ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཚོགས་པའི་བྱང་ཨ་རིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༨ པ་གྲོལ་རྗེས་སྤྱི་ལོ་ ༢༠༡༨ ཟླ་བ་ ༦ ཚེས་ ༢༥ ཉིན་ནིའུ་ཡོག་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། སན་ཧྥེ་རན་སི་ཀོ་ས་གནས་གཞོན་ནུ། ཝི་སི་ཁོན་སི་ས་གནས་གཞོན་ནུ། མི་ནི་སོ་ཊ་ས་གནས་གཞོན་ནུ། ཌི་སི་ས་གནས་གཞོན་ནུ་བཅས་ཀྱི་སྐུ་ཚབ་ཚོགས་བཅར་བ་ཚོས་ཨ་རིའི་རྒྱལ་ས་ཌི་སིའི་ནང་ཡོད་པའི་ཁྲིམས་བཟོ་ལས་ཁུངས་སོགས་མཐོ་རིམ་ལས་ཁུངས་ཁག་ལ་ཆེད་བཅར་ཞུས་ཏེ་རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གདལ་བཤིགས་གཏོང་བཞིན་པ་སོགས་ཀྱི་གནས་སྟངས་ལ་ཨ་རིའི་གཞུང་ནས་འགན་ཁུར་ཆེ་བཞེས་ཀྱིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པ་དང་། བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་རྒྱལ་ཁབ་གཅིག་ཡིན་པ་ཁས་ལེན་དགོས་པ་སོགས་ཀྱི་ཞུ་གཏུགས་ཡིག་ངག་གཉིས་ཐོག་ནས་ཕུལ་ཡོད་པ་རེད།