༄༅། །ཕྱི་ལོ་ ༡༩༩༨ ཟླ་ ༤ ཚེས་ ༢༨ ཉིན་ལ་མིག་སྔའི་ཛ་དྲག་གི་གནས་ཚུལ་ཐོག་སྩལ་བའི་གསུང་འཕྲིན།

ཀ༽ འཚེ་མེད་ཀྱི་ལམ་སྟོན་དང་། སྙིང་སྟོབས་ལ་བསྔགས་བརྗོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་མ་ཤི་བར་ཟས་བཅད་ངོ་རྒོལ་བྱེད་མཁན་གྱི་བོད་མི་དྲུག་ཐུག་འཕྲད་བྱུང༌། ངས་ཁོང་ཚོར་མ་ཤི་བར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཐེ་བའི་འཚེ་བའི་བྱ་སྤྱོད་གང་ཞིག་ལའང་ངོས་རང་འདོད་མོས་མེད་ཅེས་བཤད་པ་ཡིན། ཁ་སང་བོད་མི་ཞིག་གིས་རང་གི་ལུས་རང་གིས་མེར་བསྲེགས་པའི་གནས་ཚུལ་མཐོང་ཐོས་བྱུང་སྐབས་ཧ་ཅང་བློ་ཕམ་བྱུང༌། ངོས་ནས་ལོ་མང་རིང་བོད་མི་རྣམས་ལ་ང་ཚོའི་རང་དབང་བདེན་དོན་གྱི་འཐབ་རྩོད་འདི་འཚེ་མེད་ཞི་བའི་སྒོ་ནས་བྱེད་དགོས་ཞེས་ལམ་སྟོན་བྱས་པ་ལྟར་ཁོང་ཚོས་མཐའ་འཁྱོངས་བྱས་ཡོད།
འོན་ཀྱང་ང་ཆ་བོད་མིའི་བསམ་བློའི་ནང་བློ་ཕམ་དང་ཛ་དྲག་གི་ཚོར་བ་ཤུགས་ཆེ་རུ་འགྲོ་བཞིན་འདུག དེ་ནི་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དང༌། རང་ལུས་མེར་བསྲེགས་གཏོང་བའི་ཡིད་སྐྱོའི་བྱ་ཐབས་ཀྱི་ཐོག་ནས་གསལ་པོར་མཚོན་ཞིང༌། དེ་ལྟར་ཡོང་རྐྱེན་ནི་བོད་མི་རིགས་རིག་གཞུང་དང་བཅས་པ་ས་སྟེང་འདིའི་ཐོག་རྩ་མེད་འགྲོ་ཉེན་གྱི་གནས་སྟངས་ཤིག་བཟོས་པ་དེར་ཐུག་ཡོད། བོད་ཀྱི་རིག་གཞུང་ནི་འཛམ་གླིང་སྤྱི་དང་། ལྷག་པར་རྒྱ་མི་རིགས་ཀྱི་སྤུན་ཟླ་ཕོ་མོ་རྣམས་ལ་ཕན་ཐོགས་ཡོད་པ་ཞིག་ཡིན། དེ་དག་ཉམས་བརླག་ཏུ་འགྲོ་བ་ནི་བློ་ཕམ་གྱི་རང་བཞིན་དུ་གྱུར།
ངོས་ནས་ཁོང་ཚོའི་འཚེ་བའི་བྱ་ཐབས་ཁས་ལེན་བྱེད་ཐབས་མེད། འོན་ཀྱང་ཁོང་ཚོའི་ཀུན་སློང་དང་། སྙིང་སྟོབས་ལ་བསྔགས་བརྗོད་བྱེད་ཀྱི་ཡོད། ཁོང་ཚོས་བོད་མི་ས་ཡ་དྲུག་གི་རང་དབང་ཐོབ་ཐང་དང་། བོད་ཀྱི་རིག་གཞུང་འཚོ་གནས་ཡོང་ཆེད་རང་གི་ལུས་སྲོག་བློས་གཏོང་བྱེད་ཀྱི་ཡོད། དེར་བརྟེན་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་དོན་དཀའ་རྙོག་སེལ་ཆེད་དོན་དངོས་ཀྱི་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུར་མ་ཟད། སྲིད་གཞུང་དང༌། རྒྱལ་སྤྱིའི་ཆབ་སྲིད་གར་སྟེགས་ཐོག་བོད་དོན་དཀའ་རྙོག་ཞི་བའི་སྒོ་ནས་སེལ་ཆེད་ལྷག་བསམ་རྣམ་དག་གིས་ནུས་ཤུགས་འདོན་རོགས་གནང་ཞེས་རེ་སྐུལ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ།། །།