༄༅། །ཕྱི་ལོ་ ༡༩༩༨ ཟླ་ ༤ ཚེས་ ༢ ཉིན་ལྡི་ལིར་རང་སྲོག་བློས་གཏོང་གིས་ཟས་བཅད་ངོ་རྒོལ་བྱེད་བཞིན་པའི་རྒྱལ་གཅེས་དཔའ་བོ་ཕོ་མོ་དྲུག་ལ་འཚམས་འདྲི་དང་བཀའ་སློབ།

ཀ༽ བསྟན་སྲིད་སྤྱི་དོན་དང་། བདེན་དོན་གྱི་དྲན་སྐུལ།

ད་རེས་ཁྱེད་རང་ཚོའི་ལས་འགུལ་འདི་སྤྱིར་བཏང་གི་ཆབ་སྲིད་དང་། སྒེར་དོན་ཁོ་ནའི་གནས་ཚུལ་ཞིག་མིན་པར། བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་གནད་དོན་ལ་ཐུག་པ་ཞིག་ཡིན་སྟབས། ངོས་ནས་མཚམས་འཇོག་བྱེད་དགོས་ཞེས་བརྗོད་བདེ་པོ་མི་འདུག ཁྱེད་རང་ཚོ་ཟས་གཅོད་པ་དྲུག་གཙོ་བོར་གྱུར་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་པའི་ལས་འགུལ་འདིས། འཛམ་གླིང་ཡོངས་ལ་བོད་ཀྱི་བདེན་དོན་མ་བརྗེད་པ་བྱེད་དགོས་པའི་དྲན་སྐུལ་གཏོང་གི་ཡོད་སྟབས། ལས་འགུལ་འདི་ཚང་མའི་སྐུ་ཚབ་མཚོན་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་ཡིན།
དེ་བཞིན་ཁྱེད་རང་ཚོས་དཀའ་ལས་བརྒྱབ་པ་འདི་སངས་རྒྱས་བསྟན་པའི་དོན་ཏེ། སྤྱི་ལ་ཕན་ཐོགས་ཡོང་བ་དང༌། རྒྱ་ནག་ལའང་ཕན་ཐོགས་ཡོང་བར་བྱེད་པའི་དོན་དུ་དཀའ་ལས་རྒྱག་གི་ཡོད་བསམ་པ་བྱེད་དགོས། སངས་རྒྱས་ཀྱི་བསྟན་པ་གནས་དང་མ་གནས་ནི་བོད་ལ་ཆབ་སྲིད་ཀྱི་རང་དབང་གང་ལ་གང་འཚམ་ཞིག་ཐོབ་མིན་ལ་རག་ལུས་ཡོད། སངས་རྒྱས་ཀྱི་བསྟན་པ་ཡག་པོ་ཞིག་གནས་ཐུབ་པ་བྱུང་ན། ང་ཚོ་བོད་མི་རྣམས་ལ་ཕན་པ་སྨོས་ཅི། རྒྱ་མི་རིགས་ལའང་ཕན་ཐོགས་ཡོང་རྒྱུ་ཡིན་པར་བརྟེན། ཚང་མ་ཐུན་མོང་གི་དོན་དུ་འཛམ་གླིང་ཡོངས་ལ་བདེན་དོན་གྱི་དྲན་སྐུལ་གཏོང་གི་ཡོད། དེར་བརྟེན་རང་རྒྱལ་གཞན་ཕམ་དང༌། རྒྱ་ནག་ལ་ཁོང་ཁྲོའི་བསམ་བློ་འཆང་མི་རུང༌། གལ་ཏེ་དེ་ལྟར་བཅངས་ན་སྙིང་པོ་མེད། ཁྱེད་རང་ཚོས་བདེན་དོན་ལ་ཡིད་ཆེས་བརྟན་པོར་གནས་བཞིན་པ་འདི་ལ་ངོས་ནས་རྗེས་སུ་ཡི་རངས་ཀྱི་བསྔགས་བརྗོད་ཡོད། འོན་ཀྱང་ངོས་ནས་མ་ཤི་བར་ཟས་བཅད་ངོ་རྒོལ་བྱེད་པ་འདི་འཚེ་བའི་བྱ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འཚེ་བའི་རང་བཞིན་ལྡན་པ་ཞིག་ཡིན་ཕྱིན་རང་གཞན་གང་ཡིན་ལ་མ་ལྟོས་པར་ངོས་ནས་ངོ་རྒོལ་བྱེད་ཀྱི་ཡོད།
ད་རེས་ཁྱེད་རང་ཚོས་ཆོད་སེམས་བརྟན་པོ་བཙུགས་ཡོད་པར་བརྟེན། ངའི་ངོས་ནས་འདི་བྱེད་ཀྱི་ལམ་སྟོན་གསར་པ་བྱེད་ཐབས་བྲལ་ཡང༌། ཁྱེད་ཚོས་བདེན་དོན་ལ་ཡིད་ཆེས་འགྱུར་བ་མེད་པར་གནས་པ་སྙིང་སྟོབས་ལ་བསྔགས་བརྗོད་ཡོད་ལ། ངོས་རང་ལའང་སྐྱོ་གདུང་གི་ཚོར་ཤུགས་ཆེན་པོ་ཞིག་བྱུང་། ཞེས་བཀའ་སློབ་སྩལ།། །།