དེ་ཡང་སྤྱི་ལོ་ ༢༠༡༨ ལོའི་ཟླ་བ་ ༣ ནང་ ༡༩༥༩ ལོར་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ཀྱི་རྒྱལ་ས་ལྷ་སའི་ནོར་བུ་གླིང་ཁའི་ཕོ་བྲང་ནས་བཙན་བྱོལ་གྱིས་རྒྱ་གར་ནང་ཆིབས་བསྒྱུར་མཛད་དེ་མི་ལོ་ ༦༠ འཁོར་གྱི་ཡོད་པ་ལྟར། ཨ་རུ་ནཱ་ཅལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་གོ་སྒྲིག་འོག ཨ་རུ་ན་ཅལ་ཁུལ་གྱི་སེར་སྐྱ་མི་གྲངས་ ༤༠ ཙམ་གྱིས་འཕགས་བོད་ས་མཚམས་ཆུ་དྭངས་མོ་ནས་རྗེས་དྲན་གོམ་བགྲོད་དབུ་འཛུགས་གནང་སྟེ། དེ་སྔོན་༧གོང་ས་མཆོག་ཆིབས་བསྒྱུར་མཛད་ཡུལ་རླུང་ལ་དང་རྟ་དབང་། བྱང་སྡེ་རང་། འབུམ་སྡེ་ལ། དེ་བཞིན་སེང་གེ་རྫོང་སོགས་སུ་གོམ་བགྲོད་གནང་ཡོད་པ་མ་ཟད། ས་གནས་སོ་སོར་མང་ཚོགས་རྣམས་ལ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་རྣམ་ངོ་སྤྲོད་དང་སྐུ་པར་འགྲེམས་སྤེལ། དེ་བཞིན་དགོན་སྡེ་ཁག་ལ་ཆོས་ཕྱོགས་ཀྱི་ལས་དོན་སོགས་སྤེལ་ཏེ། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ཨ་སམ་མངའ་སྡེའི་གྲོང་ཁྱེར་ཏེ་ཛི་པུར་དྷེ་རེན(Darrang)མཐོ་རིམ་སློབ་གཉེར་ཁང་དུ་གོམ་བགྲོད་ལེགས་པར་མཇུག་བསྡུས་ཡོད་པ་དང་། སྤྱི་ལོ་ ༢༠༡༨ ཟླ་བ་ ༣ ཚེས་ ༣༠ ཞོགས་པའི་ཆུ་ཚོད་༩:༣༥ ཐོག་མོན་རྟ་དབང་དགོན་གྱི་མཁན་ཟུར་གུ་རུ་སྤྲུལ་སྐུ་རིན་པོ་ཆེ་མཆོག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ཁིར་མེ་(RK Khirmey)་ལགས་རྣམ་གཉིས་ཀྱིས་སྣེ་ཁྲིད་པའི་ཨ་རུ་ནཱ་ཅལ་གྱི་རྗེས་དྲན་གོམ་བགྲོད་པ་རྣམས་བཞུགས་སྒར་དྷ་རམ་ས་ལར་འབྱོར་སོང་བར། བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་རྡ་སའི་མི་མང་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང་། དམིགས་བསལ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་སྟེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བེུད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅསཁག་ལྔས་བཞུགས་སྒར་དུ་ཕེབས་པའི་གོམ་བགྲོད་པ་རྣམས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་ལས་ཁུངས་སུ་གདན་ཞུས་ཀྱིས་གསོལ་ཇ་དང་ཞལ་ཏོག་སོགས་དང་བཅས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་དང་། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ནས་གོམ་བགྲོད་པ་རྣམས་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཡང་ཞུས་ཡོད་པ་རེད།