༄༅། །ཕྱི་ལོ་ ༡༩༩༠ ཟླ་ ༩ ཚེས་ ༣ ཉིན་བོད་ཀྱི་གཞོན་ནུའི་འགན་འཛིན་ལྷན་ཚོགས་ཐེངས་ཉི་ཤུ་གཅིག་པའི་ཚོགས་མི་རྣམས་ལ་སྩལ་བའི་བཀའ་སློབ།

ཀ༽ གཉིས་ཕན་གྱི་ཐབས་ལམ་དང་། མང་ཚོགས་ཀྱི་གོ་རྟོགས།

ཁྱེད་རང་རྣམ་པ་མང་གཙོའི་སྐོར་ལ་གོ་བསྡུར་བྱེད་རྒྱུ་དེ་ཧ་ཅང་ཡག་པོ་རེད། གལ་ཆེན་པོ་འདུག གོ་བསྡུར་ཙམ་མིན་པར་ང་རང་ཚོའི་མང་ཚོགས་ཀྱི་ཁྲོད་ལ་མང་གཙོའི་གོ་རྟོགས་ཤུགས་ཆེ་རུ་འགྲོ་ཐབས་དང༌། མང་གཙོའི་ཐོབ་ཐང་ཡོད་པ་ལྟར། ཐོབ་ཐང་དེ་དང་འབྲེལ་བའི་ལས་འགན་ཞིག་ཀྱང་སླེབས་ཀྱི་ཡོད། དེ་དག་ལ་མང་ཚོགས་ཀྱིས་དོ་སྣང་ཆེ་རུ་འགྲོ་བ་དང༌། གོ་རྟོགས་ཤུགས་ཆེ་རུ་འགྲོ་བའི་ཐབས་ཤེས་བྱེད་རྒྱུ་གང་དག་འདུག་གམ། མ་གཞི་སྔོན་མ་ནས་ཤེས་ཡོན་ཚོགས་ཆུང་བཙུགས་ཤིང་། གསར་ཤོག་སོགས་ལ་དོ་སྣང་བྱེད་དགོས་ཞེས་བཤད་ཡོད། ཁྱེད་རང་ཚོ་གཞོན་ནུ་དང༌། བུད་མེད་ཀྱི་ཚོགས་པ་ས་གནས་གང་སར་ཡོད་པ་བཅས་ཀྱི་ཐོག་ནས་མི་མང་གི་དུས་ཚོད་དང་བསྟུན་ནས་དེ་ལྟ་བུའི་བགྲོ་གླེང་དང༌། གསལ་བཤད། གོ་བསྡུར་ཡང་ཡང་ངེས་པར་དུ་བྱེད་དགོས། དཔེར་ན། གནད་དོན་བྱེ་བྲག་པ་མང་གཙོའི་དོན་ཚན་འདིའི་ཤེས་ཡོན་གྱི་དོན་དག་ལ་ཐབས་ཤེས་ལས་འགུལ་མང་ཙམ་བྱེད་ཐུབ་ན་ཡག་པོ་རེད།
བར་སྐབས་ངོས་ནས་གསར་འགོད་པ་ཁ་ཤས་ལ་ཤོད་ཀྱི་ཡོད། རྩ་བ་ང་ཚོ་བོད་རང་དབང་རང་བཙན་རེད། རྒྱ་དང་བོད་ཐ་དད་སོ་སོ་རེད། བོད་ནང་རྒྱ་མིས་བཙན་དབང་གིས་བཙན་འཛུལ་བྱས་པ་རེད། དེང་སང་བོད་དྲག་ཤུགས་ཀྱི་ཐོག་ནས་ཟིན་ནས་བསྡད་པའི་ལུང་པ་ཞིག་ཆགས་ཡོད། བོད་ནང་གི་རྒྱ་ཆེའི་མི་མང་དེ་དག་གིས་རང་དབང་འདོད་ཀྱི་ཡོད་ན་ཡང༌། ལམ་སེང་རང་དབང་གཙང་མ་ཞིག་ལག་ལེན་འཁེལ་ཐུབ་རྒྱུ་ཁག་པོ་ཆགས་ཡོད། ཚུར་ཕྱོགས་འདིར་བོད་ནང་མི་མང་པོ་ཞིག་བསད་པ་དང་། བརྡུང་བ་སོགས་ཀྱི་ཐོག་ནས་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་ལ། ད་དུང་རྒྱ་མི་ཕོན་ཆེ་བོད་ལ་ཡོང་རྒྱུའི་གནས་ཚུལ་ཛ་དྲག་ཡོད་པར་བརྟེན། སྔོན་ལ་ཛ་དྲག་གི་གནས་ཚུལ་དེ་དག་ལས་སྐྱོབ་པའི་ཐབས་ཤེས་ཤིག་མི་བྱ་མཐུ་མེད་ཡིན།
ཕྱོགས་གཅིག་ནས་བསམ་བློ་བཏང་ན། འཛམ་གླིང་འདིའི་སྒང་གི་ས་མཚམས་ཟེར་བ་འདི་དག་ག་དུས་ཡིན་ནའང་འགྱུར་བ་འགྲོ་གི་རེད། གལ་ཆེ་ཤོས་ནི་མི་རིགས་དེ་ལ་ཁེ་ཕན་ཡོད་པ་ཞིག་དགོས་ཀྱི་ཡོད། བོད་མི་རིགས་དང༌། རྒྱ་མི་རིགས་གཉིས་ཀར་ཁེ་ཕན་ཡོད་པའི་ཐབས་ལམ་གསར་པ་ཞིག་རྙེད་ན་འགྱོད་པ་མེད་པ་ཞིག་རེད། དེ་ཡང་ཐབས་ཤེས་ཤིག་རེད་བསམས་ནས་འབོད་སྐུལ་བྱེད་ཀྱི་ཡོད།

ཁ༽ རིགས་གཅིག་རྐང་འཛིན་དང་། ཤེས་ཡོན་ཅན་གསོ་སྐྱོང་།

ང་ཚོ་རྒྱ་གར་ལ་སླེབས་རྗེས་བོད་ཕྲུག་ལ་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་པོར་བརྩིས་ཏེ་ ༡༩༦༠ ལོར་མ་སུ་རིར་སློབ་གྲྭ་དང་པོ་དེ་བཙུགས་པ་དང་། འཛམ་གླིང་རྒྱལ་ཚོགས་ལ་བོད་དོན་ཞུ་རྒྱུའི་སྐོར་ལྡི་ལིར་སྲིད་བློན་ནེ་རུ་མཇལ་ཏེ་བཀའ་མོལ་ཞུ་བའི་སྐབས་ཤིག་ལ། ནེ་རུས་རྒྱ་གར་ནང་ལ་སླེབས་པའི་བོད་པའི་ཕྲུ་གུ་འདི་དག་ལ་དེང་དུས་དང་མཐུན་པའི་ཤེས་ཡོན་ཆ་ཚང་བའི་སློབ་སྦྱོང་ཡག་པོ་ཞིག་སྤྲོད་དགོས། བོད་དོན་མ་བརླག་པའི་ཐབས་ཤེས་གཙོ་བོ་འདི་རེད་ཅེས་གསུངས་བྱུང༌། དེ་དངོས་གནས་བདེན་པ་རེད། ད་བར་ང་ཚོས་སློབ་གྲྭ་བཙུགས་པ་འདི་དག་ལ་གང་ལ་གང་འཚམ་གྱི་གྲུབ་འབྲས་ཐོན་ཡོད། དཔེར་ན་ཁྱེད་རང་ཚོ་འདིར་ཡོད་པ་མང་པོ་ཞིག་སྔོན་ལ་ཚད་དང་མཚན་ཉིད་ཚང་བ་ཞིག་ཡོད་མེད་ལ་མ་ལྟོས་པར། གང་ལྟར་སློབ་གྲྭ་ཁག་འདི་དག་འགྲིམས་ནས་ཐོན་པ་ཤ་སྟག་རེད།
དེང་སང་བོད་གཞུང་གི་ལས་བྱེད་པའི་ནང་ལ་ཡང་བརྒྱ་ཆ་མང་བ་ན་གཞོན་ཡིན་ཅིང་། ལྔ་བཅུ་ང་དགུ་དང༌། དྲུག་ཅུ་ཐམ་པའི་ལོར་རྒྱ་གར་དུ་སླེབས་པའི་ཕྲུ་གུ་ཚོ་སློབ་གྲྭ་འགྲིམས་ནས་དེང་སང་ལས་འགན་འཁྱེར་མཁན་ནང་ལ་སླེབས་ཡོད། ཡིན་ན་ཡང་བར་སྐབས་ང་ཚོའི་སློབ་གྲྭ་ཁག་དག་གི་ནང་དུ་ཤེས་ཡོན་གྱི་གནས་ཚད་འདང་གི་མི་འདུག ཤེས་ཡོན་གནས་ཚད་སྐྱོ་རུ་འགྲོ་གི་ཡོད་པའི་སྐད་ཆ་ཞིག་ལྷགས་ཀྱི་ཡོད། ང་ཚོས་བོད་ནང་ལ་རྒྱ་མིས་ང་ཚོའི་རིག་གཞུང་རྩ་མེད་གཏོང་གི་འདུག་ཅེས་སྐད་རྒྱག་གི་ཡོད་ཀྱང༌། སྐབས་རེ་བོད་ཡིག་གི་རྩོམ་འབྲི་དང༌། དཔེ་དེབ་ཐོན་སྟངས་བོད་ནང་ལ་ཡོད་པ་དེ་རིགས་ལེགས་པ་ལྟ་བུ་དང༌། ང་ཚོ་རང་དབང་ལུང་པའི་ནང་ལ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དམིགས་ཡུལ་གཙོ་བོ་ཡིན་ཟེར་མཁན་གྱི་སློབ་གྲྭ་ཁག་ནས་ཐོན་མཁན་དེ་དག་བོད་ཡིག་གི་ཤེས་ཚད་ཞན་པ་ལྟ་བུ་དངོས་ཡོད་གནས་ཚུལ་ཆགས་ཡོང་གི་ཡོད།
ཉེ་ཆར་རང་ལྡི་ལིར་རྒྱ་གར་ཤེས་རིག་བློན་ཆེན་ཆེད་མངགས་མཇལ་ཏེ་སློབ་གྲྭ་ཁག་གི་ཤེས་ཚད་སྐོར་ཞིབ་འཇུག་གནང་དགོས་ཀྱི་འདུག་ཅེས་བསམ་འཆར་ཞུས་པ་ཡིན་ལ། དེའི་ཐད་ཐུགས་ཁུར་ཆེན་པོ་བཞེས་ཀྱི་འདུག ཡིན་ནའང་རྩ་བ་སློབ་གྲྭའི་དགེ་རྒན་བོད་མི་དང༌། ལས་ཀ་བྱེད་མཁན་འབྲེལ་ཡོད་ཚང་མས་དོ་སྣང་དང༌། འགན་འཁུར་བླངས་ཏེ་བོད་ཡིག་ཤེས་ཚད་ཡར་རྒྱས་གཏོང་ཐབས་ངེས་པར་དུ་བྱེད་དགོས། དེའི་ཐོག་ལ་གཞོན་སྐྱེས་ཚོའི་ནང་ནས་བུ་དང་བུ་མོ་ཁྱད་མེད་ཀྱིས་སློབ་གྲྭའི་ནང་ལ་དགེ་རྒན་གྱི་ལས་ཀ་བྱེད་རྒྱུ་དང༌། ཡང་སྤྱི་ཚོགས་ནང་དུ་ལས་རིགས་འདྲ་མིན་གྱི་ཐོག་ཏུ་བོད་མི་རང་ཉིད་ཀྱི་བློ་གྲོས་དང་རིག་པ་གསར་པ་འདོན་ཐབས་དང༌། ལམ་སྟོན་གསར་པ་བྱེད་མཁན་བོད་མི་རང་ཉིད་ཀྱི་ནང་ནས་ཐོན་དགོས་ཀྱི་འདུག
དཔེར་ན། རིས་མོའི་བྲིས་ཆ་དང༌། འཁྲབ་སྟོན་སྐོར། སྐུ་བརྙན་བཞེངས་སྐྲུན་སོགས་ང་ཚོར་ཐུན་མོང་མ་ཡིན་པའི་ལག་རྒྱུན་དམིགས་བསལ་ཅན་མང་པོ་ཞིག་དེ་སྔ་ནས་ཡོད་པ་དེ་དག་ཉམས་ཆག་མ་སོང་བར་མུ་མཐུད་རྒྱུན་འཛིན་བྱེད་དགོས་པའི་རིགས་གཅིག་དང༌། ཡང་དེང་སང་གི་དུས་རབས་གསར་པའི་སྤྱི་ཚོགས་ནང་གི་ལག་ཤེས་རྣམ་གྲངས་འདྲ་མིན་རྣམས་ཀྱང་ང་ཚོ་ཤེས་དགོས་ཀྱི་འདུག བོད་པའི་ནང་ནས་དེ་ལྟར་ཐོན་དགོས་ཀྱི་འདུག མ་གཞི་ངོས་ནས་དེའི་སྐོར་ཐེངས་ཁ་ཤས་བཤད་ཡོད། ད་ཆ་ངོས་ལ་བཀའ་སློབ་གནང་རོགས་གནང་ཞེས་བརྗོད་ན་བཀའ་སློབ་གང་ཞིག་གནང་དགོས་སམ། སྔོན་མ་ལྔ་བཅུ་ང་དགུ་དྲུག་ཅུའི་སྐབས་ལ་མི་མང་ཕལ་ཆེར་འཐོམས་མ་སངས་པར་བསྡད་ཡོད་ལ། ངའི་ངོས་ནས་གཞན་དག་ཤེས་ཀྱི་མེད་ནའང་མི་མང་པོ་ཐུག་འཕྲད་བྱུང་བ་སོགས་ཀྱི་གོ་སྐབས་མང་བ་བྱུང་བའི་སྟབས་ཀྱིས་གཏེ་པོའི་དཀྱིལ་གྱི་གཟུགས་བཟང་ལྟར་བྱས་ནས་ཕྲན་བུ་བཤད་ན་ཕན་ཐོགས་ཡོང་གི་ཡོད། ད་ལྟ་བར་དུ་བཤད་པ་རེད། ད་ཆ་བཤད་པ་རྣམས་ལག་ལེན་བསྟར་རྒྱུ་ལས་ཤོད་རྒྱུ་གང་ཡང་མི་འདུག བོད་མི་ཤེས་ཡོན་ཅན་མང་པོ་ཐོན་དགོས་པ་གལ་ཆེན་པོ་འདུག

ག༽ ལྟ་བ་སྣ་ཚོགས་དང་། བགྲོ་གླེང་སྦྱང་བཤད།

ང་ཚོ་སྔོན་མ་ནས་སྐད་ཆ་བྱུང་མྱོང་ཡོད། ཁྱེད་རང་ཚོ་གཞོན་ནུའི་ཚོགས་པ་ཨ་མ་འདིའི་དམིགས་ཡུལ་ནི་བོད་སྤྱི་པའི་དོན་དག་དང༌། བོད་རང་དབང་རང་བཙན་བསྒྲུབ་རྒྱུར་ལྷག་བསམ་གཅིག་གྱུར་ཡིན་ལ། དེའི་ནང་གསེས་ལ་ཕྱིན་ཆད་བོད་ཀྱི་ཆབ་སྲིད་སྐྱོང་སྟངས་ཐོག་དཔལ་འབྱོར་གྱི་ལམ་ལུགས་ལ་སོགས་པའི་ལྟ་བ་འདྲ་མིན་ཡོང་ངེས་རེད། དཔེར་ན། འགའ་ཞིག་སྤྱི་ཚོགས་རིང་ལུགས་གཙོ་བོར་བྱེད་པ་དང༌། འགའ་ཤས་མ་རྩའི་རིང་ལུགས་ཀྱི་ལམ་ཕྱོགས་ལ་དགའ་མོས་ཡོད་པ། ལ་ལ་མང་གཙོའི་སྤྱི་ཚོགས་ཐོག་ཕྱིན་ན་དེ་ལའང་ལྟ་བ་འདྲ་མིན་ཡོང་གི་ཡོད་སྟབས། རང་རང་གི་ལྟ་བ་དང༌། ལམ་ཕྱོགས་གང་དང་གང་ལ་མོས་ཡོད་པ་རྣམས་ཕྱོགས་མཐུན་གྱི་ཚོགས་ཆུང་ལྟ་བུ་དེ་འདྲ་བཙུགས། སོ་སོའི་ལྟ་བ་དེའི་འོག་ནས་ལྟ་བ་འདྲ་མིན་དང༌། ཐབས་ལམ་འདྲ་མིན་རྣམས་ལ་སྐྱོན་དང༌། དགེ་མཚན་གང་ཡོད་སྦྱངས་བཤད་བཏང༌། ཕར་ཚུར་བགྲོ་གླེང་བྱས། རྩོད་པ་བརྩོད་དེ་བདར་ཤ་བཅད་ན་ཕན་ཐོགས་ཡོང་གི་རེད།
དཔེར་ན། ལ་དྭགས་ནང་དང༌། མོན་གྱི་ཕྱོགས་ལ་མང་གཙོའི་འོས་བསྡུའི་འགྲན་བསྡུར་བྱས་རྗེས་ཁ་གཏད་ཕན་ཚུན་དགྲ་ལྟ་བུ་ཆགས་ཏེ་ཁྱིམ་ཚང་ཕན་ཚུན་སྐད་ཆ་ཤོད་རེས་མེད་པ་བྱེད་མཁན་འདུག དེ་དག་ལྐུག་པའི་བྱེད་ལུགས་ཡིན་པས་དེ་ལྟར་ནམ་ཡང་བྱེད་མི་རུང༌། ལྟ་བ་འདྲ་མིན་དང༌། བསམ་ཚུལ་བྱེད་ཐབས་འདྲ་མིན་གྱི་ཐོག་ནས་གཅིག་གིས་གཅིག་ལ་བསམ་འཆར་བཤད་པ་དང༌། རྩོད་གླེང་བྱས་པ་དེ་སྒེར་གྱི་དགའ་མིན་གྱི་ཐོག་ནས་མིན་པར། བོད་སྤྱི་པའི་དོན་དག་ལ་ཐབས་ལམ་འདི་བྱས་ན་ལེགས། བྱེད་ཐབས་འདི་བྱས་ན་ལེགས་ཞེས་བསམ་འཆར་བཤད་དགོས་ལ། རྩོད་གླེང་བྱེད་དགོས། དེ་འདྲའི་བསམ་འཆར་དེ་རང་གི་ལྟ་ཚུལ་དང་མི་མཐུན་པ་བྱུང་ན། རང་ཉིད་སྒེར་གྱི་ཐོག་ལ་སྐྱོན་འཛུགས་བྱེད་ཀྱི་ཡོད་པར་ངོས་འཛིན་བྱས་ཏེ་ཕྱིན་ཆད་དེ་འདྲའི་བསམ་འཆར་ཤོད་མཁན་གྱི་མི་དེ་སོ་སོའི་འགལ་ཟླར་བརྩིས་ཏེ་དེའི་ཉེ་ལྟོས་དང་བཅས་པར་ལྟ་ཚུལ་ངན་པ་བྱེད་པ་ནི་ཤེས་ཡོན་གྱིས་མ་འདང་བ་དང༌། ཉམས་མྱོང་མེད་པའི་སྐྱོན་ཆེན་པོ་ཡིན།
དཔེར་ན། བོད་པའི་སྤྱི་ཚོགས་ནང་ལ་ཆ་བཞག་ནའང༌། ཆོས་རའི་ནང་ལ་རྩོད་པ་བྱེད་དུས་སྐབས་རེ་གདོང་ནག་པོ་བསྟན་པ་དང༌། དམའ་འབེབས་ཀྱི་ཚིག་ངན་ཐལ་བ་ཡོང་གི་ཡོད་ཀྱང་རྩོད་པ་གྲོལ་རྗེས་སྔར་རྒྱུན་ནང་ཚགས་བྱས་ནས་བསྡད་པ་ལས། རྩོད་པའི་སྐབས་ཚིག་ངན་ཤོད་རེས་བྱུང་བ་རྒྱུ་མཚན་དུ་བྱས་ཏེ་མི་ཚེའི་རིང་ལ་ཞེ་འགྲས་འཁོན་འཛིན་བྱས་ནས་སྡོད་མཁན་མེད། དེང་སང་སྤྱི་ཚོགས་ཀྱི་ལམ་ལུགས་དང༌། ལྟ་བ་འདྲ་མིན། གཞུང་གི་སྐྱོང་སྟངས་ཐབས་ལམ་འདྲ་མིན་ཡོད་པ་རང་རང་གི་བསམ་ཚུལ་གྱི་ཐོག་ནས་བགྲོ་གླེང་བྱེད་པ་དང༌། རྩོད་པ་བྱེད་པ་འདི་དག་ལྷག་བསམ་གྱི་ཐོག་ནས་སྤྱི་པའི་དོན་དག་ལ་དམིགས་པ་ཞིག་དང༌། ཕྱར་བ་གྲུ་འདེགས་བྱས་པ་ཞིག་ཡིན་པ་ལས། སྒེར་གྱི་ན་ཚ་ཟིན་པའི་གནས་ཚུལ་ཞིག་མིན་པར་བརྟེན། ང་ཚོས་དེ་ལྟ་བུའི་ལམ་སྟོན་གསར་གཏོད་བྱེད་དགོས་ཀྱི་འདུག དེས་ང་རང་ཚོ་ནང་ཁུལ་མང་གཙོའི་ནུས་པ་ཡང་ཆེ་བ་ཐོན་གྱི་རེད། མི་ཕར་ཕྱོགས་ཀྱིས་བསམ་འཆར་ཤོད་པའི་ཐོབ་ཐང་ཡོད་པ་དང་། ཁོའི་བསམ་ཚུལ་དེ་དག་ལ་ང་ཚོས་བརྩི་བཀུར་ཡོད་ཀྱང་། སོ་སོའི་ལྟ་བ་དེ་ལའང་རྒྱུ་མཚན་ཞིག་ཡོད་ལ། རྒྱུ་མཚན་ཡོད་པ་རྣམས་བཤད། རྩོད་པ་བརྒྱབ། བགྲོ་གླེང་བྱས་ན། སྒེར་གྱི་ན་ཚའི་སྒང་ལ་འཁྱེར་དགོས་དོན་གང་ཡང་མེད། དེ་ལྟར་བྱས་ན་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཤུགས་ཆེ་རུ་འགྲོ་བ་དང༌། མང་གཙོ་ཤུགས་ཆེ་རུ་འགྲོ་བ། མང་གཙོའི་གྲུབ་འབྲས་དེ་ཡང་དངོས་གནས་དོན་དང་ལྡན་པ་ཞིག་དང༌། ཕན་ཐོགས་ཡོད་པའི་སྒང་ལ་འགྲོ་ཐུབ་པ་ལས་ཐལ་ཆའི་སྒང་ལ་མི་འགྲོ་བ་ཞིག་ཡོང་གི་རེད། ང་ཚོ་ཡར་ཐོན་ཡོད་པ། ཡར་རྒྱས་ཡོད་པ། དྲང་བདེན་ཡོད་པའི་མང་གཙོ་ཞིག་བྱེད་དགོས། མང་གཙོ་བྱེད་པ་དེ་དག་ཡར་རྒྱས་ཤིག་བྱུང་ན་བསམ་པ་དང༌། འགན་འཁུར་ལེན་མཁན་མང་ཙམ་བྱུང་ན་བསམས་ནས་མང་གཙོ་བྱས་པ་རེད། ༸རྒྱལ་བ་རིན་པོ་ཆེས་བྱེད་ཀྱི་རེད་ཅེས་བརྗོད་ནས་མ་བསྡད་པར། མི་རེ་ངོ་རེས་འགན་མང་ཙམ་འཁྱེར། མི་རེ་ངོ་རེས་སེམས་འཁུར་མང་ཙམ་བླངས། ཉལ་ལངས་བསྡད་གསུམ་གང་གི་གནས་སྐབས་སུའང་བོད་སྤྱི་པའི་དོན་དག་གི་ཚོར་བ་ཞིག་སོ་སོའི་རྒྱུད་ལ་མྱོང་རྒྱུ་བྱུང་ན་ཡག་པོ་རེད། དེ་ལྟར་བྱུང་ན་མི་རེ་ངོས་རེའི་ནུས་པ་ཐོན་གྱི་རེད། མི་རེ་ངོས་རེའི་ནུས་པ་ཇི་ཙམ་བཏོན་པ་དེ་ཙམ་གྱིས་སྤྱི་པའི་ནུས་ཤུགས་ཆེ་རུ་འགྲོ་གི་ཡོད། འཛམ་གླིང་ཕྱི་ལ་ཚོགས་པ་འདྲ་མིན་མང་པོ་ཡོད་ལ། ང་རང་ཚོར་ཡང་དེ་འདྲའི་ཚོགས་པ་ཡོད་ན་ཕན་ཚུན་འབྲེལ་བ་བྱ་རྒྱུར་ཕན་ཐོགས་ཡོད། དཔེར་ན། བུད་མེད་ཚོགས་པར་དེང་སྐབས་ཕྱི་རྒྱལ་བུད་མེད་ཚོགས་པ་དེ་རིགས་ནས་མགྲོན་འབོད་བྱེད་ཀྱི་ཡོད་ལ། ཚུར་ཡང་མགྲོན་འབོད་བྱས་ནས་འབྲེལ་བ་ཡོང་གི་ཡོད། གཞོན་ནུ་ཚོས་ཀྱང་དེ་བཞིན་འབྲེལ་བ་ཡོང་གི་ཡོད། ད་དུང་ང་ཚོར་སོ་སོའི་ལྟ་བ་འདྲ་མིན་གྱི་ཚོགས་པ་དེ་ལྟར་དགོས་ཀྱི་འདུག དེ་འདྲའི་ཐོག་ནས་འབྲེལ་བ་བྱེད་རྒྱུ་བྱུང་ན་ཕན་ཐོགས་ཡོང་གི་རེད། དེ་སྔོན་དམར་པོའི་ལྟ་བའི་ཚོགས་པ་ཞིག་བཙུགས་པ་དེ་ཁུངས་འཁྱོལ་བ་ཞིག་མ་བྱུང་བ་རེད།
བོད་སྤྱི་པའི་དོན་དག་གི་བསམ་བློ་ཡོད་པ་དང་། བོད་སྤྱི་དོན་གྱི་ལས་ཀ་བྱེད་བསམ་པའི་བྱེད་བློ་ཡོད་པའི་ཐོག་ནས་བྱེད་ཐབས་འདྲ་མིན་གྱི་སྒོ་གང་ས་ནས་ལས་དོན་སྒྲུབ་རྒྱུའི་གོ་རིམ་སྒྲིག་དགོས་ཀྱི་འདུག་ལ། ད་ཆ་ཤེས་ཡོན་ཅན་གྱི་མི་ཐོན་དགོས་ཀྱི་འདུག དེ་ཡང་སློབ་གྲྭའི་དགེ་རྒན་དང༌། བྲོ་གཞས་འདྲ་མིན། རྩོམ་རིག་སྣ་ཚོགས། ལས་རིགས་འདྲ་མིན་གྱི་མཁས་པ་ཐོན་དགོས་ཀྱི་འདུག དེ་ལྟར་དགོས་ཀྱི་འདུག་ཅེས་བརྗོད་ནས་མ་བསྡད་པར་དངོས་སུ་ཐོན་དགོས་པར་མ་ཟད། འབད་བརྩོན་ཡང་བྱེད་དགོས། དེ་མིན་ང་ལ་ཤོད་རྒྱུ་མེད། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ།། །།