གནང་ཡོད་པ་མ་ཟད། བོད་མི་དབང་འདུས་ཝི་སུན་ལགས་ཀྱིས་བཞུགས་གནས་སོགས་གོ་སྒྲིག་ཆ་ཚང་གནང་བ་དང་། ནིའུ་ཡོག་ས་གཞོན་རྒྱུན་ལས་ཟུར་པ་འཆི་མེད་ཚེ་རིང་ལགས་ཀྱིས་སྒེར་འཁོར་ནང་ནིའུ་ཡོག་ནས་བྷོ་སེ་ཊོན་བར་ཕེབས་སྐྱེལ་ཞུས་ཡོད་པ་རེད།

ཁེ་ན་ཊ་ཊོ་རོན་ཊོར་བོད་དོན་གཏམ་བཤད།

བྱང་ཨ་རིའི་བོད་དོན་གཏམ་བཤད་བཅུ་གཉིས་པ་དེ། སྤྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༢ རེས་གཟའ་སྤེན་པའི་ཕྱི་དྲོ་ཚོུད་ ༤།༠༠ ཐོག་ས་གནས་ཀྱི་ཚོགས་ཁང་ཞིག་གི་ནང་ཊོ་རོན་ཊོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་ཡོད་པ་དང་། ས་གནས་ཀྱི་བོད་མི་འདུ་འཛོམས་ཐོག་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་དང་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་གཉིས་ནས་བོད་དོན་འཐབ་རྩོད་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཞེས་པའི་བརྗོད་གཞིའི་ཐོག་མི་དམངས་ལ་གཏམ་བཤད་དང་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་། གཏམ་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་གྲུབ་རྗེས་ཊོ་རོན་ཊོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནས་དབུས་རྒྱུན་གཉིས་ལ་འཚམས་འདྲིའི་མཇལ་དར་བསྒྲོན་གནང་བ་དང་། ས་གཞོན་ཚོགས་གཙོ་ནས་ཀྱང་དབུས་རྒྱུན་གཉིས་ལ་མཇལ་དར་བསྒྲོན་གནང་བ་དང་མི་དམངས་ལ་ཐུགས་རྗེ་ཆེ་ཞུའི་བཀའ་སློབ་གནང་ནས་ལས་རིམ་གྲོལ་ཡོད་པ་རེད།

གཞན་ཡང་སྐབས་དེར་ས་གཞོན་རྒྱུན་ལས་རྣམ་པའི་རོགས་རམ་འོག་ཞལ་འདེབས་བསྡུ་སློང་དང་གཞོན་ནུའི་ཚོང་རྫས་སྟོད་གོས་དང་རྒྱལ་དར་བཅས་བཙོངས་ནས་དཔལ་འབྱོར་འདུ་འགོད་ཀྱང་གང་ལེགས་གནང་ཐུབ་པ་བྱུང་ཡོད།

ཊོ་རོན་ཊོ་ས་གནས་ལ་སྐོར་སྐྱོད་གནང་སྐབས་ས་གནས་གཞོན་ནུའི་རྒྱུན་ལས་རྣམ་པས་ལས་རིམ་གོ་སྒྲིག་དང་སྣེ་ལེན་བཅས་གནང་ཡོད་པ་དང་། ས་གནས་ཀྱི་བོད་མི་བསྟན་འཛིན་ཡིད་འོངས་ལགས་ནང་མི་ནས་བཞུགས་གནས་གྲ་སྒྲིག ནིའུ་ཡོག་ས་གནས་གཞོན་ནུའི་རྒྱུན་ལས་བསྟན་འཛིན་དབང་འདུས་ལགས་དང་བློ་དགའ་ལགས་གཉིས་ཀྱིས་ཉིན་བཞིའི་རིང་སྒེར་འཁོར་ནང་དབུ་རྒྱུན་ནིའུ་ཡོག་ནས་ཊོ་རོན་ཊོ་བར་ཕར་སྐྱེལ་ཚུལ་ལེན་གནང་བ་མ་ཟད། ཊོ་རོན་ཊོ་ས་གཞོན་ཚོགས་གཙོ་ཟུར་པ་སོ་ནི་བསོད་ནམས་ལགས་ནས་ཕེབས་བསུ་ཕེབས་སྐྱེལ་དང་ས་གནས་སུ་བཞུགས་རིང་འཐུན་འགྱུར་རོགས་རམ་ཆ་ཚང་གནང་ཡོད་པ་རེད།