༄༅། །ཕྱི་ལོ་ ༡༩༩༥ ཟླ་ ༨ ཚེས་ ༢༣ ཉིན་གཞོན་ནུའི་ཚོགས་ཆེན་དགུ་པའི་ཐོག་སྩལ་བའི་བཀའ་སློབ།

ཀ༽ རྒྱ་བོད་ཀྱི་དཀའ་རྙོག་དང་། ནང་ཁུལ་གྱི་དཀའ་ངལ།

དེ་རིང་ཚོགས་འདུ་འདིའི་སར་ཕེབས་པའི་ང་ཚོ་ཚང་མ་ལས་རིགས་མི་འདྲ་བ་དང༌། མི་སྣ་མི་འདྲ་བ་ཡོད་ཀྱང་ང་ཚོ་ཚང་མ་བོད་པ་གཅིག་གྱུར་དང་། བོད་བསྟན་སྲིད་སྐྱེ་འགྲོའི་བདེ་སྐྱིད་དང་བཅས་པ་ཆགས་འཇིག་གི་མཚམས་ལ་སླེབས་པའི་དུས་ཚོད་འདིའི་སྐབས་ལ། ང་ཚོ་ཆོས་ཕྱོགས་ནས་བཤད་ན་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་མདོག་ཁ་པོ་རེད། གང་ལྟར་ཚེ་འདིའི་མཐོང་ཆོས་ནས་བཤད་ན། བདེན་པའི་བྱ་བ་ཞིག་དང༌། ཕན་པའི་རང་བཞིན་གྱི་བྱ་བ་བཟང་པོ་ཞིག་རེད། དེའི་ཐོག་ལ་ལྷག་བསམ་བསྐྱེད་ནས་འགལ་རྐྱེན་དང་དཀའ་ངལ་ཇི་འདྲ་ཞིག་ཡོད་ཀྱང་གདོང་ལེན་བྱེད་དགོས་པ་དང༌། སྒྲུབ་ཐག་ཉེ་འགྱངས་ཀྱི་སྐད་ཆ་གང་ཡང་མེད་པར་བྱ་བའི་ངོ་བོ་བཟང་པོ་སྒྲུབ་འོས་པ་ཞིག་དང༌། རྒྱུ་མཚན་ལྡན་པ་ཞིག་ལ་བརྩིས་ནས་ཚང་མས་ཧུར་ཐག་བྱེད་ཀྱི་ཡོད། དེ་ལྟ་བུའི་ཐོག་ཏུ་ངོས་ནས་སྐད་ཆ་ཤོད་པའི་གོ་སྐབས་བྱུང་བ་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད།
དེ་རིང་འདིར་དམིགས་བསལ་གྱི་དོན་དག་གཞན་དག་རྒྱ་ཆེ་བ་ཞུ་རྒྱུ་གང་ཡང་མི་འདུག རྒྱ་བོད་གཉིས་ཀྱི་འབྲེལ་ལམ་སྐོར་ལ་བར་ལམ་འགྱུར་བ་གང་ཡང་ཕྱིན་མེད། གང་ལྟར་ང་ཚོའི་ལངས་ཕྱོགས་ནི་འདས་པའི་ལོ་ ༡༦ ཙམ་གྱི་རིང་དབུ་མའི་ལམ་བརྒྱུད་ནས་འབད་བརྩོན་བྱས་པ་རེད། ད་ལྟའང་ལམ་དེ་རང་ལག་ལེན་འཁེལ་ངེས་ཤིག་དང་། ཐབས་ལམ་བཟང་ཤོས་ཤིག་ལ་ང་རང་ཡིད་ཆེས་བྱས་ནས་བསྡད་ཡོད། རྒྱ་ནག་གཞུང་ངོས་ནས་བརྡ་ལན་གང་ཡང་བྱུང་མེད་ཀྱང༌། ང་ཚོའི་ངོས་ནས་ད་ལྟ་འགྱུར་བ་གང་ཡང་མེད།
བར་སྐབས་ང་ཚོ་བཙན་བྱོལ་བའི་ནང་ལ་དཀའ་ངལ་ཕྲན་བུ་ཡོང་གི་ཡོད། ང་ཚོས་ཆེ་ས་ནས་བལྟས་ན། འདས་པའི་ལོ་སོ་དྲུག་ལྷག་ཙམ་དེའི་རིང་ལ་དངོས་གནས་ཐོག་མར་གཞི་མེད་ས་ཞིག་ལ་གཞི་ཚུགས་པ་དང༌། ང་ཚོ་རྐང་པ་འཛུགས་ས་མེད་སར་རྐང་པ་ཚུགས་ཡོད། ང་རང་ཚོའི་བཙན་བྱོལ་གཞུང་གི་སྒྲིག་འཛུགས་སོགས་ཆོས་སྲིད་ལས་ཀ་མང་པོ་ཞིག་གི་ནང་ལ་གང་ལ་གང་འཚམ་གྱི་རྨང་གཞི་ཞིག་ཚུགས་ཡོད། མིའི་སྤྱི་ཚོགས་ཤིག་ཡིན་སྟབས་འདྲ་མིན་མུ་མཐུད་ཡོང་གི་རེད། དེ་རིགས་ལ་བློ་གཡེང་བྱེད་དགོས་པ་དང༌། འདྲོག་དགོས་པ་གང་ཡང་མི་འདུག ང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་མི་ཆིག་འབུམ་ལྷག་ཙམ་ཡོད་པ་རྣམས་ནས་ཆེ་སའི་ཐོག་བོད་དོན་མི་བསམ་པ་ཡོང་ཤེས་ཀྱི་མ་རེད། ཕྲན་བུའི་རྙོག་གླེང་ཡོང་གི་ཡོད་པ་འདི་ལ་གནད་འགག་གང་ཡང་མཐོང་གི་མི་འདུག འོན་ཀྱང་ལྷོད་གཡེང་བྱས་ནས་བསྡད་པས་མི་འགྲིགས། ང་ཚོའི་ནང་ཁུངས་ནས་སྐད་ཆ་ཆུང་ཙག་ལྷགས་སྐབས་ལམ་སང་གསལ་པོ་བཟོ་མ་ཐུབ་ན། གཞན་དག་གིས་རྒྱུ་དང་དངོས་པོའི་འགྲོ་སོང་བཏང་ནས་ཐབས་ཤེས་འདྲ་མིན་སྤྱད་དེ་ཆེན་པོ་བཟོ་རྒྱུ་མི་སྲིད་པ་མིན་སྟབས། ལམ་སེང་འཁྱོག་པོ་ཡོ་བསྲང་བྱེད་རྒྱུ་གལ་ཆེན་པོ་རེད།
ང་ཚོ་ཐོག་མར་བཙན་བྱོལ་བ་ཆགས་པའི་སྐབས་ལ་ཆ་རྒྱུས་ཡོད་པ་ས་དང་གནམ་ལས་མེད་པའི་གནས་ཚུལ་ཞིག་ལ་ང་རང་ཚོས་ལྷག་བསམ་རྣམ་དག་གི་ཐོག་ནས་བདེན་མཐའ་གསལ་བ་ཞིག་ཨེ་ཡོང་སྙམ་ནས་དཀའ་ལས་བརྒྱབ་པ་རེད། འཛམ་གླིང་འདིའི་ཐོག་མི་ཙམ་དུ་མ་ཟད། སྲོག་ཆགས་དུད་འགྲོ་ཚུན་ཆད་ཀྱིས་ཀྱང་དྲང་པོ་དྲང་བཞག་བྱེད་མཁན་ལ་ངོས་འཛིན་བྱེད་ཀྱི་ཡོད། ངོ་ལྐོག་དང་རྒྱབ་མདུན་བྱེད་མཁན་ཞིག་ཡིན་ན་དུད་འགྲོ་ཡིན་ན་ཡང་ཡིད་ཆེས་བརླག་འགྲོ་བ་དང༌། དེ་འདྲ་བྱེད་མཁན་གྱི་མི་དང་བར་ཐག་ཇེ་རིང་དུ་འགྲོ་བ་ང་ཚོས་མཐོང་ཆོས་རེད།
ང་ཚོ་བོད་པའི་འཐབ་རྩོད་འདི་བདེན་དོན་ཡིན་པ་དང༌། དེ་ཡང་བསམ་པ་རྣམ་དག་གིས་བྱེད་ཀྱི་ཡོད་པར་བརྟེན། འཛམ་གླིང་འདིའི་སྒང་ལ་བདེན་རྒྱབ་ཤུགས་ཇེ་ཆེར་འགྲོ་གི་ཡོད། ཕྱི་ནང་གང་ནས་བལྟས་ཀྱང༌། དུས་ཚོད་དཀའ་ངལ་ཆེ་ཤོས་འདིར་སྐྱེས་པའི་ང་ཚོའི་མི་ཐོག་འདིས་གང་ལ་འཚམ་གྱི་ཞབས་འདེགས་བསྒྲུབས་ཡོད། ད་དུང་ཡང་ལས་ཀའི་གཞི་རྒྱ་ཆེན་པོ་ཡིན་པས་ལྷོད་གཡེང་བྱས་ན་རྩ་བ་ནས་མི་འགྲིགས། ད་ལྟ་བར་དུ་བཙན་བྱོལ་བ་བྱས་ནས་བསྡད་པའི་རིང་ལ་གང་བྱེད་དགོས་པ་རྣམས་སྒྲུབ་པ་དང་ཆབས་ཅིག མ་འོངས་པ་ལ་བྱེད་སྟངས་སྤྱོད་སྟངས་འདི་འདྲ་ཡིན་ཞེས་གཏན་འབེབས་མང་པོ་བྱས་ཡོད། དེ་ཚོའི་ཐོག་ནས་བསམ་བློ་གཏོང་དུས་ང་རང་ཚོས་འགྲུབ་ཚོད་ཅིག་དང༌། བསམ་བློས་ལྡེང་ཚོད་ཅིག་གྲ་སྒྲིག་བྱས་ཡོད་པ་ལྟ་བུ་མཐོང་གི་འདུག

ཁ༽ བོད་ཀྱི་ཆོས་རིག་དང་། འཛམ་གླིང་ལ་ཞབས་འདེགས།

ངས་རྣམ་ཀུན་ང་རང་ཚོའི་ཆོས་དང་རིག་གཞུང་གལ་ཆེན་པོ་རེད་ཟེར་བ་འདི་མི་རིགས་གཅིག་གི་མཚོན་བྱེད་ཡིན་པའི་ཆ་ནས་གལ་ཆེན་པོར་བརྩིས་པ་ཙམ་དུ་མ་ཟད། ང་རང་ཚོ་མི་ཞིག་ཡིན་པ་དང་། རིག་གཞུང་གི་ཆ་ནས་བཤད་ནའང་གཞན་ཕན་བྱམས་བརྩེ་དང་འབྲེལ་བའི་རིག་གཞུང་འདི་མི་ཙམ་དུ་མ་ཟད། འཛམ་གླིང་འདིའི་སྒང་ལ་ཡོད་པའི་སྲོག་ཆགས་ཆེ་ཕྲ་ཐམས་ཅད་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་པར་བརྟེན། འཛམ་གླིང་འདིའི་སྒང་ལ་ཇི་ཙམ་ཡུན་རིང་བ་གནས་ཐུབ་པ་དེ་ཙམ་གྱིས་ཏན་ཏན་ཕན་ཐོགས་ཡོད།
སྔ་མོ་ཡིན་ན་སོ་སོ་ཁེར་རྐྱང་བྱས་ནས་སྡོད་ཀྱི་ཡོད། དེའི་ཚེ་དེའི་དུས་གནས་ཚུལ་ཐ་དད་རེད། ད་ལྟ་འཛམ་གླིང་ཕན་ཚུན་འབྲེལ་ནས་བསྡད་པ་ལྟ་བུ་ཆགས་ཡོད། མ་འོངས་པ་ལ་ང་ཚོ་འཛམ་གླིང་གང་སར་ཕན་ཚུན་འབྲེལ་བ་ཉེ་པོ་ཞིག་ཡོང་བ་གཞིར་གྲུབ་པས། ང་རང་ཚོའི་བཟང་པོའི་རིག་གཞུང་འདིའི་ཐོག་ནས་འཛམ་གླིང་སྤྱི་ལ་ཕན་ཐོགས་བསྒྲུབ་པའི་ཆ་རྐྱེན་དང་ནུས་པ་ཏན་ཏན་ཡོད། དེ་ནི་ངས་ཧམ་བཤད་བྱས་པ་དང༌། ངོས་རང་སྣང་བ་དག་ནས་བཤད་པའང་མིན། འཛམ་གླིང་འདིའི་སྒང་ལ་མི་འདྲ་མིན་མང་པོ་ཐུག་འཕྲད་ཡོང་གི་ཡོད་པ་དང༌། ལུང་པ་འདྲ་མིན་གྱི་ཁྲོད་ནས་མཁས་པའི་རིགས་དང་སྐད་ཆ་མང་པོ་ཡོང་གི་ཡོད། དེའི་ནང་ནས་མིའི་མཐོང་ཚུལ་ཕྱོགས་བསྡོམས་བྱས་ཏེ་མིའི་སེམས་བག་ཕེབས་ལོས་དང༌། སེམས་སྐྱིད་ལོས་བསྡུར་ན། ང་ཚོ་བོད་པ་སེམས་སྐྱིད་པ་དང༌། བག་ཕེབས་པ་ཡོད།
དཔེར་ན། ཁྱིམ་ཚང་གཅིག་གི་སྐད་ཆ་དང་། མདོར་ན་བཟའ་ཚང་ཁ་བྲལ་བྱེད་སྟངས་ཡིན་ཡང་རུང༌། གང་ལྟར་གནས་ཚུལ་མང་པོ་ཞིག་ལ་བལྟས་ན་ཏན་ཏན་ང་ཚོ་བོད་མིའི་སེམས་ལ་ཞི་བདེ་མང་བ་ཡོད་པ་མཐོང་གི་འདུག རིགས་གཅིག་ནི་མ་ཤེས་པ་དང༌། མཐོང་རྒྱ་ཐོས་རྒྱ་མེད་པའི་རྐྱེན་ཡིན་རུང༌། རྩ་བའི་ཆ་ནས་ཕྱི་ནང་གི་གནས་ཚུལ་ཆ་ཚང་མཐོང་ཞིང་ཤེས་པའི་ཐོག་དངོས་ཡོད་གནས་ཚུལ་ལ་ང་ཚོ་བོད་པའི་བསམ་བློའི་འཁྱེར་སོ་ཞི་བདེ་བག་ཕེབས་མང་བ་ཡོད་པའི་གོམས་གཤིས་བཟང་པོ་འདི་དག་ཆོས་དང་འབྲེལ་བའི་ཐོག་ནས་བྱུང་བ་ཞིག་རེད། དེ་ནི་ཁ་ཡོད་ལག་ཡོད་མི་ལ་ཕན་ཐོགས་ཡོད་པ་གསལ་པོ་རེད།
ང་ཚོའི་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་མི་ཉམས་གོང་སྤེལ་བྱེད་དགོས་ཟེར་བ་འདི་ཆོས་སྤྱོད་སློབ་གཉེར་བྱེད་རྒྱུ་གཅིག་པུ་མིན། སློབ་སྦྱོང་བྱས་ནས་ཤེས་བྱ་གསར་པ་ཞིག་ཤེས་པའི་སྐད་ཆ་ཡང་མིན། དེ་ནི་ཉིན་རེ་ཉིན་རེ་ང་རང་ཚོའི་གོམས་གཤིས་ནང་ལ་འཇགས་ཐུབ་པ་ཞིག་བྱེད་དགོས། དེ་སྐོར་བསམ་བློ་མང་པོ་གཏོང་རྒྱུ་མེད་པར་ཡིན་ཤག་ཤག་དང༌། དེ་ལོས་ཡིན་བསམ་པའི་ངང་ནས་ག་ལེར་བཅའ་འགྲོས་ཀྱིས་བཟང་པོའི་གོམས་གཤིས་དེ་དག་ཉམས་བརླག་འགྲོ་གི་མེད་དམ་བསམ་པའི་བློ་གཡེང་ཡོང་གི་འདུག སློབ་གྲྭ་ཁག་དང༌། ལས་བྱེད་པའི་ནང་ལ་ཡིན་ཡང་རུང༌། མང་ཚོགས་ནང་ཡིན་ཡང་རུང༌། གང་ལྟར་བཟང་པོའི་གོམས་གཤིས་དེ་རིམ་པས་ཇེ་སླ་ནས་ཇེ་སླ་དང་། ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ན་ཧ་ཅང་ཕངས་པོ་རེད།
ཡང་རྐྱེན་རྩ་གཞན་གཅིག་ནི། ང་ཚོ་ཐོག་མར་བཙན་བྱོལ་བ་ཆགས་དུས་ང་རང་ཚོའི་ཆོས་དང་རིག་གཞུང་ཡོད་པ་དེས་སོ་སོའི་ལུང་པ་སྐྱོབ་མ་ཐུབ་པ་རེད། ང་ཚོས་འཛམ་གླིང་ཕྱིའི་འགྲོ་སྟངས་མ་ཤེས་པས་ལན་འདུག་བསམས་ནས་སོ་སོའི་ཁྱད་ནོར་ཡོད་པ་དེའི་ཐོག་ལ་དོ་སྣང་ཆུང་དུ་ཕྱིན། དེའི་དགོས་མཁོ་དང་དགེ་མཚན་མ་རྟོགས་པས་འཐུས་ཤོར་འགྲོ་གི་ཡོད། དཔེར་ན། རྒྱ་གར་ནང་ལའང་ནུབ་ཕྱོགས་ཀྱི་འགྲོ་སྟངས་ལ་མངོན་པར་བསྟོད་དྲགས་པའི་རྐྱེན་གྱིས་མཐར་ཐུག་ཕར་ཡང་མ་སླེབས། ཚུར་ཡང་མ་སླེབས་པ་ཞིག་ཡོང་གི་ཡོད། ང་རང་ཚོ་བོད་པའི་ནང་ལ་དེ་བཞིན་དུ་ག་ལེར་ལུས་ཀྱི་ཤ་ཁྲག་དེ་བོད་པའི་རིགས་བརྒྱུད་ནས་བྱུང་ན་ཡང༌། བསམ་བློ་གཏོང་སྟངས་དང་། གོམས་གཤིས་དེ་དག་བོད་པ་མིན་པ་ལྟ་བུ་ཡོང་སྲིད་པ་རེད། དེས་རང་ལ་ཕན་ཐོགས་བྱུང་ན་ཡག་པོ་རེད། འོན་ཀྱང་ཕན་ཐོགས་ཡོང་རྒྱུ་ཧ་ཅང་ཁག་པོ་རེད།

ག༽ ནང་ཆོས་ཀྱི་རིག་གཞུང་དང་། བཟང་སྤྱོད་ཉམས་དམས།

ད་རེས་ཉེ་ཆར་ང་སོག་ཡུལ་ལ་ཕྱིན་པ་ཡིན། སྔོན་མའང་ཚར་ཁ་ཤས་སླེབས་པ་རེད། ངས་ཁོང་ཚོར་ང་རང་ཚོ་བོད་པ་དང༌། སོག་པོ་གཉིས་ལ་ཆ་བཞག་ན། ནང་པ་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་རིག་གཞུང་དེ་ང་རང་ཚོའི་མི་རིགས་ཀྱི་གོམས་གཤིས་ཤིག་ཆགས་ཡོད། ང་ཚོར་ཕ་མེས་དུས་ནས་ནང་ཆོས་དང་འབྲེལ་བའི་རིག་གཞུང་གི་གོམས་གཤིས་འདི་མེད་ན་ཏན་ཏན་དཀའ་ངལ་འཕྲད་ཀྱི་རེད་ཅེས་བརྗོད་རྒྱུ་བྱུང༌། གཟབ་གཟབ་མ་བྱས་ཚེ་འཐུས་ཤོར་འགྲོ་རྒྱུའི་ཉེན་ཁ་འདུག བཟང་པོའི་ལྷག་བསམ་དང༌། སྤྱོད་ལམ་དེ་ག་ལེར་ཡལ་ན། ཤེས་བྱ་ཡོན་ཏན་གང་ཞིག་ཡོད་པ་དང༌། རྒྱུ་དངོས་པོའི་ནུས་པ་གང་ཞིག་ཡོད་ཀྱང་སྐྱིད་པོ་ཡོང་རྒྱུ་ཁག་པོ་ཡིན།
རང་ཉིད་སྐྱིད་པོ་མེད་པའི་ཞོར་ལ་རང་ཉིད་གང་དུ་སྡོད་སའི་སྤྱི་ཚོགས་དེའི་ནང་ལ་ཡང་མདའ་དཀྲུག་ཕུ་དཀྲུག་བྱས་ནས་སྡོད་རྒྱུ་ཡིན་པ་ཐག་ཆོད་པ་རེད། ང་ཚོ་གཞིས་བྱེས་མཉམ་འཛོམས་བྱུང་བའི་མཚམས་ལ་རྙོག་དྲ་དང༌། བརྡབ་གསིག་སྣོན་མ་བཟོ་མཁན་ལྟ་བུ་ཆགས་ན་ཡང་ཡག་པོ་གང་ཡང་མི་འདུག ང་ཚོ་རང་དབང་ལུང་པའི་ནང་ལ་བསྡད་ནས་རྒྱ་མིས་ང་ཚོའི་ཆོས་དང་རིག་གཞུང་མེད་པ་བཟོ་གི་འདུག་ཅེས་སྐད་རྒྱག་གི་ཡོད། སྐད་རྒྱག་མཁན་སོ་སོས་ཉིན་ཞག་ཕྲུགས་ཅིག་ཆུ་ཚོད་ཉེར་བཞིའི་ནང་བསམ་བློ་གཏོང་སྟངས་དང༌། སྤྱོད་ལམ་བྱེད་སྟངས་དེ་ལྷོད་གཡེང་འཐུས་ཤོར་ལ་ཕྱིན་ན། གཞན་ལ་ཕར་སྐྱོན་འཛུགས་བྱེད་པའི་སྐབས་འགྲེལ་བཤད་གང་འདྲ་བྱས་ནས་རྒྱག་རྒྱུ་ཡིན་ནམ། འདི་ཚང་མའི་དགོངས་པར་འཇགས་ནས་གཟབ་གཟབ་བྱེད་དགོས།
ལྷག་དོན་ཁྱིམ་ཚང་གི་ཕ་མ་ཚོས་ཕྲུ་གུ་ཆུང་ཆུང་སྒང་ནས་ཁྱིམ་ཚང་དེ་གའི་ནང་དུ་ཡ་རབས་དང༌། ཕན་སེམས་ཀྱི་གོམས་གཤིས་འཇགས་ཐུབ་པ་བཟོ་དགོས། དེ་ལྟར་བྱུང་ན་ཁྱིམ་ཚང་དེ་གའི་ནང་ལ་འཚར་ལོངས་བྱེད་མཁན་གྱི་ཕྲུ་གུ་དེ་དག་ལ་སོ་སོའི་ཉིན་ཞག་ཕྲུགས་གཅིག་གི་མི་ཚེའི་འགྲོ་སྟངས་ཐོག་ག་ལེར་བཟང་པོའི་གོམས་གཤིས་འཇགས་ཡོང་གི་རེད། དེ་ནི་ཤིན་ཏུ་ནས་གལ་ཆེན་པོ་མཐོང་གི་འདུག སྐབས་རེ་དེའི་ཐད་དངངས་སྐྲག་སྐྱེ་གི་འདུག གཞོན་ནུའི་སྒྲིག་འཛུགས་ཀྱི་ཐོག་ནས་གནད་དོན་དེ་ལ་དོ་ཁུར་བྱེད་དགོས་ལ། བུད་མེད་ལའང་ཁ་སང་སྐད་ཆ་བྱུང༌། གང་ལྟར་སྐབས་གང་དུ་ཡང་ངས་སྐད་ཆ་འདི་ཤོད་ཀྱི་ཡོད།
བོད་ནང་ལ་ཡོད་པའི་གཞོན་སྐྱེས་ཚོའི་རྩ་བའི་ལྷག་བསམ་དང༌། སོ་སོའི་མི་རིགས་ཀྱི་ཞེན་ཁོག་དང་སེམས་ཤུགས་ཧ་ལས་པ་ཞིག་ཡོད་ཀྱང༌། བཟང་པོའི་གོམས་གཤིས་ཀྱི་མིག་དཔེ་ལྟ་ས་མེད་པ་དང༌། གདུག་རྩུབ་དང་། མགོ་བདེ་དྲན་འཕྲུལ། དངུལ་ལས་བསམ་རྒྱུ་མེད་པའི་ཁོར་ཡུག་ནང་ཤུགས་རྐྱེན་ངན་པ་ཐེབས་རྒྱུའི་ཉེན་ཁ་མེད་དམ་བསམ་པ་དྲན་གྱི་འདུག བོད་ནང་གི་གཞོན་སྐྱེས་ཚོར་གོ་སྐབས་ག་དུས་བྱུང་རུང་ངས་ཤོད་ཀྱི་ཡོད། མི་ལ་ཕར་བཤད་པ་དང་ཆབས་ཅིག་ང་རང་ཚོ་རང་དབང་ལུང་པའི་ནང་ལ་སྡོད་མཁན་ཚོས་དེ་བས་ཀྱང་དུས་རྒྱུན་གཏན་ནས་ལྷོད་གཡེང་མ་སོང་བ་ཞིག་བྱེད་དགོས་ཀྱི་འདུག དེ་གཅིག་ཤོད་འདོད་བྱུང༌།

ང༽ འདས་པའི་གྲུབ་འབྲས་དང་། སྔར་ལྷག་འབད་ཐབས།

དེ་ནས་ད་ལྟ་བར་གཞོན་ནུའི་ལས་བསྡོམས་ནང་བཤད་པ་བཞིན་གྲུབ་འབྲས་ཡག་ཐག་ཆོད་བྱུང་ཡོད། ད་དུང་ཡང་གྲུབ་འབྲས་བྱུང་བ་དེ་ལ་ཆོག་ཤེས་བྱས་ནས་མ་བསྡད་པར་ད་བར་གྲུབ་འབྲས་ཐོན་པ་དེ་དག་གཞི་རྩར་བཞག་ནས་ད་དུང་དེ་ལས་ལྷག་པའི་ཡར་རྒྱས་དང་། གྲུབ་འབྲས་ཆེ་བ་ཡོང་རྒྱུའི་ནུས་པ་བསྐྱེད་དགོས་ལ། ཚང་མས་བསྐྱེད་རོགས་ཟེར་རྒྱུ་ཡིན། གཞན་དག་ད་ལྟ་ཚོགས་གཙོ་དང༌། བཀའ་བློན་ཁྲི་པས་བོད་དོན་སྐོར་ལ་བཀའ་མོལ་གནང་སོང༌། ངས་དེ་ལྷག་ཞུ་རྒྱུ་མེད།
ང་ཚོའི་བསྒྲུབ་བྱ་དེ་ང་ཚོས་སྒྲུབ་ཐུབ་ཀྱི་རེད་བསམ་པའི་སྤོབས་པ་བསྐྱེད་རྒྱུ་གལ་ཆེན་པོ་ཡིན། ང་ཚོས་ཕྱི་དང་ནང་གི་གནས་ཚུལ་གང་ཞིག་ལ་བལྟས་ནའང༌། བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བའི་གྲུབ་འབྲས་བྱུང་ཡོད། དེ་ནི་ང་ཚོས་ཐབས་ཤེས་འབད་བརྩོན་བྱས་པའི་འབྲས་བུ་ཡིན་པས། ང་ཚོའི་སྤོབས་པ་སྐྱེ་རྒྱུའི་གཞི་རེད། ད་ཆ་བདེན་མཐའ་གསལ་ལ་ཉེ་བའི་དུས་སྐབས་ཡིན་པས། ང་ཚོས་ཞུམ་ནས་མ་བསྡད་པར་ཚང་མས་སྔར་ལས་ལྷག་པའི་ལྷག་བསམ་བསྐྱེད་ནས་ཧུར་ཐག་འབད་ཐག་བྱེད་རོགས་ཟེར་རྒྱུ་ཡིན། གཞན་དག་ཞུ་རྒྱུ་མི་འདུག ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ།། །།