༄༅། །ཕྱི་ལོ་ ༡༩༩༨ ཟླ་ ༨ ཚེས་ ༢༧ ཉིན་བོད་ཀྱི་གཞོན་ནུའི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་སྩལ་བའི་བཀའ་སློབ།

ཀ༽ གཞོན་ནུའི་གྲུབ་འབྲས་དང་། བསྒྲུབ་བྱའི་དམིགས་ཡུལ།

སྡེ་ཚན་འདྲ་མིན་ཡོད་པ་ལྟར་དེ་རིང་གཞོན་ནུའི་སྒྲིག་འཛུགས་ཀྱི་ཚོགས་འདུའི་སར་སྐུ་མགྲོན་ཡང་མང་པོ་ཕེབས་ཡོད་པ་ཚང་མར་ཞུ་རྒྱུ་ལ། ང་ཚོ་དུས་ཚོད་ཁག་པོ་ཞིག་གི་འོག་ལ་གཞིས་བྱེས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ནས་སོ་སོའི་མཇིང་པའི་སྒང་ལ་འཁྲི་བའི་ལས་འགན་རེ་རེ་འཁུར་ཡོད། ཐུབ་དང་མི་ཐུབ་གནས་ཚུལ་ཐ་དད་རེད། གང་ཐུབ་ཚང་མས་འབད་བརྩོན་བྱེད་ཀྱི་ཡོད། གཞོན་ནུའི་སྒྲིག་འཛུགས་འདིའི་ངོས་ནས་ཀྱང་ད་ཕན་ལྷག་བསམ་རྣམ་དག་དང༌། གང་ཡོང་ཅི་ཡོང་གིས་ནུས་པ་བཏོན་ཡོད། ད་ལམ་ཚོགས་འདུ་འདིའི་སར་ཁྱེད་རང་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྔོན་ལ་ཁྱེད་རང་ཚོ་གཟེངས་རྟགས་ཐོབ་མཁན་དོ་བདག་ངོ་མ་ཁ་ཤས་སླེབས་ཡོད་པ་ཁྱེད་རང་ཚོར་གཟེངས་རྟགས་ཐོབ་པ་ཧ་ཅང་ཡག་པོ་རེད། ལོ་མང་གི་རིང་སོ་སོའི་སྐབས་བབས་ཐུབ་ཚོད་ཀྱི་ལས་ཀར་དོ་སྣང་བྱས་ནས་བོད་སྤྱི་པའི་དོན་དག་ལ་སྨིན་པའི་ཞབས་འདེགས་ངོ་སོ་ཐོན་པ་བྱུང་བར་བརྟེན་གཟེངས་རྟགས་འདི་ཐོབ་པ་རེད། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གོང་དུ་བཀའ་བློན་དང༌། ཚོགས་གཙོ་གཉིས་ནས་གནས་ཚུལ་ཞིབ་ཆ་གསུང་མདོག་ཁ་པོ་རེད་བསམས་བྱུང་ཡང༌། ཆར་པས་རྐྱེན་པས་བཀའ་བློན་གྱི་བཀའ་མོལ་ཆ་ཚང་གོ་མ་སོང༌། ཚོགས་གཙོ་རིན་པོ་ཆེ་ནས་ཡི་གེ་དེ་དག་ཐོན་གནང་བ་ལས། དེ་མིན་བཀའ་མོལ་གང་ཡང་བྱུང་མ་སོང༌། ང་ལ་དམིགས་བསལ་སྐད་ཆ་གསར་པ་ཤོད་རྒྱུ་གང་ཡང་མེད།
ཚང་མས་མཁྱེན་གསལ་རེད། གཞོན་ནུའི་སྒྲིག་འཛུགས་འདིས་ད་ལྟ་བར་དུ་ལས་ཀ་འཆར་ཅན་དང༌། འགྲིགས་ཙམ་འགྲིགས་ཙམ་དུ་མ་བསྡད་པར་ལོ་རེ་བཞིན་གོ་སྐབས་ནམ་བྱུང་ལ་ཕྱོགས་གང་སར་ཨུ་ཚུགས་བརྒྱབ་སྟེ་འབད་བརྩོན་བྱེད་མཁན་ཞིག་མཐོང་གི་འདུག དེ་ཧ་ཅང་ཡག་པོ་རེད། དམིགས་ཡུལ་ཞིག་བསྒྲུབ་རྒྱུའི་དོན་དག་ལ་འབད་བརྩོན་མུ་མཐུད་བྱེད་དགོས། འགོ་འཛུགས་སྐབས་དྲིལ་བསྒྲགས་ལྟ་བུ་གང་རྒྱས་བྱས་པ་ཙམ་གྱིས་ལས་དོན་ཚང་མ་ལམ་སེང་འགྲུབ་རྒྱུ་མེད་པ་ཤེས་གསལ་ལྟར། འཆར་ཅན་ལྟ་བུ་དང༌། འགྲིགས་ཙམ་གྱིས་ཆོག་ཤེས་བྱེད་མཁན་དེ་འདྲ་མང་པོ་ཡོང་གི་ཡོད། གཞུང་གི་ལས་ཁུངས་ནང་ལ་ཡིན་ཡང་རུང༌། གཞིས་ཆགས་ཁག་གི་ནང་ལ་ཡིན་ཡང་རུང༌། གང་སར་ཡོང་གི་ཡོད། རྩ་བའི་ལྷག་བསམ་མ་འདང་བ་མིན་ན་ཡང༌། མིའི་གཤིས་ཀ་ལྟ་བུ་ཡིན་གྱི་རེད། གང་ལྟར་གོ་སྐབས་ནམ་བྱུང་ལ་ཨུ་ཚུགས་བརྒྱབ་ནས་འབད་བརྩོན་བྱེད་རྒྱུ་མ་འདང་བའི་སྐྱོན་གཅིག་ང་ཚོའི་ལས་རིགས་མང་པོའི་ནང་ཡོང་གི་འདུག ཆོས་སྡེ་ཁག་གི་ནང་ལ་ཡང་ཡོང་གི་ཡོད། དེ་ནི་ང་ཚོ་གཅིག་པོ་མིན་པར་འཛམ་གླིང་གང་སར་མཐོང་རྒྱུ་ཡོད། གཞོན་ནུའི་སྒྲིག་འཛུགས་ཀྱི་བྱེད་སྟངས་ད་ལྟ་བར་དུ་སྐབས་རེ་ཐལ་དྲགས་པའི་སྐྱོན་མེད་ན་ཡང༌། གང་ཅིའི་ཆ་ནས་ཕྱོགས་གང་སར་ཨུ་ཚུགས་རྒྱག་མཁན་ཞིག་མཐོང་སོང་བས་ཁྱེད་རང་ཚོར་ཐུགས་རྗེ་ཆེ་ཟེར་གྱི་ཡིན།
ང་ཚོ་བོད་པའི་འཐབ་རྩོད་འདི་མི་ཐོག་གཅིག་གི་དོན་དག་མིན། དཔེར་ན། ༸རྒྱལ་བ་རིན་པོ་ཆེ་དང༌། ༸རྒྱལ་བ་རིན་པོ་ཆེས་འགོ་འཁྲིད་པའི་སྒྲིག་འཛུགས་འདིའི་ཆེད་དུ་ཡང་མིན། ང་ཚོས་ཆོས་ལྡན་མི་རིགས་གཅིག་གི་དོན་དུ་འཐབ་རྩོད་བྱེད་ཀྱི་ཡོད་པར་མ་ཟད། དེ་ཡང་རང་རྒྱལ་གཞན་ཕམ་དང༌། ཆགས་སྡང་གི་འཐབ་རྩོད་བྱེད་པ་ཞིག་ཀྱང་མིན། ང་ཚོའི་འཐབ་རྩོད་འདི་ནི་བདེན་དོན་ཡིན་པ་དང༌། རྒྱུ་མཚན་ལྡན་པའི་འཐབ་རྩོད་ཅིག་ཡིན། དེ་ཡང་ས་ཡ་དྲུག་ཡོད་པའི་བོད་མི་རིགས་གཅིག་པུའི་ཁེ་ཕན་ཙམ་མ་ཡིན་པར་འཛམ་གླིང་ས་ཁུལ་གང་སར་ཡོད་པ་བོད་ཀྱི་ཆོས་དང་རིག་གཞུང་ཉམས་ལེན་བྱེད་མཁན་ཉུང་མཐར་མི་ས་ཡ་བཅུ་གསུམ་བཅུ་བཞི་སྐོར་གྱི་ཁེ་ཕན་དང་འབྲེལ་བ་ཡོད།
དེ་ཙམ་དུ་མ་ཟད་སྔོན་ཆད་བོད་ཀྱི་ནང་ཆོས་ཀྱིས་ཆེན་པོ་རྒྱ་ནག་གི་ཡུལ་ལ་ཕན་ཆེན་པོ་བཏགས་ཡོད་པ་ལྟར། མ་འོངས་པར་ཡང་དེ་བཞིན་ཕན་འདོགས་ཐུབ་ངེས་ཡིན། ད་དུང་རྒྱ་ཆེ་ཙམ་བཤད་ན། དེང་སང་འཛམ་གླིང་སྤྱི་ཡོངས་ས་ཁུལ་གང་སར་དཀའ་ངལ་མང་པོ་ཡོང་གི་ཡོད། མི་ཚང་མས་སྐབས་བབས་དཀའ་ངལ་སེལ་ཐབས་ཀྱང་བྱེད་ཀྱི་ཡོད། དཀའ་ངལ་དེ་དག་གི་འབྱུང་ཁུངས་རྩ་བ་དེ་གང་ཡིན་ཟེར་ན། རང་ཉིད་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་ལྟར་གཞན་དག་རྣམས་ཀྱང་འདོད་ཚུལ་དེ་གཅིག་གྱུར་ཡིན་པའི་ངོས་འཛིན་མ་ཐུབ་པ་དང༌། ཡ་རབས་དང་གཞན་ཕན་ལྷག་བསམ་གྱིས་མ་འདང་བའི་རྐྱེན་གྱིས་དཀའ་ངལ་མང་པོ་ཡོང་གི་ཡོད་པ་ཚང་མས་མཐོང་ཆོས་རེད། གནས་ཚུལ་དེའི་ཐོག་ལ་ང་ཚོའི་བོད་ཀྱི་ཆོས་དང་རིག་གཞུང༌། ལྟ་བ་དང་སྤྱོད་པའི་ཐོག་ནས་ཕན་ཐོགས་ཡོང་རྒྱུར་འབྲེལ་བ་ཡོད་པ་ཞིག་རེད། དེ་འདྲའི་གནས་ཚུལ་དང་འབྲེལ་བའི་བོད་དོན་གྱི་འཐབ་རྩོད་འདི་རྒྱུ་མཚན་ལྡན་པ་དང༌། བདེན་དོན་ཡིན་པ། མ་འོངས་པར་མི་མང་པོའི་མདུན་ལམ་དང་འབྲེལ་བ་ཡོད་པའི་གནས་ཚུལ་འདི་དག་མཐོང་རྗེས་རྒྱ་མི་རིགས་ཀྱི་ནང་ནས་ཀྱང་བོད་དོན་ཐོག་ཤ་ཚ་དང༌། རྒྱབ་སྐྱོར་བྱེད་མཁན་རིམ་པས་ཇེ་མང་དུ་འགྲོ་བཞིན་ཡོད། ང་ཚོས་འབད་བརྩོན་དང་འཐབ་རྩོད་བྱེད་པ་འདི་རང་རྒྱལ་གཞན་ཕམ་གྱི་བྱ་བ་མ་ཡིན་པར། འགྲོ་བ་མིའི་རིགས་རྒྱ་ཆེན་པོ་ཞིག་ལ་ཕན་ཐོགས་ཡོད་པའི་གནས་ཚུལ་ཞིག་ཆགས་ཡོད།

ཁ༽ མི་རབས་གསར་རྙིང་དང་། རྒྱུད་མཐུད་ཀྱི་འཐབ་རྩོད།

ད་ཆ་ང་ཚོའི་མི་ཐོག་བརྗེས་འགྲོ་གི་ཡོད། དཔེར་ན། ཐོག་མར་རྒྱ་མི་བོད་ལ་ཡོང་བའི་སྐབས་སུ་གདོང་ལེན་བྱས་ཏེ་དཀའ་ལས་རྒྱག་མཁན་གྱི་མི་རྣམས་ཧ་ལམ་རྫོགས་ཚར་བ་རེད། ང་ཚོའི་གཞིས་ཆགས་ལ་ཆ་བཞག་ན། སྦེལ་ཀོབ་གཞིས་ཆགས་ཐོག་མར་ཚུགས་དུས་དཀའ་ལས་རྒྱག་མཁན་ཤིང་ནགས་གཅོད་བྲེགས་དང༌། གླང་ཆེན་ལ་གདོང་ལེན་བྱེད་མཁན་གྱི་མི་དེ་དག་དེང་སང་གཞིས་ཆགས་ནང་མང་པོ་མཐོང་རྒྱུ་མི་འདུག བོད་ནང་ལ་ཆ་བཞག་ནའང་དེ་བཞིན་བྱས་ནས་མི་ཐོག་བརྗེས་འགྲོ་གི་ཡོད།
ང་རང་སྒེར་གྱི་ངོས་ནས་བཤད་ན། ང་ཐོག་མར་རྒྱ་གར་ལ་ཡོང་དུས་མི་ཕོ་གསར་ལོ་ཉི་ཤུ་རྩ་ལྔ་ཙམ་ཡིན་པ་དེ་ད་ཆ་ལོ་དྲུག་ཅུ་རེ་བཞིའི་སྒང་ལ་སླེབས་ཡོད། ཡིན་ན་ཡང་ང་ཚོའི་འཐབ་རྩོད་འདི་ཆོས་ལྡན་མི་རིགས་གཅིག་གི་གནད་དོན་དང༌། བདེན་དོན་ཡང་དག་པ་ཞིག་ཡིན་པར་བརྟེན། མི་རྒན་པ་རྫོགས་ཀྱིན་རྫོགས་ཀྱིན་གཞོན་པས་མཇུག་མཐུད་ཀྱིན་མཐུད་ཀྱིན་མཇུག་སྐྱོང་བྱེད་དགོས་པ་ཞིག་ཡིན།
བོད་ནང་ལ་ཡང་དེང་སང་རྒྱ་མིའི་ལས་བྱེད་པ་ལ་བསུན་པོ་བཟོ་མཁན་མང་ཆེ་བ་གཞོན་སྐྱེས་ནང་ནས་ཡོང་གི་ཡོད། ཁོང་ཚོ་མང་པོ་ཞིག་ལྔ་བཅུ་ང་དགུའི་རྗེས་ལ་སྐྱེས་པ་ཡིན་ན་ཡང༌། སྤྱི་པའི་ལས་འགན་མི་ཐོག་གཞོན་པས་མུ་མཐུད་ནས་ཁུར་ལེན་བྱེད་ཀྱི་ཡོད། སྤྱིར་བཏང་འཛམ་གླིང་གང་སར་འགྲོ་སྟངས་གཅིག་གྱུར་རེད། ཡང་སྒོས་ང་ཚོ་བོད་པས་སྒྲུབ་པའི་བསྒྲུབ་བྱ་རྣམས་མི་ཐོག་རྒན་པས་ལས་འགོ་བཙུགས་ཏེ་ད་ལྟ་བསྒྲུབ་རྒྱུར་བསྡད་པའི་ལས་འགན་རྣམས་མི་ཐོག་གཞོན་པས་མཇུག་སྐྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
སྤྱིར་བཏང་གཞོན་ནུའི་སྒྲིག་འཛུགས་ཁུངས་སུ་ཡོད་མིན་ལ་མ་ལྟོས་པར་གཞོན་ནུ་ཚང་མ་ཡག་ཐག་ཆོད་རེད། རྒྱ་གར་དང༌། འབྲུག བལ་ཡུལ་ནང་ལ་ཡོད་པ། སུད་སི་དང༌། ཨ་རི་སོགས་ཕྱི་རྒྱལ་ཁུལ་ཁག་ཏུ་ཡོད་པའི་གཞོན་ནུ་ཕལ་མོ་ཆེ་དངོས་གནས་དྲང་གནས་སེམས་ཤུགས་ཡོད་པ། སོ་སོའི་བོད་མི་རིགས་ཀྱི་ལྟ་བ་ཡོད་པ་ཧ་ཅང་ཡག་པོ་རེད། ལྷག་པར་གཞོན་ནུའི་སྒྲིག་འཛུགས་ཀྱི་ངོས་ནས་ད་ལྟ་བར་ཧུར་ཐག་འབད་ཐག་བྱས་པ་ཧ་ཅང་ཡག་པོ་རེད། ད་དུང་སེམས་ཤུགས་མ་ཆག་པར་འབད་བརྩོན་མུ་མཐུད་བྱེད་དགོས།
བོད་མི་ཁ་ཤས་ཀྱིས་༸རྒྱལ་བ་རིན་པོ་ཆེའི་སྐུ་དུས་ལ་བདེན་མཐའ་གསལ་ན་གསལ་བ་རེད། དེ་མིན་རེ་བ་ཡོད་པ་མ་རེད་ཟེར་བ་དེ་གླེན་པའི་སྐད་ཆ་དང་། གཏི་ཐུག་གི་སྐད་ཆ་རེད། རྒྱུ་མཚན་མང་པོར་བལྟས་ནས་བསམ་བློ་བཏང་ན། ང་རང་གི་མི་ཐོག་འདིའི་སྒང་ལ་འགྱུར་བ་འགྲོ་གི་རེད་བསམ་པའི་ཡིད་ཆེས་ཡོད། མི་ཚེ་འདི་ཙམ་དུ་མ་ཟད། ལོ་ཤས་ནང་འགྱུར་བ་འགྲོ་རྒྱུའི་རེ་བ་མེད་པ་མིན། ཅི་སྟེ་ངེས་མེད་ང་ཚོའི་མི་ཐོག་འདི་རྫོགས་ན་ཡང་བོད་པའི་གནས་ཚུལ་འདི་མུ་མཐུད་ནས་འཐབ་རྩོད་བྱེད་དགོས་པ་ལས། འདི་མཚམས་འཇོག་བྱེད་རྒྱུ་ཞིག་གཏན་ནས་མིན། བོད་པའི་གནས་ཚུལ་འདི་༸རྒྱལ་བ་རིན་པོ་ཆེ་མི་གཅིག་ལ་རག་ལས་པ་ལྟ་བུའི་བསམ་བློ་རྩ་བ་ནས་གཏོང་རྒྱུ་མེད། དེ་ནི་ཡོངས་སུ་ནོར་འཁྲུལ་རེད།
ངས་རྣམ་ཀུན་ཕྱི་རྒྱལ་ཚགས་པར་འགོད་མཁན་ཚོར་ཤོད་ཀྱི་ཡོད། མི་མང་པོ་ཞིག་གིས་བོད་དོན་ཐོག་༸རྒྱལ་བ་རིན་པོ་ཆེ་ཡོད་ན་ཡོད་པ་དང༌། མེད་ན་མེད་པ་ལྟ་བུ་མཐོང་བ་དེ་རྩ་བ་ཉིད་ནས་མ་རེད། དཔེར་ན། བོད་མི་རིགས་ཀྱི་རྒྱལ་རབས་ལོ་རྒྱུས་ནང་ལོ་ཉིས་སྟོང་སྐོར་དང༌། བོན་གཞུང་གི་ཐོག་ནས་ལོ་བཞི་སྟོང་སྐོར་ཕྱིན་པ་ཤོད་ཀྱི་ཡོད། ས་འོག་ནས་ཐོན་པའི་གནའ་རྫས་ཀྱི་ཐོག་ནས་བཤད་ན་ལོ་དྲུག་སྟོང་བརྒྱད་སྟོང་སྐོར་ཤོད་ཀྱི་ཡོད།
ཏཱ་ལའི་བླ་མ་བྱུང་ནས་ལོ་དྲུག་བརྒྱ་ཙམ་དང༌། ༸གོང་ས་ལྔ་པ་ཆེན་པོ་ནས་བརྩིས་ན་ལོ་སུམ་བརྒྱ་ལྷག་ཙམ་ལས་འགྲོ་གི་མེད། ང་རང་ཚོས་མི་རིགས་གཅིག་གི་དོན་དུ་ལས་ཀ་བྱེད་ཀྱི་ཡོད་པ་ལས་གཞུང་གཅིག་དང༌། ཚོགས་པ་གཅིག ཡང་ན་མི་ཁ་ཤས་ཀྱི་དོན་དུ་ལས་ཀ་བྱེད་ཀྱི་མེད། དེ་ནི་རྒྱུ་མཚན་ལྡན་པ་རེད། ངས་རང་རྒྱལ་གཞན་ཕམ་གྱི་བསམ་བློ་མེད་ཟེར་བ་འདི་བདེན་པ་ཡིན་བསམ་གྱི་ཡོད། རྒྱ་ལ་ཡང་སྐྱིད་པ་དང༌། བོད་ལ་ཡང་སྐྱིད་པ་ཞིག་དགོས་པ་ལས། ང་ཚོས་བོད་རྒྱལ་རྒྱ་ཕམ་ཞེས་བརྗོད་ཀྱི་མེད། ང་ཚོས་བོད་དོན་འཐབ་རྩོད་བྱེད་སྟངས་འདི་སུ་ལ་ཤོད་དགོས་བྱུང་རུང༌། སུ་ལ་གདོང་སྟོན་དགོས་བྱུང་རུང༌། ཕྱི་ནང་མདོ་སྦུག་གཉིས་ཤོད་དགོས་དོན་རྩ་བ་ཉིད་ནས་མེད། བསམ་པ་རྣམ་དག་བྱེད་ཀྱི་ཡོད། དེ་ལྟ་བུའི་བདེན་དོན་གཅིག་དང༌། རྒྱུ་མཚན་ལྡན་པའི་བྱ་བ་རླབས་ཆེན་པོ་ཞིག་ང་ཚོས་བྱེད་ཀྱི་ཡོད་པར་བརྟེན། ཁྱེད་རང་ཚོ་མི་ཐོག་གཞོན་སྐྱེས་ཚོས་མཇུག་ཡག་པོ་མཐུད་ཐུབ་པ་བྱེད་དགོས། ད་ལྟ་ཕན་ལ་ཡག་ཐག་ཆོད་ཡིན། ད་དུང་ཡང་ཁྱེད་རང་ཚོས་ཧུར་སྐྱེད་བྱེད་རོགས་ཟེར་རྒྱུ་ཡིན།

ག༽ སྙིང་སྟོབས་ཉམས་མེད་དང་། བདེན་དོན་གྱི་གཟི་བརྗིད།

སྤྱིར་བཏང་གཞོན་སྐྱེས་སུ་དང་སུ་ཡིན་ན་ཡང་སྐབས་རེ་འགོ་སྟོད་སེམས་ཤུགས་ཆེན་པོ་ཡོད་ནའང་རྐྱེན་ཕྲན་བུ་ཞིག་འཕྲད་པ་དང་མེའི་སྒང་ལ་ཆུ་བཤོས་པ་ལྟར་ལམ་སང་སེམས་ཤུགས་ཆག་པ་ཞིག་ཡོང་གི་ཡོད་པས་དེ་འདྲ་བྱེད་མི་རུང༌། སེམས་ཤུགས་མུ་མཐུད་ནས་འཕེལ་ཐུབ་པ་དང༌། སེམས་ཤུགས་ཀྱིས་རྒྱུད་ཕྱུག་པ་ཞིག་བྱས་ནས་ཨུ་ཚུགས་མཐར་སྐྱེལ་བྱ་རྒྱུ་གལ་ཆེན་པོ་རེད། དེ་ཡང་ཆགས་སྡང་དབང་གི་སེམས་ཤུགས་དེ་བརྟན་པོ་མིན། བདེན་པ་དང་རྒྱུ་མཚན་ལྡན་པའི་ཐོག་ནས་སྐྱེས་པའི་སེམས་ཤུགས་དེ་ཆག་གི་མ་རེད། དེ་ནི་རང་གཞན་ཚང་མར་ཕན་པ་འབའ་ཞིག་སྒྲུབ་འདོད་ཀྱི་སེམས་ཤུགས་ལས་གནོད་པའི་རང་བཞིན་གྱི་སེམས་ཤུགས་མིན་པས། ལྷག་བསམ་དང་ཕན་སེམས་ཟེར་བ་འདི་གལ་ཆེན་པོ་རེད།
བོད་པའི་ཆོས་དང་རིག་གཞུང་གི་ཁྱད་ཆོས་རིན་ཐང་བྲལ་བའི་ནོར་བུ་ལྟ་བུའི་རྩ་བ་བསམ་པ་བཟང་པོ་དང༌། ཕན་སེམས་བྱེད་རྒྱུ་འདི་དག་ལ་ཐུག་ཡོད། འདི་ནི་ཤིན་ཏུ་གལ་ཆེན་པོ་ཡིན། ཆོས་ལ་ཡིད་ཆེས་ཡོད་མེད་དང༌། ཆོས་དད་གང་ཞིག་ལ་བྱེད་ཀྱི་ཡོད་མེད་ཇི་ལྟར་ཡང༌། མདོ་དོན་ཡང་སྙིང་མི་བཟང་པོ་ཞིག་དང༌། མི་ཡག་པོ། སྤྱི་ཚོགས་ནང་ཕན་བདེ་སྒྲུབ་མཁན་ཞིག་དང༌། ང་ཚོའི་ཕ་མེས་ནས་འདི་འདྲའི་སྲོལ་བཟང་པོ་ཞིག་ང་ཚོའི་ལག་པར་བཞག་ཡོད་པ་འདི་ང་ཚོས་བདག་པོ་བརྒྱབ་སྟེ་མི་ཐོག་ནས་མི་ཐོག་མཇུག་སྐྱོང་མུ་མཐུད་བྱེད་དགོས་ཀྱི་འདུག དེ་དང་ཆབས་ཅིག་ལེགས་ཉེས་འབྱེད་ཐུབ་པའི་རྣམ་དཔྱོད་ཀྱང་ཡོད་དགོས། མི་ལ་རང་བཞིན་ལྷན་སྐྱེས་ཀྱི་རྣམ་དཔྱོད་ཡོད་པའི་ཐོག་ལ། རྣམ་དཔྱོད་ཀྱི་སྒོ་འབྱེད་ལྟ་བུར་དེང་དུས་ཀྱི་ཤེས་ཡོན་དང༌། བོད་རང་ཉིད་ཀྱི་གནའ་རབས་ཀྱི་ཤེས་ཡོན་དེ་དག་བྱང་ཆུབ་པའི་སྒོ་ནས་ལྷག་བསམ་དང་ཤེས་ཡོན་ཟུང་དུ་འབྲེལ་བ་ཞིག་བྱུང་ན། ང་ཚོ་བོད་པ་ཟེར་བ་འདི་སུ་གཅིག་གིས་ཀྱང་གླགས་མི་འཁེལ་བ་ཞིག་ཡོང་གི་རེད། བདེན་པའི་སྐད་ཆ་ཤོད་དུས་མི་གྲངས་མང་ཉུང་དང༌། དཔུང་སུ་རྒོད་ཀྱི་སྐད་ཆ་མིན།
འདས་པའི་མི་ལོ་སྟོང་ཕྲག་གི་ལོ་རྒྱུས་ལ་བལྟས་ན། ང་ཚོ་བོད་མི་རིགས་ལ་ཐུན་མོང་མ་ཡིན་པའི་འབུར་དུ་དོད་པའི་རིག་གཞུང་དང་སྐད་ཡིག་ཅིག་ཡོད་ལ། མི་འབོར་ལ་མཚོན་ནའང་། སྔར་ཆོས་རྒྱལ་རྣམས་ཀྱི་སྐུ་དུས་སུ་མི་གྲངས་ས་ཡ་བཅུ་གྲངས་ཡོད་ཚོད་ཀྱང་བར་སྐབས་ཇེ་ཉུང་དུ་ཕྱིན་ཏེ་དེང་སྐབས་ས་ཡ་དྲུག་བདུན་སྐོར་ཞིག་ཡོད། ཕྱོགས་གཅིག་ལ་རྒྱ་གར་དང༌། ཕྱོགས་གཞན་ཞིག་ལ་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་བར་དུ་དུས་རབས་བརྒྱ་ཕྲག་མང་པོའི་རིང་མཐུན་རྐྱེན་མ་འཛོམས་པའི་མི་གྲངས་ཉུང་ཉུང་ཞིག་གིས་སོ་སོའི་འབུར་དོད་ཀྱི་རིག་གཞུང་ཟིན་ནས་འཚོ་གནས་བྱས་པ་རེད། གཅིག་བྱས་ན་འགྲིམ་འགྲུལ་གྱི་ཆ་ནས་ཀྱང་ཡིན་སྲིད། ཁམས་པ་ཁ་ཤས་ཀྱིས་ཁམས་དང་རྒྱ་ནག་ས་འདྲེས་ཡིན་ན་ཡང༌། ང་ཚོའི་མི་རབས་ནས་མི་རབས་བར་སོ་སོའི་ལྟ་བ་དང༌། སོ་སོའི་མི་རིགས་ཀྱི་གོམས་གཤིས་རྣམས་རྒྱུན་འཛིན་བྱས་ནས་བསྡད་ཡོད་ཅེས་བརྗོད་ཀྱི་འདུག་པ་བདེན་པ་རེད། ང་ཚོ་རིག་གཞུང་ལ་ནུས་པ་ཆེན་པོ་ཡོད་པའི་རྐྱེན་གྱིས་རྒྱལ་ཁབ་ཆེན་པོ་དེ་གཉིས་ཀྱི་བར་དུ་སོ་སོའི་རིག་གཞུང་ཟིན་ནས་འཚོ་གནས་ཐུབ་པ་རེད། རིག་གཞུང་གི་གཞི་རྩ་མེད་པ་ཞིག་ཡིན་ན་ཕྱོགས་གང་ཞིག་ནས་རིག་གཞུང་ངམ། གོམས་སྲོལ་མི་འདྲ་བ་ཤུགས་རྐྱེན་ཞིག་སླེབས་ན་རང་ཚུགས་འཛིན་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། འོན་ཀྱང་ང་ཚོ་ད་བར་དེ་འདྲ་བྱས་ནས་བསྡད་ཐུབ་པ་རེད།
བར་སྐབས་ཉེ་རབས་ཀྱི་ལོ་རྒྱུས་ལ་བལྟས་ན་ཡང༌། བོད་གངས་ཅན་ཡོངས་རྫོགས་རྒྱ་མིའི་དབང་འོག་ལ་ཚུད་ཀྱང་སོ་སོའི་ལྟ་བ་དང༌། སྤྱོད་པ་རྣམས་རྒྱ་མིས་བསྒྱུར་བཅོས་གཏོང་ཐུབ་མེད། དེ་ནི་སོ་སོའི་རིག་གཞུང་ལ་ནུས་པ་དང་ལྗིད་ཁོག་ཡོད་པའི་རྟགས་མཚན་རེད། ང་ཚོ་བོད་པར་སོ་སོའི་རིག་གཞུང་དང༌། བཟང་པོའི་ཁྱད་ཆོས་ཡོད་པ་འདི་དག་མ་བརྗེད་པ་བྱས་ནས་འཛིན་དགོས། འདི་ནི་ང་ཚོའི་སྟོབས་ཤུགས་རེད། བདེན་པའི་ནུས་པ་གཙོ་བོ་ཡང་འདིའི་ཐོག་ནས་ཐོན་གྱི་ཡོད། ལྷག་བསམ་དང་ཤེས་ཡོན་ཟུང་དུ་འབྲེལ་རྒྱུ་གལ་ཆེན་པོ་རེད། མ་གཞི་ངས་རྟག་པར་བཤད་སྟབས་ཁྱེད་རང་ཚོ་བསུན་གྱི་ཡོད་ཤས་ཆེ། ༸རྒྱལ་བ་རིན་པོ་ཆེའི་ཁ་ནས་ཡ་རབས་དང་ཡ་རབས་ལས་བརྗོད་རྒྱུ་མི་འདུག་བསམ་སྲིད་ཀྱང༌། ངོས་ནས་དེ་དག་མུ་མཐུད་ནས་ཤོད་ཀྱི་རེད། བོད་བསྟན་སྲིད་ཀྱི་དོན་དག་སྐོར་གཅིག་བྱས་ན་ལོ་དུས་ངེས་ཅན་གྱི་མཚམས་ལ་སླེབས་དུས་ངས་ཤོད་ཀྱི་མ་རེད། ངའི་ལས་འགན་འཁྱུར་བ་རེད། མི་བཟང་པོ་བྱེད་དགོས། མི་ཡ་རབས་བྱེད་དགོས་ཟེར་བ་འདི་ང་མ་ཤི་བར་དུ་ཤོད་ཀྱི་རེད། ཚེ་འདི་ཙམ་དུ་མ་ཟད། ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་དུ་ངས་ཤོད་ཀྱི་རེད། གང་ཡིན་ཟེར་ན་འདི་ལ་དགོས་པ་དང་དགེ་མཚན་ཆེན་པོ་ཡོད།

ང༽ གཉིས་སྨན་གྱི་ལམ་བུ་དང་། གཞོན་ནུའི་ལངས་ཕྱོགས།

བོད་དོན་སྐོར་ལ་ང་ཚོ་བསམ་ཚུལ་ཐ་དད་རེད། གཞོན་ནུ་ཁྱེད་རང་ཚོས་མཐའ་གཅིག་ཏུ་རང་བཙན་གཙང་མ་དགོས་ཞེས་ཨུ་ཚུགས་རྒྱག་གི་ཡོད། རང་བཙན་གང་འདྲ་བྱས་ནས་སྒྲུབ་དགོས་སམ་ཞེ་ན། ལམ་སེང་ཐབས་ཤེས་ལམ་སྟོན་མིག་ཁ་ཕྱེ་བ་ལྟ་བུ་ཞིག་ཤོད་རྒྱུ་མེད་ན་ཡང་། དེའི་ཐོག་ལ་སོ་སོའི་སེམས་ཤུགས་བསྒྲིལ་ནས་བསྡད་ཡོད། ངའི་བྱེད་ཕྱོགས་ནི་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་རྫོགས་ལ་རང་སྲིད་རང་སྐྱོང་མིང་དོན་མཚུངས་པ་ཞིག་བྱུང་ན་བསམ་གྱི་ཡོད། ཁྱེད་རང་ཚོས་རང་བཙན་གཙང་མ་དགོས་ཟེར་བ་དེ་རྒྱུ་མཚན་ལྡན་པ་རེད། ཕྱོགས་གཅིག་ནས་བོད་མི་རིགས་ཀྱི་ཐོབ་ཐང་རེད། གཉིས་ནས་ད་ལྟ་དངོས་ཡོད་གནས་ཚུལ་ལ་བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་རྣམས་ཀྱིས་མི་ཚང་འདིས་བྱས་མི་ཡོང་བསམས་ནས་ཚང་མ་རྒྱ་མིའི་ཐོག་ཡིད་ཐང་ཆད་པ་དང༌། ཡིད་ཆེས་རྦད་དེ་བརླགས་ནས་བསྡད་ཡོད།
གཞོན་ནུའི་ལངས་ཕྱོགས་དེ་ཏཱ་ལའི་བླ་མའི་སྲིད་བྱུས་དང་མི་འདྲ་བ་རང་བཙན་གཙང་མའི་ཐོག་ལ་འགྲོ་གི་ཡོད་པ་འཛམ་གླིང་ཡོངས་གྲགས་རེད། དེ་ཡག་པོ་རེད། དགའ་བསུ་ཡོད། ང་ཚོ་མང་གཙོའི་ལམ་ལ་འགྲོ་གི་ཡོད་པས་གཏམ་བརྗོད་རང་དབང་རེད། སོ་སོ་སོ་སོའི་བསམ་ཚུལ་འདྲ་མིན་འདོན་དགོས་ལ། བསམ་ཚུལ་འདྲ་མིན་གྱི་ཐོག་ནས་རྩོད་གླེང་བྱས་ན་ཕན་ཚུན་ཚང་མར་བློ་སྐྱེད་གོང་འཕེལ་འགྲོ་རྒྱུ་དང༌། ཉམས་མྱོང་དང༌། གནད་འགག་གསར་པ་ཤེས་རྒྱུར་ཕན་ཐོགས་ཡོང་གི་རེད། ང་རང་ཚོ་ལངས་ཕྱོགས་ཐ་དད་ཡིན་ན་ཡང༌། ཁྱེད་རང་ཚོའི་ལངས་ཕྱོགས་ལ་རྒྱུ་མཚན་ཡོད་པ་གསལ་པོ་ཤེས་ཀྱི་ཡོད།
ངོས་ནས་དབུ་མའི་ལམ་ཟེར་བ་འདི་ཁྱེད་རང་ཚོས་ཤེས་གསལ་ཡིན་ནའང༌། ཁ་ཤས་ནས་གསལ་པོ་མ་ཤེས་པ་ཡོད་ལས་ཆེ། ངས་ད་ལྟ་དབུ་མའི་ལམ་ཞེས་པ་འདིའི་མིང་རྗེས་སུ་བཏགས་པ་རེད། འོན་ཀྱང་རྩ་བའི་གནད་དོན་བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་གཅིག་གྱུར་ཞིག་བྱུང་ན། ང་ཚོས་བསམ་བློ་གཏོང་དགོས་ཀྱི་མེད་དམ་སྙམ་པའི་བསམ་ཚུལ་འདི་ཕྱི་ལོ་ ༡༩༧༣ ལོར་ཚེ་དབང་འཕྲིན་ལས་ཚོགས་གཙོ་བྱེད་པའི་སྐབས་སུ་ང་ཚོ་སྐད་ཆ་བྱུང༌། སྙིང་རྗེ། ཁོང་རང་དེ་དུས་མིག་ལ་ཆུ་ཞག་འཁོར་བཞིན་པར་དངོས་གནས་འདི་ལས་ལྷག་པ་དགོངས་བཞེས་གནང་རྒྱུ་མི་འདུག་ཅེས་ང་ལ་བཤད་མྱོང༌། དེའི་སྐབས་སུ་བཀའ་བློན་ཁ་ཤས་ཀྱང་ཡོད། དེ་སྐབས་རྒྱ་ནག་ནང་རིག་གནས་གསར་བརྗེའི་དུས་སྐབས་རེད། སྔ་ཕྱི་མ་གཏོགས་ང་ཚོ་སྐད་ཆ་བྱེད་རྒྱུ་ལས། ང་ཚོས་དྲག་ཤུགས་ཀྱི་རྒྱ་མི་ཕྱིར་འབུད་མི་ཐུབ། ཐུབ་ན་ཡང་ལེགས་རྒྱུ་མེད་ལ། མི་དང་མི་གདོང་བསྟན་ནས་སྐད་ཆ་ཤོད་རེས་དང༌། བདེན་པ་བདར་ནས་ཕན་ཚུན་གཉིས་ཕན་གྱི་ཐོག་ནས་ང་ཚོའི་དཀའ་ངལ་སེལ་ཐབས་བྱེད་རྒྱུ་འདི་འོས་ཤོས་རེད།
ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྲིད་རང་སྐྱོང་ཟེར་བའི་བསམ་ཚུལ་འདི་ ༡༩༧༣ ལོ་ནས་ང་ཚོའི་བསམ་བློའི་ནང་གོ་རིམ་བསྒྲིགས་ཡོད། སྐབས་དེ་དུས་རང་སྐྱོང་ཞེས་ཡོངས་གྲགས་སུ་བཤད་ན་བོད་པའི་རྣ་བར་མི་འགྲོ་ཞིང་། རང་བཙན་ཞེས་བཤད་ན་རྒྱ་མིའི་རྣ་བར་མི་འགྲོ་བར་བརྟེན། ངས་བོད་པ་ཚོར་བདེ་སྐྱིད་འདོད་པ་ཁེངས་པ་ཞིག་དགོས་ཀྱི་ཡོད་ཅེས་བཤད་ཡོད། དེ་ནི་གཡོ་སྒྱུ་དང་ཧམ་རྫུན་གྱི་སྐད་ཆ་གང་ཡང་མིན། ང་ཚོས་རང་བཙན་དགོས་ཟེར་བ་དེ་ཡང་རྩ་བ་བདེ་སྐྱིད་ལ་ཐུག་ཡོད་ལ། རང་སྲིད་རང་སྐྱོང་དགོས་ཞེས་པ་དེ་ཡང་རྩ་བ་བདེ་སྐྱིད་ལ་ཐུག་ཡོད། ང་ཚོ་བོད་ལུང་པ་ས་ཆ་རྒྱ་ཆེན་པོ་དང་མི་འབོར་ཉུང་ཉུང་རེད། འགྲིམ་འགྲུལ་ཁག་པོ་ཡིན། གཏེར་ཁའི་རིགས་ཕྱུག་པོ་ཡོད། རྒྱ་མིའི་ངོས་ནས་བོད་པར་དགོས་པའི་ཆོས་དང་རིག་གཞུང༌། ནང་སྲིད་ཀྱི་ལས་ཀ་འདི་དག་བོད་པ་རང་ལ་འགན་དབང་དང་ཐོབ་ཐང་ཆ་ཚང་ཡོད་པ་དང༌། ཁོར་ཡུག་སྲུང་སྐྱོབ་གདེང་འཁེལ་བ་ཞིག་བྱུང་ན། ང་ཚོ་རྒྱ་མི་མཉམ་དུ་སྐྱིད་སྡུག་བསྒྲིལ་ན་དངོས་པོ་ཡར་རྒྱས་མྱུར་པོ་འགྲོ་རྒྱུར་ཁེ་ཕན་ཡོང་གི་རེད་བསམ་གྱི་འདུག དེ་ལ་བརྟེན་ནས་ངོས་ནས་དབུ་མའི་ལམ་ཞེས་བཤད་པ་ལས། འུ་ཐུག་ཐབས་ཟད་ཀྱི་ཐོག་ནས་བཤད་པ་མ་རེད།
ང་ཚོས་ཐོག་མར་མ་ལན་མ་འགྱོད་པའི་ཐབས་ཤེས་ཤིག་བྱས་པར་འགལ་བ་གང་ཡང་མེད། ང་ཚོ་གཉིས་ཕན་ཞིག་ཡོང་བའི་རྒྱུ་རྐྱེན་མེད་པ་མིན། འགྱུར་བ་ནི་དུས་ནམ་གྱི་ཚེ་ཡང་ཡོང་ངེས་ཡིན། དཔེར་ན། ད་ལྟའི་ཆར་རྒྱ་མི་ཞེས་བརྗོད་སྐབས་ལམ་སེང་འཁོན་འཛིན་ཡོང་བ་དང༌། ནག་པོར་མཐོང་བ་ཞིག་ཡོང་གི་ཡོད་པ་དེ་ནི་ཁག་མེད་པ་ཞིག་རེད། རྒྱ་མིས་ང་ཚོར་སྡུག་པོ་བཏང་བའི་གནས་ཚུལ་བགྲངས་ན་བཟོད་ཐབས་མེད་པ་ཞིག་ཡོང་གི་ཡོད། ཡིན་ནའང་གནས་ཚུལ་དེ་དག་ཐམས་ཅད་འདས་ཟིན་པ་རེད། མིའི་དགྲ་གཉེན་ལ་འགྱུར་བ་ཡོང་གི་རེད། སྤྱོད་འཇུག་ལས་ཀྱང༌།
མཐུན་པར་རིམ་གྲོ་བསྟེན་བྱས་ན། །
ཐམས་ཅད་ཕན་དང་བདེ་བྱེད་ན། །
ཞེས་གསུངས་པ་བཞིན་རེད། དུས་འདས་པ་ནི་འདས་པ་རེད། མ་འོངས་པར་ང་ཚོ་འཆམ་པོ་བྱས་ན་རྒྱ་མི་ཚང་མ་སྡུག་པ་མིན། རྒྱ་མིའི་སྲིད་བྱུས་ཐབས་སྡུག་འདི་འགྱུར་བ་འགྲོ་གི་རེད། ལོ་རྒྱུས་ཀྱི་ཐོག་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་མིན་སྐོར་ནི་འདས་པའི་ལོ་རྒྱུས་ཐོག་དངོས་ཡོད་གནས་ཚུལ་བྱུང་ཟིན་པ་ཞིག་ལ་སུས་ཀྱང་བསྒྱུར་བཅོས་གཏོང་མི་ཐུབ། ལོ་རྒྱུས་ཀྱི་ཐོག་བོད་རྒྱ་ནག་གི་ཁོངས་གཏོགས་ཡིན་མིན་ནི་ལོ་རྒྱུས་སྨྲ་བ་རྣམས་དང༌། ཁྲིམས་དོན་མཁས་པ་དག་གིས་བརྗོད་རྒྱུ་ལས། ཆབ་སྲིད་ཀྱི་དགོས་མཁོར་བསྟུན་ནས་ཤོད་ཐབས་གང་ཡང་མེད་ཅེས་ངོས་ནས་རྟག་པར་ཤོད་ཀྱི་ཡོད་ལ། ཡིད་ལའང་དེ་བཞིན་དྲན་གྱི་འདུག
ད་ལྟའི་ཆར་ངས་དབུ་མའི་ལམ་གྱི་ཐོག་ནས་འབད་རྩོལ་བྱེད་བཞིན་པ་འདིའི་གནས་སྟངས་གང་ཞིག་ཡོད་དམ་ཟེར་ན། ཚང་མས་ཤེས་གསལ་རེད། འདས་པའི་ལོ་ངོ་ཉེར་གཅིག་གི་ལོ་རྒྱུས་ཞིབ་ཕྲ་ཤོད་དགོས་དོན་མི་འདུག ད་ལྟའི་གནས་སྐབས་ལ་རྒྱ་ནག་གཞུང་དང་ང་ཚོའི་བར་ཚོགས་པ་དང༌། མི་སྒེར་པའི་རིགས་སོགས་བརྒྱུད་ནས་འབྲེལ་བ་ཡོང་གི་ཡོད། མི་སྒེར་པའི་ནང་ལ་ནུབ་ཕྱོགས་པའི་མི་ཡོད་ལ། ཤར་ཕྱོགས་པའི་མི་ཡང་ཡོད། རྒྱ་རིགས་ཀྱང་ཡོད། བར་སྐབས་འབྲེལ་བའི་རྣམ་པ་དེ་ཕྲན་བུའི་ངོ་དཀར་དུ་འགྲོ་གི་ཡོད་པ་ལྟ་བུ་ཞིག་འདུག འོན་ཀྱང་གང་འདྲ་ཞིག་ཡོང་མིན་ད་ལྟ་ཐག་བཅད་ནས་ཤོད་ཐུབ་པ་གང་ཡང་མི་འདུག དེ་དག་གི་སྐོར་རྒྱ་ནག་གཞུང་གི་ངོས་ནས་གསང་བ་བྱེད་ཀྱི་འདུག་པས། གསང་བ་བྱས་ན་ལེགས། ཡིན་སྟངས་དེ་འདྲ་རེད། རིམ་པས་ཇེ་གསལ་དུ་འགྲོ་མདོག་ཁ་པོ་རེད།

ཅ༽ ཟས་བཅད་ངོ་རྒོལ་དང་། འཛམ་གླིང་གི་བདེན་རྒྱབ།

བར་སྐབས་མ་ཤི་བར་དུ་ཟད་བཅད་ངོ་རྒོལ་གྱི་ལས་འགུལ་ཤིག་སྤེལ་གྱི་ཡོད་པ་དེ་ནི་འུ་ཐུག་ནས་བྱུང་བ་ཞིག་རེད། ༸རྒྱལ་བ་རིན་པོ་ཆེ་ནས་ཐབས་ཤེས་གུ་བཤངས་བྱེད་རྒྱུ་ཡོད་ཚད་བྱས་ཀྱང་རྒྱ་མིའི་ངོས་ནས་བརྡ་ལན་མེད་པར་ཙམ་དུ་མ་ཟད། བོད་ནང་གི་གནས་ཚུལ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་དངངས་སྐྲག་བཟོད་ཐབས་མེད་པའི་ཐོག་ནས་བྱུང་བ་རེད། དེ་ལྟ་བུའི་སྙིང་སྟོབས་དེ་ནི་དངོས་གནས་ཧ་ལས་པ་རེད། འོན་ཀྱང་བྱེད་ཐབས་དེ་འཚེ་བའི་རང་བཞིན་ཡིན་པ་སྐབས་དེར་ངས་བཤད་ཡོད། གང་ལྟར་སྐབས་དེའི་གཞོན་ནུའི་ལས་ཀ་བྱེད་མཁན་ཁ་ཤས་དང་སྐད་ཆ་བྱུང༌། དེ་བཞིན་ཕྱི་རྒྱལ་ཚགས་པར་འགོད་མཁན་ཚོར་ཡང་བཤད་ཡོད། ང་ཚོ་བོད་ཀྱི་གནས་ཚུལ་འདི་ཀམ་བྷོ་ཊིའི་ནང་འཁྲུག་གི་གནས་ཚུལ་ལྟ་བུ་མིན།
དེང་སང་རྒྱ་ནག་ནང་ལྟོས་ས་ལྟོས་འཇོག་གིས་མང་གཙོ་དང་རང་དབང་གི་ཕྱོགས་ལ་གང་ལ་གང་འཚམ་འགྲོ་གི་ཡོད། དེས་རྐྱེན་པས་མིའི་དངོས་ཡོད་གནས་ཚུལ་གོ་རྟོགས་བཟང་དུ་འགྲོ་བའི་གོ་སྐབས་བྱུང་བ་རེད། ད་ཕན་རྒྱ་ནག་གཞུང་གི་བྱེད་སྟངས་ཐོག་སྐྱོན་མཐོང་སྟེ་སྐྱོན་བརྗོད་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་བཅས་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་བལྟས་ན། ཕྱི་ལོ་ ༡༩༦༠-༡༩༧༠ ནང་ལ་ང་རང་ཚོས་བོད་དོན་སྐོར་བདེན་མཐའ་གསལ་གྱི་རེད་བསམ་པ་ལས། སྐབས་དེ་དུས་རྒྱུ་མཚན་ཤོད་ཐུབ་པ་ཁག་པོ་རེད། དེང་སང་གནས་ཚུལ་དེ་དང་རྩ་བ་ཉིད་ནས་མི་འདྲ་བ་ཡིན།
འཛམ་གླིང་འདིའི་སྒང་ལ་ང་ཚོར་རྒྱབ་སྐྱོར་བྱེད་མཁན་དང༌། དོ་སྣང་བྱེད་མཁན་ཧ་ཅང་མང་པོ་ཡོད། ཁོང་ཚོས་བོད་ལ་ཤ་ཚའི་ཐོག་དང༌། བདེན་པའི་ཐོག་ལ་རྒྱབ་སྐྱོར་བྱེད་པ་ལས། ཁོང་ཚོར་དཔལ་འབྱོར་གྱི་ཐོག་ནས་ཁེ་ཕན་ཞིག་དང༌། ཆབ་སྲིད་ཀྱི་ཕན་ཐོགས་ཡོང་རེས་བྱས་པ་ཞིག་མིན། དེ་ནི་མི་གཞན་ཉམ་ཐག་ཅིག་མཐོང་ན་དེ་ལ་ཤ་ཚ་སླེབས་རྒྱུ་ནི་མིའི་རང་བཞིན་ལྷན་སྐྱེས་ཀྱི་ཆོས་ཉིད་ཅིག་རེད། གནས་ཚུལ་འདིའི་འོག་ནས་བོད་པར་ཤ་ཚ་དང་རྒྱབ་སྐྱོར་སླེབས་ཡོང་གི་ཡོད། དེ་ནི་ལས་སླ་པོར་འགྱུར་བ་རྩ་བ་ཉིད་ནས་ཡོང་གི་མ་རེད། དེང་སང་འཛམ་གླིང་ཕྱི་ཕྱོགས་ནས་བོད་དོན་ལ་དོ་སྣང་བྱེད་མཁན་ཤུགས་ཆེན་པོ་ཡོད་པ་འདི་དག་ད་དུང་ཤུགས་ཆེ་རུ་འགྲོ་བ་ལས། ཆུང་དུ་འགྲོ་གི་མ་རེད་བསམ་གྱི་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཚོས་བཟོད་བསྲན་མི་ཐུབ་པའི་ཛ་དྲག་འུ་ཐུག་བྱེད་དགོས་དོན་མེད།

ཆ༽ ཁོར་ཡུག་ལ་གཙང་སྦྲ་དང་། ངན་སྤྱོད་ལ་ཡིད་གཟབ།

གོང་དུ་ལས་བསྡོམས་ནང་ལ་བཤད་པ་བཞིན། ཁོར་ཡུག་ཐོག་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་རེད། གཞོན་ནུའི་སྒྲིག་འཛུགས་དང༌། བུད་མེད་ཀྱི་སྒྲིག་འཛུགས་ནས་གཙང་སྦྲ་དང༌། ཁོར་ཡུག་སྲུང་སྐྱོབ་ཐོག་ལ་དམིགས་བསལ་འགན་འཁུར་བླངས་ཏེ་འབོད་སྐུལ་བྱེད་པ་ཙམ་དུ་མ་ཟད། ལག་ལེན་ངོ་མའི་ཐོག་ནས་ས་ཆ་གཙང་མ་བཟོ་བ་དང༌། གད་འཕྱིས་བྱེད་པ་དེ་རིགས་གནས་ཚུལ་ཧ་ཅང་བཟང་པོ་རེད། ཕྱི་རྒྱལ་ངོ་ཤེས་ཁ་ཤས་ཀྱིས་ང་ལ་ཡི་གེ་བཏང་སྟེ་༸རྒྱལ་བ་རིན་པོ་ཆེས་ཁོར་ཡུག་སྐོར་ཤོད་ཀྱི་ཡོད་ན་ཡང༌། ༸རྒྱལ་བ་རིན་པོ་ཆེ་ཡོད་སའི་དྷ་རམ་ས་ལའི་ཁོར་ཡུག་གི་གནས་སྟངས་ཞན་པོ་འདུག་ཅེས་ཤོད་མཁན་ཡོང་གི་འདུག རིགས་འགའ་ཤས་ས་གནས་ཡུལ་མིས་བྱེད་དགོས་པ་ཡིན་ན་ཡང༌། གང་ལྟར་ང་ཚོ་ཚང་མས་གང་ཐུབ་ཀྱི་ལག་ལེན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་འདུག མི་ཚང་མས་ཁ་ནས་མང་པོ་བཤད་དེ་ལག་ལེན་གྱི་ཐོག་ལ་མ་བསྟར་ན་སྙིང་པོ་མེད་པས། ཁྱེད་རང་ཚོས་དོ་ཁུར་མང་ཙམ་ལེན་དགོས།
ང་རང་ཚོ་གཞོན་སྐྱེས་ནང་ལ་ཐ་མག་ཉལ་ཐག་འཐེན་མཁན་མང་དུ་འགྲོ་གི་ཡོད་པ་འདི་ཤིན་ཏུ་ཐབས་སྡུག་རེད། ཆང་རག་ཚད་མེད་བཏུང་ནས་ནད་པ་ཆགས་པ་དང༌། ཉལ་ཐག་འཐེན་ནས་ནད་པ་ཆགས་པ་དེ་འདྲ་ལྡི་ལི་ཁུལ་དང༌། དྷ་རམ་ས་ལར་ཡང་ཁ་ཤས་འདུག་ཅེས་ང་ལ་བརྗོད་མཁན་བྱུང༌། གནས་ཚུལ་དེ་ནི་ཧ་ཅང་ཐབས་སྐྱོ་པོ་རེད། མི་དེ་རིགས་ལ་ང་རང་ཚོ་ཚང་མས་སེམས་འཁུར་བླངས་ཏེ་ལས་ཀ་འཚོལ་རྒྱུ་དང༌། བསླབ་བྱ་རྒྱག་རྒྱུ། སྨན་ཁང་ལ་སྐྱེལ་རྒྱུ་སོགས་གང་ཞིག་བྱེད་དགོས་ཀྱང༌། བོད་མིའི་སྤྱི་ཚོགས་རང་གི་ཐོག་ནས་སེམས་འཁུར་བླངས་ཏེ་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།
དེ་དག་ལ་ང་རང་ཚོས་སྣང་མེད་དང༌། མཐོང་ཆུང་བྱས་ཏེ་བདག་མེད་དུ་ལུས་ན་ལྷན་སྐྱེས་སྲིན་བུ་འཁྲུག་པའི་ནད་མནར་བ་བཞིན་སེམས་ཤུགས་ཆག བསམ་བློའི་ནང་རང་ཉིད་ཀྱི་མདུན་ལམ་བརླག་པ་ལྟ་བུའི་རེ་ཐག་ཆད་ནས་ངོ་ཚ་ཁྲེལ་མེད་བྱེད་ཀྱི་ཡོད། དེ་འདྲའི་གནས་ཚུལ་ཕྱི་རྒྱལ་ལ་ཡང་ཡོང་གི་འདུག ལྡི་ལིའི་བཙོན་ཁང་ཆེན་མོའི་ནང་ལ་རྒྱ་གར་སྐོར་སྲུང་བ་སྐྱེ་དམན་གཅིག་ཡོད་པ་དེས་ཧུར་བརྩོན་ཆེན་པོ་བྱས་པའི་ཤུགས་རྐྱེན་འོག་བཙོན་པ་མང་པོའི་བསམ་བློའི་ནང་ལ་བསྒྱུར་བཅོས་ཐེབས་ནས་སྤྱོད་པ་ཡག་ཏུ་ཕྱིན་པའི་སྐོར་རྒྱ་གར་ཁུལ་ཕལ་ཆེ་བས་ཐོས་ཡོད་ལ། ཨ་རིའི་ངོ་ཤེས་ཁ་ཤས་ཀྱིས་ཀྱང་བརྗོད་མཁན་བྱུང༌།
ང་རང་ཚོའི་སྤྱི་ཚོགས་ནང་བོད་ཕྲུག་ཅིག་གིས་ཆང་རག་ཚོད་མེད་འཐུང་བ་དང༌། ཐ་མག་ཚོད་མེད་འཐེན་པ། ཐ་ན་ཉལ་ཐག་འཐེན་མཁན་ཞིག་ཡོད་ན། དེར་ཐབས་ཤེས་གང་དྲག་གིས་སློབ་གསོ་རྒྱག་རྒྱུ་དང༌། སོ་སོའི་ནུས་པས་མ་འདང་ན་འབྲེལ་ཡོད་བདེ་དོན་སོགས་གང་རུང་ལ་བརྗོད་པ་དང་། ཡང་ན་སྨན་ཁང་ལ་བསྐྱོད་དགོས་ཨེ་ཡོད། གང་ལྟར་དཀའ་ངལ་ལ་ཁུར་མཉམ་ལེན་གྱི་ཐོག་ནས་འབད་བརྩོན་བྱེད་དགོས་པ་ལས། འདི་ཚོའི་གྲས་ཡག་པོ་གཏན་ནས་མིན། ཚང་མས་ཧུར་ཐག་བྱེད་དགོས། ཞེས་བཀའ་སློབ་སྩལ།། །།