དེ་ཡང་ལྕམ་ལི་ན་རོ་སི་(LleanaRosLehtinen) མཆོག་དང་ལྕམ་ཁ་ལོ་ཌི་ཡ་ཀྲེ་ནི་(Claudia Tenny) མཆོག་གིས་དབུ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མིའི་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་བ་དང་སྟབས་བསྟུན། དབུས་བོད་མིའི་སྒྲིག་འཛུགས་ནས་སྤྱི་ལོ་ ༢༠༡༨ ཟླ་བ་ ༤ ཚེས་ ༤ ཉིན་གངས་སྐྱིད་ཚོགས་ཁང་དུ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག དགོན་སྡེ་ཁག་བཅས་ཀྱི་སྐུ་ཚབ། དེ་བཞིན་སློབ་ཕྲུག་བཅས་ནས་ཕེབས་བསུ་དང་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་དང་། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་དང་། སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས། སྤྱི་ཚོགས་ཞབས་ཞུའི་འགན་འཛིན་བཀྲིས་རྟགས་རྒྱས་ལགས་བཅས་ཆེད་བཅར་གྱིས་སྐུ་ཚབ་རྣམ་པ་ཚོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོ་སྤྲོད་དེབ་ཆུང་དང་། བོད་མིའི་རང་ལུས་མེར་བསྲེགས་ལས་འགུལ་དང་འབྲེལ་བའི་དཔེ་དེབ་བཅས་ཕུལ་ཏེ་འཚམས་འདྲི་ཞུས་ཡོད་པ་མ་ཟད། བོད་ཀྱི་གནད་དོན་ལ་སྔར་རྒྱུན་བཞིན་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད།