༄༅། །ཕྱི་ལོ་ ༡༩༩༤ ཟླ་ ༩ ཚེས་ ༡ ཉིན་བོད་ཀྱི་གཞོན་ནུ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཐུན་མོང་ལ་སྩལ་བའི་བཀའ་སློབ།

ཀ༽ ཤེས་ཡོན་གྱི་གལ་གནད་དང་། བོད་མིའི་འཐུས་ཤོར།

ཁྱེད་རང་ཚོ་ད་རེས་གྲོས་བསྡུས་བྱས་པའི་གྲོས་ཆོད་དོན་ཚན་ཁག་ཞིབ་ཚགས་པོ་ཡག་པོ་ཡོད་པ་ལྟ་བུ་འདུག གང་ལྟར་ང་ཚོ་བཙན་བྱོལ་བ་ཆགས་ཏེ་བོད་རང་དབང་བསྒྲུབ་རྒྱུའི་དོན་དུ་ང་རང་ཚོ་གཞུང་འབངས་མཆོག་དམན་ཚང་མས་སྤྱིར་བཏང་ནུས་པ་འདོན་གྱི་ཡོད་ལ། འདོན་དགོས་པ་ཞིག་ཀྱང་ཡིན། ང་རང་ཚོའི་སྤྱི་དོན་ཡིན་པ་ལས་མི་སྒེར་རེ་ཟུང་གི་དོན་དག་མིན། ཚང་མས་སྐབས་སུ་གང་བབ་ཁུར་དུ་འཁྲི་བ་དེ་དག་ཚང་མས་ཧུར་ཐག་བྱས་པ་རེད། དེའི་ནང་ཚན་ནས་གཞོན་ནུའི་ཚོགས་པ་ཡོད་པ་འདི་ད་ལྟ་བར་དུ་ལོ་རེ་ནས་ལོ་རེ་བཞིན་ཚགས་ཚུད་དུ་དང༌། ཕལ་ཆེར་གཞི་རྒྱ་ཡང་ཇེ་ཆེར་འགྲོ་གི་ཡོད་པ་ལྟ་བུ། དེ་བཞིན་ཁྱེད་རང་ཚོས་བསམ་ཚུལ་བཏོན་པ་དེ་དག་ཀྱང་མགོ་འཚོས་པོའི་ཐོག་ནས་ཕལ་ཆེར་གནད་ལ་འཁེལ་བ་ཡག་པོ་ཡོང་གི་ཡོད་པ་ལྟ་བུ་མཐོང་སོང༌།
ང་རང་ཚོས་ལས་རིགས་མང་པོ་ཞིག་ཐོག་མར་འགོ་འཛུགས་སྐབས་རྫིག་པོ་ཡོད་ནའང་རིམ་པས་ཇེ་སླར་འགྲོ་བ་ཞིག་ཡོང་གི་ཡོད། ཁྱེད་རང་ཚོའི་སྒྲིག་འཛུགས་ཀྱི་ཐོག་ནས་ད་ལྟ་ཕན་ཆད་ལ་སྡུག་ཏུ་མ་སོང་བར་ནུས་པ་བཟང་དུ་འགྲོ་བ་འདི་གཙོ་བོ་ཁྱེད་རང་ཚོས་ཧུར་ཐག་དང༌། ལྷག་བསམ་གཡོ་བ་མེད་པ། དཀའ་ངལ་དང་ལེན་སྙུགས་བསྲིངས་ཏེ་འབད་བརྩོན་བྱས་པའི་འབྲས་བུ་རེད། དེར་བརྟེན་ང་རང་དགའ་པོ་བྱུང་ལ། ཧ་ཅང་ཡག་པོ་རེད་བསམ་པ་དྲན་གྱི་ཡོད། ཁྱེད་རང་ཚོས་ད་ལྟ་བར་དུ་བྱས་རྗེས་བཞག་པ་དེར་ངས་བཀྲ་ཤིས་བདེ་ལེགས་ཞེས་བརྗོད་འདོད་བྱུང༌། གྲུབ་འབྲས་འདི་དག་མ་ཐོན་པར་ཚང་མས་ཧུར་ཐག་འབད་ཐག་བྱས་ཏེ་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་མིག་གིས་མཐོང་རྒྱུ་ཡོད་པ་བཟོས་པ་དེར་ཁྱེད་རང་ཚོ་ཚང་མར་ཐུགས་རྗེ་ཆེ་ཞེས་བརྗོད་འདོད་བྱུང༌།
སྤྱིར་བཏང་ང་རང་ཚོ་སྤྱི་ཚོགས་གང་དུ་ཡིན་ནའང་གཞོན་སྐྱེས་རྣམས་སྤྱི་ཚོགས་དེའི་ནང་གལ་ཆེན་པོ་ཆགས་ཡོང་གི་ཡོད། རིམ་པས་སྤྱི་ཚོགས་ཀྱི་མིའི་ནུས་པའམ། སྤྱི་ཚོགས་ཀྱི་ངོ་བོ་མཚོན་མཁན་ཞིག་ཆགས་ཡོང་གི་ཡོད། སྤྱིར་བཏང་མི་ཞིག་ཡིན་ཕྱིན་ཕྱོགས་གཅིག་ནས་སོ་སོ་སྒེར་གྱི་བདེ་སྡུག་ཀྱང་སྤྱི་པའི་སྒྲིག་འཛུགས་དང་འབྲེལ་བ་ཡོད་སྟབས། སྤྱི་ཡག་པོ་ཡོད་ན་སྒེར་ཡང་ཡག་པོ་ཡོང་རྒྱུ་དང༌། སྤྱི་པའི་ཐོག་གྲ་འགྲིག་པོ་མ་བྱུང་ན། སྒེར་པ་རང་ཉིད་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པ་ནི་འཛམ་གླིང་སྤྱི་ཡོངས་ཀྱི་ཐོག་ནས་ཧ་ཅང་གསལ་པོ་ཡོད།
ང་རང་ཚོ་མི་ཞིག་ཡིན་ཕྱིན་འགྲོ་བ་མི་ཡོངས་ཀྱི་དོན་དུ་སྤྱི་སེམས་ཤིག་འཁྱེར་དགོས་པ་འདི་ཡ་རབས་དང་། བཟང་པོའི་སྐད་ཆ་མིན་པར་ང་རང་ཚོ་རང་ཉིན་ཀྱི་མ་འོངས་པའི་བདེ་སྡུག་དང་འབྲེལ་བ་ཡོད། མི་སུ་ཡིན་ཡང་རང་དོན་རང་གཅེས་ཀྱི་བསམ་བློ་གཏོང་དགོས་པ་ལྟར། སོ་སོའི་མ་འོངས་པའི་བདེ་སྡུག་འཛམ་གླིང་སྤྱིའི་བདེ་སྡུག་དང་འབྲེལ་བ་ཡོད་པའི་དབང་གིས་མི་སུ་ཡིན་ཡང་སོ་སོ་རང་ཉིད་འཚོ་སའི་འཛམ་གླིང་འདིའི་ཐོག་སྤྱི་སེམས་ཤིག་འཁྱེར་དགོས་པ་རང་ཤུགས་ཀྱིས་ཆགས་ཀྱི་ཡོད།
ཡང་སྒོས་ལྷག་པར་ཅན་དུ་ང་རང་ཚོ་བོད་པ་རྣམས་སོ་སོ་རང་ཉིད་ཀྱི་ལུང་པའི་ནང་སོ་སོའི་ཆོས་དང་རིག་གཞུང་ཡོད་པ་འདི་དག་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་བྱེད་ཅིང་། དེ་ལས་སྤྲོས་ཏེ་ལུང་པ་གཞན་དག་ལ་ཕར་བསྙད་བརྐོ་བྱེད་པ་དང༌། ཕན་ཚུན་དཔལ་འབྱོར་དང༌། ཡང་ན་སྲིད་དོན་གྱི་ཐོག་ནས་ཁྱིམ་མཚེས་ཀྱི་ལུང་པ་གཞན་དག་ནང་རྙོག་དྲ་བཟོ་བ་སྔ་རབས་བོད་ཀྱི་ལོ་རྒྱུས་ནང་ཡོད་ཤས་ཆེ་མ་གཏོགས། དུས་ཕྱིས་རྩ་བ་ནས་བཟོས་མེད། འདི་འདྲའི་གནས་ཚུལ་གྱི་འོག་ནས་ང་རང་ཚོའི་ལུང་པའི་ནང་འབུ་ཆེས་ཆུང་ཟོས་ཀྱི་ཐུབ་ཚོད་བཤད་པ་དང་། ཐུབ་ཚོད་བཤད་པ་ཙམ་དུ་མ་ཟད། གཏོར་བཤིག་ཚབས་ཆེ་འདི་ལྟ་བུ་བཏང་བའི་གནས་ཚུལ་གྱི་འོག་ནས་མི་རིགས་ལར་ཞེན་གྱི་སྐད་ཆ་ཙམ་མ་ཡིན་པར། དངོས་གནས་བདེན་པར་དགའ་ཞེན་ཡོད་མཁན་ཞིག་དང༌། མིའི་བདེ་སྡུག་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ཕྱིན། བོད་སྤྱིའི་དོན་དག་ལ་བསམ་བློ་གཏོང་དགོས་པ་ཞིག་རང་ཤུགས་ཀྱིས་ཆགས་ཡོང་གི་ཡོད།
བོད་པ་མིན་པ་ཞིག་གིས་ཀྱང་བོད་པའི་གནས་ཚུལ་གོ་ཐོས་བྱུང་ཚེ་སེམས་ལ་སྐྱོ་སྣང་སླེབས་པ་ཞིག་དང༌། སྡུག་ནད་མ་ཐེག་པ་ལྟ་བུས་རང་བཞིན་གྱིས་བོད་པར་ཤ་ཚ་བྱེད་དགོས་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད། ང་རང་ཚོ་བོད་པ་རྣམས་ནི་དེ་བས་ཀྱང་སོ་སོ་རང་ཉིད་ཀྱི་བདེ་སྡུག་ལ་ཐུག་ཡོད་པས། ཚང་མས་བོད་སྤྱི་པའི་དོན་དག་ལ་སེམས་ཤུགས་སྒྲིལ་དགོས་པ་ལོས་ཡིན། དེ་ཡང་སེམས་ཤུགས་ཡོད་པ་གཅིག་པུས་མི་འགྲིགས་པར་སློབ་སྦྱོང་བྱས་པའི་ཤེས་ཡོན་དགོས་ཤིང་། ཕྱོགས་གཅིག་ནས་ང་རང་ཚོས་ཤེས་ཡོན་གྱི་ཐོག་ལ་དང་དོད་བྱེད་དགོས་པ་དང༌། དེ་དང་ཆབས་ཅིག་ཡ་རབས་སྤྱོད་བཟང་གི་ཐོག་ལ་དོ་སྣང་བྱེད་རྒྱུ། སོ་སོ་རང་ཉིད་ཡོད་སའི་སྤྱི་ཚོགས་དེའི་ནང་སྤྱིར་བཏང་མི་མང་ཡོངས་རྫོགས་ཀྱི་བསམ་བློའི་ནང་བོད་སྤྱི་པའི་དོན་དག་ལ་དོ་སྣང་ཆེ་རུ་གཏོང་རྒྱུ། གཉིས་ནས་ང་རང་ཚོ་བོད་པའི་གནས་ཚུལ་གྱི་དཀའ་ངལ་ཡོང་སྟངས་ཇི་འདྲ་བྱས་ཏེ་ཡོང་མིན་དང༌། དཀའ་ངལ་འདི་སེལ་ཐབས་གང་འདྲ་བྱེད་དགོས་པ། ཐབས་ཤེས་གང་འདྲ་ཞིག་གི་ཐོག་ནས་བྱེད་དགོས་པ་སོགས་རྒྱུན་དུ་མིའི་བསམ་བློའི་ནང་གོ་རྟོགས་ཆེ་རུ་ཕྱིན་པ་ཡིན། སྐབས་སུ་བབས་པའི་ལས་ཀ་ཞིག་ཐོན་ཡོང་སྐབས་རྒྱུན་དུ་དོ་སྣང་དང་སེམས་འཁུར་ཡོད་པའི་དབང་གིས་སྐབས་བབས་ལས་དོན་གང་ཞིག་བྱེད་དགོས་ཀྱང་ཚགས་ཚུད་པོ་ཡོང་གི་རེད། རྒྱུན་དུ་རང་བཞིན་གྱི་བསམ་བློའི་ནང་དོ་སྣང་དང༌། ཡང་ཡང་དཔྱད་པ་བྱས་པའི་གོ་རྟོགས་གང་ཡང་མེད་ན། སྐབས་བསྟུན་གསལ་བསྒྲགས་ཤིག་བྱས་ནའང་དེ་འདྲ་ཡིན་པ་རེད་སྙམ་པ་ཞིག་ལས། དེ་ལས་ལྷག་པའི་ནུས་པ་ཐོན་ཐུབ་པ་ཡོང་གི་མེད།
ང་རང་ཚོ་བོད་མི་བཙན་བྱོལ་བའི་ནང་ཆ་བཞག་ན། སྤྱིར་བཏང་མང་ཚོགས་ཀྱི་བསམ་བློའི་ནང་ལྷག་བསམ་དངོས་གནས་རྨ་མེད་པ་ཞིག་དང༌། ལ་རྒྱ་ཞེན་ཁོག་འགྱུར་བ་མེད་པ་ཞིག་ཡོད་ཀྱང༌། རྣམ་དཔྱོད་ཀྱིས་མ་འདང་བར་འཐུས་ཤོར་ཡོང་གི་འདུག འཛམ་གླིང་གང་དུ་ཡིན་ན་ཡང༌། མི་རིགས་ཆེ་ཆུང་ལ་མ་ལྟོས་པར་མང་ཚོགས་ཀྱི་ཤེས་ཡོན་གནས་ཚད་དང༌། མང་ཚོགས་ཀྱི་གོ་རྟོགས་ཆུ་ཚད་ཇི་ཙམ་མཐོ་བ་ཡོད་པ་དེ་ཙམ་གྱིས་ལུང་པ་ཡར་རྒྱས་ཆེ་བ། ཚགས་ཚུད་པ། ལེགས་པ་ཡོང་གི་ཡོད། སྔོན་མ་ནས་ང་རང་ཚོས་གཞིས་ཆགས་ཚང་མའི་ནང་ཤེས་ཡོན་ཚོགས་ཆུང་ཟེར་བ་བཙུགས་ཏེ་འབད་བརྩོན་རིམ་པར་བྱས་ཡོད་ཀྱང༌། གོང་དུ་བརྗོད་པ་བཞིན་ཐོག་མར་འགོ་འཛུགས་སྐབས་སུ་དུས་ཡུན་ཕྲན་བུ་ཙམ་ལས་ལོ་ནས་ལོ་བསྟུད་དེ་སྙུགས་བསྲིངས་ནས་འབད་བརྩོན་བྱེད་རྒྱུ་ཧ་ཅང་ཁག་པོ་ཡོང་གི་འདུག གཞོན་ནུའི་སྒྲིག་འཛུགས་ཀྱི་ཐོག་ནས་མང་ཚོགས་ཀྱི་ཤེས་ཡོན་ཡར་རྒྱས་འགྲོ་ཐབས་ལ་འབད་བརྩོན་བྱེད་དགོས།

ཁ༽ མང་མོས་ཀྱི་བསམ་ཚུལ་དང་། ཆོས་རིག་ལ་དོན་གཉེར།

འདིར་བགྲོ་གླེང་བྱེད་པའི་དོན་ཚན་དང་པོ་དང་འབྲེལ་ནས་མ་འོངས་པར་བོད་པའི་གནས་ཚུལ་གྱི་ཐོག་ལ་བསམ་འཆར་བསྡུས་པ་ཡིན་ན། སྔོན་ཚུད་ནས་མང་ཚོགས་ཀྱི་བསམ་བློའི་ནང་ཐབས་ལམ་འདྲ་མིན་དེ་དག་སླེབས་ཐུབ་པ་ཞིག་བྱུང་ན་ཞེས་ཁྱེད་རང་ཚོས་བགྲོ་གླེང་བྱེད་རྒྱུ་བསམ་བློ་གཏོང་གི་ཡོད། དེ་དང་དེས་མཚོན་པའི་མདོ་དོན་ཡང་སྙིང་མང་ཚོགས་ཀྱི་ཤེས་ཚད་དང༌། རྣམ་དཔྱོད་ཀྱི་ནུས་པ་ཆེ་རུ་འགྲོ་རྒྱུའི་ཐོག་ལ་ནུས་པ་འདོན་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་འདུག རང་བཞིན་གྱི་མིའི་རྣམ་དཔྱོད་དང༌། བསམ་བློ་གཏོང་རྒྱུའི་ནུས་པ་ཆེ་བ་ཡོད་པའི་ཚོད་ཀྱིས་ཆོས་ཕྱོགས་ལའང་དེ་ལུགས་ཀྱི་དོ་སྣང་ཞིག་སླེབས་ཏེ་རྒྱུ་མཚན་ལ་དཔྱད་པ་བྱེད་འདོད་ཡོང་གི་རེད། རྒྱུ་མཚན་ལ་དཔྱད་པ་ཇི་ཙམ་མང་བ་བྱས་པ་དེ་ཙམ་གྱིས་ནང་པའི་ཆོས་ལ་ངེས་པ་རྙེད་ཆེ་བ་ཡོང་གི་རེད། བོད་པའི་རིག་གཞུང་ཞེས་པ་འདིའི་རྩ་བ་ནང་པའི་ཆོས་དང་འབྲེལ་བ་ཡོད་པ་ཞིག་རེད། སྒེར་པ་རང་ངོས་ནས་ནང་ཆོས་ཁས་ལེན་མིན་དང་། ནང་ཆོས་ལ་ཡིད་ཆེས་ཡོད་མེད་ཇི་ལྟར་ཡང༌། བོད་ཀྱི་རིག་གཞུང་ནི་ནང་ཆོས་དང་འབྲེལ་བ་ཡོད་པ་ཞིག་ཡིན་གཤིས། རང་བཞིན་གྱིས་མིའི་བསམ་བློའི་མཐོང་རྒྱ་ཐོས་རྒྱ་ཆེ་རུ་དང༌། དོ་སྣང་ཆེ་རུ་ཕྱིན་ན་ནང་པའི་ཆོས་ཀྱི་ཕན་ནུས་ཤེས་རྟོགས་ཐུབ་པ་ཡོང་གི་རེད།
དེ་མིན་དད་པ་ཙམ་ཞིག་ཡོད་པ་ལས། གནས་ཚུལ་ལ་བསམ་གཞིགས་བྱེད་རྒྱུའི་ནུས་པ་དོ་སྣང་དེ་ཙམ་མེད་ན། ཆོས་ཚང་མ་འདྲ་བ་ཙམ་ལས་དེ་མིན་གྱི་ཁྱད་ཆོས་མཐོང་མི་ཐུབ། ང་རང་ཚོའི་མང་ཚོགས་ཀྱི་ཤེས་ཡོན་ཡར་རྒྱས་འགྲོ་ཐབས་གང་དྲག་བསམ་པ་རྟག་པར་དྲན་གྱི་འདུག་ཀྱང༌། དེ་ཙམ་བྱེད་ཐབས་ནི་གང་ཡང་མི་འདུག གཞོན་ནུའི་སྒྲིག་འཛུགས་ཀྱི་ཐོག་ནས་དེ་ལྟ་བུའི་ཐོག་ལ་ནུས་པ་འདོན་རྒྱུ་དང༌། ཞབས་འདེགས་བསྒྲུབ་རྒྱུའི་གོ་སྐབས་ཡོད་པ་ཞིག་རྟག་པར་དྲན་གྱི་འདུག་པས་ཁྱེད་རང་ཚོས་དོ་ཁུར་བྱེད་དགོས།

ག༽ ཡ་རབས་བཟང་སྤྱོད་དང་། འཕྲལ་ཕུགས་ཀྱི་དགེ་སྐྱོན།

དེ་ནས་ད་ལྟ་བཤད་མ་ཐག་པའི་ཡ་རབས་སྤྱོད་བཟང་ཞེས་པའི་སྐོར། ཡ་རབས་བྱས་ན་སྐྱེ་བ་ཕྱི་མ་ཡག་པོ་ཡོང་བ་དང༌། མ་རབས་བྱས་ན་སྐྱེ་བ་ཕྱི་མར་སྡུག་བསྔལ་ཡོང་གི་རེད་ཅེས་པ་དེ་གཅིག་པུ་མིན་པར་ང་རང་ཚོ་གསོན་པའི་མི་ཚེ་འདིའི་རིང་ལ་ཡང་སྒེར་དང་། ཁྱིམ་ཚང༌། ཁྱིམ་ཚང་མང་པོ་འདུས་པའི་སྤྱི་ཚོགས་ནང་ཞི་བདེ་དང༌། སེམས་བག་ཕེབས་པ། དཔལ་འབྱོར་གྱི་ཐོག་ཏུ་ཡང་དོན་མེད་ཆུད་ཟོས་མི་འགྲོ་བ། སོ་སོའི་ལུས་པོ་ཡང་ཆུད་ཟོས་མི་འགྲོ་བ་སོགས་ལ་ཡ་རབས་སྤྱོད་བཟང་གིས་ཕན་ཐོགས་ཆེན་པོ་ཡོད། སྐྱེ་བ་ཕྱི་མ་སྨོས་མི་དགོས་པར། ཚེ་འདིའི་དབང་དུ་བྱས་ཀྱང་ཁ་ཡོད་ལག་ཡོད་ཀྱི་འབྲས་བུ་བཟང་པོ་ཞིག་མཐོང་རྒྱུ་ཡོད།
ཉལ་ཐག་འཐེན་པ་ལྟ་བུ་དང༌། ཆང་རག་འཐུང་བ། ཐ་མག་ཚོད་མེད་འཐེན་པ་སོགས་མ་རབས་ཀྱི་བྱ་སྤྱོད་ཐོག་ཏུ་ཕྱིན་ཚེ་མི་ཚེ་འདི་གའི་མཐོང་ཆོས་ལའང་ལུས་མི་བདེ་བ་དང༌། སེམས་མི་སྐྱིད་པ། སྤྱི་ཚོགས་ནང་དུའང་དཀའ་ངལ་འཕྲད་པ། རིམ་པས་དཔལ་འབྱོར་གྱི་ཐད་ཀྱང་དཀའ་ངལ་འཕྲད་རྒྱུར་བརྟེན་དགེ་མཚན་གང་ཡང་མེད། ཁྱེད་རང་ཚོས་དོ་སྣང་བྱས་པ་དེ་དག་ཧ་ཅང་ཡག་པོ་རེད། ད་དུང་ཡང་ཧུར་ཐག་བྱེད་དགོས།

ང༽ སྤྱི་ཡོངས་ཀྱི་གནས་ཚུལ་དང་། བོད་དོན་གྱི་རེ་བ།

བོད་སྤྱི་པའི་དོན་དག་སྐོར་ལ་ཞུ་རྒྱུར། དེང་སང་ཕྱོགས་གཅིག་ནས་བོད་རང་གི་ཁོར་ཡུག་དེ་གཅིག་པུར་བལྟས་ཏེ། བོད་ནང་གི་ཛ་དྲག་གི་གནས་ཚུལ་གོ་ཐོས་ཡོང་དུས་སྐབས་རེ་བསམ་བློའི་ནང་ད་གང་དྲག་བསམ་པ་དྲན་གྱི་འདུག ཡིན་ན་ཡང༌། འཛམ་གླིང་སྤྱི་ཡོངས་ཀྱི་གནས་ཚུལ་དང་བསྡུར་ཞིང་། རྒྱ་ནག་ནང་གི་གནས་ཚུལ་ལའང་བལྟས་པ་སོགས་ཕྱོགས་ཚང་མའི་གནས་ཚུལ་ཕྱོགས་བསྡོམས་བྱས་ཏེ་བལྟས་ན་ཏན་ཏན་རེ་བ་ཆེན་པོ་ཡོད་པ་ཞིག་རེད།
བོད་ནང་གནས་ཚུལ་ཛ་དྲག་ཡོད་ནའང༌། ཐབས་ལམ་མེད་ན་གནས་ཚུལ་ཐ་དད་ཡིན་ཡང༌། འདི་ལྟར་མིན་པར་ཕྱོགས་སྤྱི་ཡོངས་ཀྱི་ཐོག་ནས་གཞིགས་ན་རེ་བ་ཡོད་པའི་གནས་ཚུལ་གྱི་སྒང་ལ་སླེབས་ཡོད་པས། དུས་ཚོད་གཉན་འཕྲང་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད། ཚང་མར་ལྷག་བསམ་རྨ་མེད་པ་ཡོད། སྤྱི་པའི་དོན་དག་ལ་བྱ་ཐབས་གང་ཞིག་འདུག་གམ། ད་ལྟ་ཁྱེད་རང་ཚོས་བསམ་བློ་བཏང་སྟེ་གུང་བསྒྲིགས་པ་འདི་དག་ཧ་ཅང་ཡག་པོ་བྱུང་འདུག ད་དུང་ཚང་མས་ཤུགས་བསྐྱེད་དེ་ཧུར་ཐག་བྱེད་དགོས། ཕྱི་ནང་གི་གནས་ཚུལ་ལ་གང་དུ་བལྟས་ཀྱང་ཕལ་ཆེར་བདེན་མཐའ་གསལ་ལ་ཉེ་བའི་དུས་སྐབས་ལ་བརྟེན། ཚང་མས་སེམས་ཤུགས་མ་ཆག་པར་ཧུར་ཐག་བྱེད་དགོས། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ།། །།