༄༅། །ཕྱི་ལོ་ ༡༩༨༩ ཟླ་ ༩ ཚེས་ ༡༡ ཉིན་གཞོན་ནུའི་ཚོགས་ཆེན་ཐེངས་བདུན་པའི་ཐོག་སྩལ་བའི་བཀའ་སློབ།

ཀ༽ མིའི་རྣམ་དཔྱོད་དང་། ན་གཞོན་གྱི་གལ་གནད།

ད་ཕན་ལོ་བཅུ་དགུ་རིང་ལ་ཚང་མས་ཧུར་ཐག་བྱས་པ་རེད། གྲུབ་འབྲས་ཐད་གོང་དུ་ལས་བསྡོམས་ནང་བཤད་པ་བཞིན། གང་ལ་གང་འཚམ་གྱི་ཕན་ཚུན་འབྲེལ་མཐུད་དང༌། མི་མཐོང་ཆ་འཇོག་ཡོང་ཐུབ་པ་ཆགས་ཡོད། དེ་ནི་རྒྱུ་དངོས་པོའི་འགྲོ་སོང་གི་ཐོག་ནས་རྒྱལ་ཁ་ཐོབ་པ་ཞིག་མ་ཡིན་པར། ང་ཚོའི་རྩོད་གཞི་འདིར་བདེན་པའི་རྒྱུ་མཚན་ཡང་དག་ལྡན་པའི་རྩ་དོན་ཐོག་ཚང་མས་ལྷག་བསམ་སྙིང་སྟོབས་བསྐྱེད་ནས་ཧུར་ཐག་བྱས་པའི་གྲུབ་འབྲས་ཡིན་པས། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ད་ལམ་གཞོན་ནུའི་འདུ་འཛོམས་ཆེ་ཤོས་ཤིག་ཡིན་ཅིང་། ཁྱེད་རང་ཚོ་ཚོགས་འདུ་འཚོགས་ནས་ད་ལྟ་ཕན་ཆད་ཀྱི་ཉམས་མྱོང་བྱུང་བ་སྟེ་བསམ་བློ་གསར་པ་དང༌། བྱེད་ཐབས་གསར་པའི་རིགས་ཕལ་ཆེར་ཐོན་ཐུབ་ཀྱི་རེད་ལ། ཐོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཚོགས་འདུ་གྲ་འགྲིག་པོ་ཞིག་དང༌། དོན་སྙིང་ལྡན་པ་ཞིག་ཡོང་ཐུབ་པའི་འབོད་སྐུལ་བྱེད་རྒྱུ་དང༌། དེ་རིང་ཚོགས་འདུ་འཚོགས་པ་འདིར་བཀྲ་ཤིས་བདེ་ལེགས་ཟེར་རྒྱུ་ཡིན།
ང་རང་ཚོ་ཚང་མས་ཤེས་གསལ་ལྟར། མིའི་སྤྱི་ཚོགས་ནང་ལ་ཉིན་མ་རེ་རེ་བཞིན་དུས་ཚོད་རྫོགས་འགྲོ་གི་ཡོད་པ་དང༌། འགྱུར་བ་འགྲོ་གི་ཡོད། དུས་ཚོད་རྫོགས་ཀྱིན་མིའི་མི་ཐོག་ཀྱང་ག་ལེར་བརྗེས་འགྲོ་གི་ཡོད། ཚང་མར་རྟག་པ་བརྟན་པ་གང་ཡང་མེད། ཚང་མས་བདེ་བ་འདོད་ཅིང་། སྡུག་བསྔལ་འདོད་ཀྱི་མེད། དེ་ལྟ་བུའི་བདེ་བ་བསྒྲུབ་པ་དང༌། སྡུག་བསྔལ་སེལ་བའི་ཐབས་ཤེས་ལུ་གུ་བརྒྱུད་ནས་ཚང་མས་བྱེད་ཀྱི་ཡོད།
ང་རང་ཚོ་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་བཤད་ན། ཚེ་རབས་སྔོན་མ་མང་པོ་ཞིག་གི་སོ་སོའི་ལས་དང་འབྲེལ་བའི་ཆ་ནས་ད་ལྟ་ད་ལྟའི་བདེ་སྡུག་སྣ་ཚོགས་ཤིག་མྱོང་གིན་འགྲོ་གི་ཡོད། འགྲོ་བ་མིའི་རིགས་ཟེར་བ་འདི་སེམས་ཅན་གཞན་དང་མི་འདྲ་བར་འདས་པའི་ཉམས་མྱོང་བྱུང་བ་དེ་དག་མ་བརྗེད་པར་བསམ་བློའི་ནང་ལ་ཉར་ནས་ཉམས་མྱོང་དེ་ལ་གཞིགས་ཏེ་མ་འོངས་པར་བདེ་བ་མང་ཙམ་ཞིག་འཐོབ་ཐུབ་པ་དང༌། སྡུག་བསྔལ་སེལ་བའི་ཐབས་ཤེས་ནུས་པ་ཆེ་ཙམ་ཞིག་ཐོན་པའི་འཆར་གཞི་བཀོད་ནས་འབད་རྩོལ་བྱེད་པའི་ཁྱད་ཆོས་དེ་ལྟ་བུ་ཞིག་ཡོད་ཅིང་། རང་བཞིན་གྱིས་མ་འོངས་པར་འཚར་ལོངས་བྱེད་བཞིན་པའི་འབྱུང་འགྱུར་གྱི་མི་རབས་དེ་དག་ཤིན་ཏུ་གལ་ཆེན་པོ་ཞིག་ཆགས་ཡོང་གི་ཡོད།
མིའི་སྤྱི་ཚོགས་ནང་ལ་མ་འོངས་པའི་གནས་ཚུལ་ཐོག་འཚར་ལོངས་བྱེད་མཁན་གྱི་གཞོན་ནུ་རྣམས་གལ་ཆེན་པོ་ཆགས་ཀྱི་ཡོད་པ་ལྟར། ང་ཚོ་བོད་པའི་གནས་ཚུལ་ལ་ཆ་བཞག་ན་ཡང༌། དེ་བཞིན་རེད། ང་ཚོས་བོད་རང་དབང་གི་རྩོད་ལེན་བྱེད་པ་འདི་ང་ཚོ་མི་ཐོག་གཅིག་གི་སྐད་ཆ་དང༌། མི་རབས་གཅིག་གི་སྐད་ཆ་མ་ཡིན་པར། དངོས་གནས་དྲང་གནས་མི་རིགས་གཅིག་གི་ཐོབ་ཐང་དོན་དག་ལ་འཐབ་རྩོད་བྱེད་པ་དང༌། ལུང་པ་གཅིག་གི་ཐོབ་ཐང་རྩོད་ཀྱི་ཡོད།
ང་རང་ཚོ་བོད་མི་རིགས་སྤྱི་པའི་དོན་དག་མི་ཐོག་གོང་མ་ཚོས་ལས་འགུལ་བརྩམས་པའི་ལས་མཇུག་མི་ཐོག་འཚར་ལོངས་ཡོང་མཁན་རྗེས་མ་ཚོས་མུ་མཐུད་ནས་མཇུག་སྐྱོང་འབད་བརྩོན་བྱེད་དགོས་པ་དེ་རང་བཞིན་གྱིས་ཆགས་ཡོང་གི་ཡོད། བོད་པའི་སྤྱི་ཚོགས་ནང་བོད་ཀྱི་རྩ་དོན་ལ་འཐབ་རྩོད་བྱེད་རྒྱུ་དང༌། ནུས་པ་ཐོན་ཐབས་ཐོག་མ་འོངས་པའི་གཞོན་སྐྱེས་འཚར་ལོངས་ཡོང་མཁན་ཚོས་རྡོག་ཁྲེས་ཆེན་པོ་ཞིག་འཁྱེར་དགོས་ཀྱི་ཡོད། དེ་ནི་ཧ་ཅང་གལ་ཆེན་པོ་ཡིན། སྤྱི་ཚོགས་གང་ཞིག་ཡིན་ནའང་དམིགས་བསལ་གྱི་ཁུར་ལེན་མཁན་སྒྲིག་འཛུགས་ཤིག་བཙུགས་པ་དང་། དེའི་ཐོག་ཡང་ཡང་ཚོགས་འདུ་འཚོགས། ཡང་ནས་ཡང་དུ་གང་དགའ་ཅི་ལེགས་གྲོས་བསྡུར་གྱི་ཐོག་ནས་མ་འོངས་པའི་བྱེད་ཕྱོགས་འཆར་གཞི་བཟོས་ནས་འབད་བརྩོན་བྱས་ན་ནུས་པ་ངེས་ཅན་ཞིག་ཐོན་ཡོང་གི་ཡོད།
དེ་བཞིན་དུ་ང་རང་ཚོའི་གཞོན་ནུའི་སྒྲིགས་འཛུགས་བཙུགས་ཏེ། ད་ལྟ་ཕན་ཆད་ལ་ཚང་མས་ཧུར་ཐག་ཡག་ཐག་ཆོད་བྱས་ཡོད། གོད་དུ་ལྷ་བཟང་ཚེ་རིང་གིས་བརྗོད་པ་བཞིན། ང་ཚོས་རང་དབང་རྩོད་ལེན་གྱི་འཐབ་རྩོད་བྱས་པ་དེས་རང་དབང་འཕྲོག་མཁན་ལ་བཟོད་མ་བདེ་ཆགས་པ་དེ་རང་དབང་རྩོད་ལེན་བྱས་པ་འདིར་ནུས་པ་ཞིག་ཐོན་གྱི་ཡོད་པའི་རྟགས་རེད། སྔོན་མ་དང་མི་འདྲ་བར་དེང་སང་འཛམ་གླིང་ཕྱི་རོལ་ནས་བོད་པའི་ཐོག་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་གི་ཡོད། དེ་འདྲའི་གནས་ཚུལ་འོག་ནས་ང་རང་ཚོ་གཞོན་ནུ་ཚོགས་པ་ཡང་སྔོན་མའི་རྩིས་བྱས་ན་རྒྱ་བསྐྱེད་མང་པོ་བྱུང་ནས་འབྲེལ་བ་ཟབ་ཏུ་ཕྱིན་ཡོད་པ་ཧ་ཅང་ཡག་པོ་བྱུང་འདུག ད་དུང་མུ་མཐུད་དེ་ཚང་མས་ཧུར་ཐག་བྱེད་རྒྱུ་གལ་ཆེན་པོ་རེད།

ཁ༽ གཞིས་བྱེས་ཀྱི་སྙིང་སྟོབས་དང་། འཛམ་གླིང་གི་བདེན་རྒྱབ།

གཞོན་ནུའི་ཚོགས་པ་བཙུགས་ནས་དུས་ཡུན་གང་འཚམ་ཕྱིན་པ་རེད། ཐོག་མར་ཚོགས་པ་འཛུགས་སྐབས་ང་ཚོའི་གནས་སྟངས་གང་འདྲ་ཞིག་ཡོད་དམ་ཞེ་ན། ང་ཚོ་ཆབ་སྲིད་ཀྱི་བཙན་བྱོལ་བ་ཞིག་ཡིན་པ་དང༌། སོ་སོའི་རང་དབང་རྩོད་ལེན་བྱེད་རྒྱུའི་ལས་འགན་ཡོད། ང་རང་ཚོའི་རྩོད་གཞི་འདི་དག་ལོ་ཉི་ཤུ་སུམ་ཅུའི་ནང་ལ་བཟོ་ལྟ་ཞིག་ཆགས་དང་མ་ཆགས་ཚོད་ཐིག་ཐུབ་པ་དཀའ་ཡང༌། ཚང་མས་སེམས་ཤུགས་བསྐྱེད་དེ་ང་ཚོའི་བདེན་མཐའ་གསལ་རྒྱུར་ཚང་མས་ཡིད་ཆེས་བྱས་ཤིང་། རིག་པ་བསྒྲིམས་ཏེ་བསྡད་པ་རེད། དེ་ལས་ལྷག་པའི་གནས་ཚུལ་གསལ་པོ་ཞིག་བློ་ལ་འཆར་གྱི་མེད་ཅིང་། དེང་སང་བརྒྱད་ཅུ་གྱ་དགུའི་ཐོག་ཏུ་སླེབས་ཡོད།
འཛམ་བུ་གླིང་སྤྱི་བྱིངས་ཀྱི་གནས་ཚུལ་ཆ་ནས་བཤད་ན། བོད་པའི་དོན་དག་འདི་ཧ་ཅང་གསལ་དུ་ཕྱིན་པ་དང༌། བོད་པའི་གནས་ཚུལ་རྟོགས་མཁན་ཇེ་མང་དུ་ཕྱིན་ཡོད། བོད་པའི་འཐབ་རྩོད་བྱེད་པ་འདི་དྲང་བདེན་ཡིན་པར་མ་ཟད། དེ་ཡང་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་འཐབ་རྩོད་བྱེད་ཀྱི་ཡོད། དཔེར་ན། ཀམ་པུ་ཊི་ཡའི་གནས་ཚུལ་དང༌། ཡང་ན་ཨཕ་གྷ་ནི་སི་ཐན་ལྟ་བུ་མིན་པར། བོད་མི་རིགས་ཡོངས་རྫོགས་མ་བགྲོས་བསམ་པ་གཅིག་མཐུན་གྱི་ཐོག་ནས་རང་དབང་འདོད་མཁན་ཡིན་པ་དང༌། ང་ཚོར་མི་རིགས་གཞན་ཞིག་གིས་བཙན་ཤུགས་དབང་སྒྱུར་འོག་ནས་དཀའ་ངལ་འཕྲད་པ་དེ་དེང་སང་འཛམ་གླིང་འདིའི་སྒང་ལ་ཇེ་གསལ་དུ་འགྲོ་གི་ཡོད།
གཉིས་ནས། བོད་ནང་རྒྱ་ཆེའི་མི་མང་སྤྱི་དང༌། ལྷག་པར་དུ་གཞོན་སྐྱེས་དེ་སྔའི་བོད་རྙིང་པའི་སྤྱི་ཚོགས་མཐོང་མ་མྱོང་ཞིང་། རྒྱ་མིས་སྤྱི་ཚོགས་རྙིང་པ་ཆེས་མུན་ནག་དང་། ཆེས་རྗེས་ལུས། ཆེས་གདུག་རྩུབ། ཆེས་ཀླ་ཀློ་ཞེས་བཤད་དེ་ལོ་ནས་ལོ་བསྟུད་དེ་སྤྱི་ཚོགས་རྙིང་པར་ཞེན་པ་ལོག་དགོས་པའི་སློབ་གསོ་རྒྱུན་མི་ཆད་པར་གཏོང་གི་ཡོད་པའི་གནས་ཚུལ་གྱི་འོག་ནས་འཚར་ལོངས་བྱས་པའི་གཞོན་སྐྱེས་རྣམས་ནི་སྤྱི་ཚོགས་རྙིང་པ་གང་འདྲ་ཡིན་མིན་ལ་མ་ལྟོས་པར་རྒྱ་མི་སླེབས་ནས་ང་ཚོའི་རང་དབང་བརླག་སོང་བསམ་པའི་བསམ་བློ་ཧ་ཅང་གསལ་པོ་ཞིག་བློ་ལ་འཁོར་ཏེ་རང་དབང་རྩོད་ལེན་བྱེད་རྒྱུར་ལྷག་བསམ་རྨ་མེད་པ་ཇི་ཡོད་ང་རང་ཚོས་མཐོང་གསལ་རེད།
རང་སྲོག་བློས་བཏང་ཟེར་བ་ཁ་ནས་ཤོད་རྒྱུ་ལས་སླ་རུང༌། ངོ་ཐོག་ལག་ལེན་འགེལ་རྒྱུ་ལས་སླ་པོ་ཞིག་མིན་ཡང༌། བོད་ནང་བར་སྐབས་ཀྱི་གནས་ཚུལ་དེ་དག་གི་ཐོག་ནས་མཐོང་གསལ་ལྟར། ཁ་ནས་རང་སྲོག་བློས་གཏོང་གི་ཡིན་ཞེས་བརྗོད་པ་ཙམ་མ་ཡིན་པར་ངོ་ཐོག་ལག་ལེན་གྱི་ཐོག་ནས་རང་སྲོག་བློས་གཏོང་བྱེད་མཁན་ཧ་ཅང་མང་པོ་བྱུང་ཡོད། བོད་མི་རྒན་གཞོན་ཐམས་ཅད་དང༌། ཡང་སྒོས་ལྷག་པར་ཅན་དུ་གཞོན་སྐྱེས་དེ་དག་གཞན་དང་མི་འདྲ་བའི་སྙིང་སྟོབས་ཆེན་པོ་བསྐྱེད་ནས་བསྡད་ཡོད་པར་བརྟེན། འཛམ་གླིང་འདིའི་སྒང་གི་མི་ཚོའི་མཐོང་སྣང་ལ་བོད་པའི་དཀའ་ངལ་དེ་བཙན་བྱོལ་དུ་ཡོད་པའི་བོད་མི་ཉུང་ཤས་ཤིག་གྲོད་ཁོག་ན་ནས་སྐད་ལོག་བརྒྱབ་པ་ཞིག་མ་ཡིན་པར། བོད་ནང་རྒྱ་མིས་བདེ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་ཀྱི་ཡོད་ཅེས་འགྲེལ་བཤད་རྒྱག་ཡུལ་གྱི་བོད་རྒྱ་ཆེའི་མི་མང་རྣམས་ནད་མ་ཐེག་པར་བསྡད་པའི་རྣམ་འགྱུར་གསལ་པོ་ཐོན་པ་འདིས་བོད་ཀྱི་བདེན་དོན་ལ་ཡིད་ཆེས་རྙེད་ཐུབ་པ་ཞིག་བྱུང་ཡོད། དེ་འདྲའི་ཐོག་ནས་འཛམ་བུ་གླིང་འདིའི་སྒང་ལ་བོད་པའི་གནས་ཚུལ་ཧ་ཅང་གསལ་དུ་ཕྱིན་པ་དང༌། དོ་སྣང་བྱེད་མཁན་མང་དུ་ཕྱིན། ཤ་ཚ་བྱེད་མཁན་ཡང་མང་དུ་ཕྱིན་ཡོད།
རྒྱ་མིའི་ཕྱོགས་ལ་ཆ་མཚོན་ན་ཡང༌། བར་ལམ་འགྱུར་བ་མང་པོ་ཞིག་ཕྱིན་ཡོད། རང་ཉིད་ཀྱི་ཉམས་མྱོང་ཐོག་ནས་ལྟོས་ས་ལྟོས་འཇོག་གི་གུ་ཡངས་སྲིད་བྱུས་ཀྱི་སྒང་ལ་འགྲོ་འདོད་མེད་རུང་འགྲོ་དགོས་པ་ཞིག་ཆགས་ཡོད། ད་ལྟའི་སྐབས་སུ་འདས་པའི་ལོ་བཞི་ཅུ་ཙམ་རིང་ལ་ཕྱི་བྱུག་ནང་བླུག་གི་སློབ་གསོ་བཏང༌། དམ་པོས་དམ་བཅིངས་ཀྱིས་བཙན་དབང་བཤད། ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་གི་ཐོག་ནས་གུང་བྲན་བཏང་ལ་བློ་གཅིག་སེམས་གཅིག་ཡོང་རྒྱུར་རེ་བ་བརྒྱབ་སྟེ་ལོ་ནས་ལོ་བསྟུད་འབད་རྩོལ་བྱས་ན་ཡང༌། རྫུན་པ་གྲལ་བསྒྲིགས་ནས་བདེན་པ་བསུབ་ཐུབ་ཐབས་མེད་པར་བརྟེན། འཚར་ལོངས་ཡོང་བཞིན་པའི་རྒྱ་ནག་མི་མང་གཞོན་སྐྱེས་ཤེས་ཡོན་ཅན་གང་ལ་གང་འཚམ་ཡོད་པ་དེ་དག་ཞེ་གཏིང་ནས་བསུན་པའི་གནས་ཚུལ་ཡོང་གི་ཡོད།
དཔེར་ན། རྒྱ་མིའི་དཔོན་པོ་དེ་དག་གིས་མི་གསོད་ཁྲག་སྦྱོར་བྱས་ན་འཛམ་བུ་གླིང་འདིའི་སྒང་ལ་འདྲ་ཆགས་པོ་མེད་པ་དང༌། མཐོང་ཚུལ་སྡུག་ཅག་ཡོང་རྒྱུ་ཡིན་པ་ཤེས་ཀྱི་ཡོད་ཀྱང༌། འུ་ཐུག་ཐབས་ཟད་ཀྱི་འོག་ནས་ལག་ལེན་དེ་ལྟར་མི་བྱེད་ཐབས་མེད་ཆགས་པ་རེད། གང་ལྟར་རྒྱ་ནག་ནང་འགྱུར་བ་ཆེན་པོ་འགྲོ་གི་ཡོད་པ་དང༌། དེ་སྔ་ཕན་ཆད་གདུག་རྩུབ་ཀྱི་སྲིད་བྱུས་ཟིན་པ་དེ་ཉིད་ཉི་མ་ལ་རྩེར་བཞུད་འགྲོ་བ་ལྟ་བུ་ཆགས་ཡོད། དེ་ནི་རྒྱ་ནག་གི་གནས་ཚུལ་གཅིག་པུ་མ་ཡིན་པར། འཛམ་གླིང་སྤྱི་ཡོངས་ནང་ལ་ཡང་མིས་མི་ལ་གདུག་རྩུབ་དབང་ཡོད་ཀྱི་ཐོག་ནས་འགོ་ཁྲིད་བྱེད་སྲོལ་གྱི་རིགས་རྣམས་དུས་ཚོད་རྫོགས་པའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད། གནས་ཚུལ་དེ་དག་ང་ཚོའི་མཐུན་པའི་རྐྱེན་རེད།
གང་ལྟར་མིས་མི་ལ་དབང་ཡོད་མ་བཤད་པར། མི་དང་མིའི་བར་བདེན་པ་བདེན་ཐུབ་ཀྱི་སྐད་ཆ་བཤད་ནས་འབྲེལ་བ་ཞིག་མཐུད་ཐུབ་ན། ང་ཚོའི་བདེན་མཐའ་ཏན་ཏན་གསལ་ཐུབ་ཀྱི་རེད་བསམ་པ་དང༌། འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་ང་རང་ཚོ་བདེན་མཐའ་གསལ་གྱི་རེད་བསམ་གྱི་འདུག གང་ལྟར་འདས་པའི་ལོ་དེ་དག་གི་ནང་དུ་ཕྱོགས་མང་པོ་ཞིག་གི་གནས་ཚུལ་ལ་བལྟས་ན། མ་འོངས་པར་དེ་འདྲ་ཞིག་ཆགས་མི་ཡོང་ངམ་བསམ་པའི་ཚོད་དཔག་རོབ་ཙམ་བྱེད་ཐུབ་པ་ཞིག་ཡོང་གི་འདུག སྔོན་མ་བདུན་ཅུ་ཐམ་པའི་ལོ་ལ་གཞོན་ནུའི་ཚོགས་པ་ཐོག་མར་འཛུགས་སྐབས་བསམ་བློའི་ནང་ཚོད་ཐིག་པོ་ཞིག་མེད་ཀྱང༌། ད་ཆ་ལོ་བཅུ་དགུ་ཕྱིན་པའི་རྗེས་ལ་དེ་དུས་དང་མི་འདྲ་བའི་གནས་ཚུལ་གང་ལ་གང་འཚམ་གསལ་པོ་ཆགས་ཡོད། ནམ་མ་ལངས་ཀྱང་སྐྱ་རེངས་ཤར་ཡོད་ཅེས་ངོས་ནས་བརྗོད་ཀྱི་ཡོད།
ད་ཆ་ང་རང་ཚོས་ཚོད་དཔག་རགས་ཙམ་ཞིག་བྱེད་ཐུབ་པའི་སྐབས་འདིར། ལྷག་པར་དུ་ཡང་སེམས་ཤུགས་བསྐྱེད་དེ་རིག་པ་བསྒྲིམས་ནས་འབད་བརྩོན་བྱེད་རྒྱུ་གལ་ཆེན་པོ་འདུག ང་རང་ཚོས་སོ་སོའི་དོན་དག་བསྒྲུབ་རྒྱུ་འདི་རང་དོན་རང་གཅེས་ཀྱིས་འགུལ་བསྐྱོད་སོ་སོས་མ་བརྒྱབ་ན། མིས་ཚུར་སྦྱིན་པ་གཏོང་མཁན་ལྟ་བུ་ཡོང་བ་ཤིན་ཏུ་དཀའ། མི་ལ་ཤ་ཚ་ཡོད་ཀྱང༌ཤ་ཚ་དེ་བེད་སྤྱོད་བྱེད་སའི་ལམ་ཞིག་ང་རང་ཚོས་མ་བཟོས་ན། འཛམ་གླིང་མི་མང་གིས་ང་ཚོར་ཤ་ཚ་ཡོད་ཟེར་བ་དེ་གཅིག་པུའི་ཐོག་ནས་གྲུབ་འབྲས་ཐོན་ཐུབ་པ་དང༌། བདེན་མཐའ་གསལ་ཐུབ་པ་ཞིག་ཡོང་ཐབས་མེད། ང་རང་ཚོས་རང་དོན་རང་གཅེས་བྱས་ནས་འགུལ་བསྐྱོད་རྒྱག་དགོས། མིའི་སྒོ་ཕར་བརྡུངས་ན་ནང་ནས་བརྡ་ལན་བྱེད་མཁན་ཏན་ཏན་ཡོང་གི་རེད། ད་ཕན་འཛམ་གླིང་ཕྱི་ལོགས་ལ་འབྲེལ་བ་བྱེད་རྒྱུ་དང༌། རྒྱ་གར་ནང་ཁུལ་ལ་ལས་འགུལ་བྱེད་རྒྱུས་མཚོན་དེ་དག་ཚང་མ་ཡག་པོ་བྱུང་འདུག ད་དུང་མུ་མཐུད་དེ་ཤུགས་བསྐྱེད་དགོས།

ག༽ བོད་སྐྱོབ་ཀྱི་དགོངས་གཞི་དང་། གཞིས་བྱེས་ཀྱི་བསམ་ཚུལ།

དེ་ནས་ང་ཚོས་རྒྱ་མིར་འཐབ་རྩོད་བྱེད་སྟངས་ཐད། དེང་སང་བོད་ནང་ལ་རྒྱ་མི་ཕོན་ཆེ་ཞིག་ཡོང་གི་ཡོད་ལ། གཞི་རྐང་རྒྱ་ནག་གི་ས་མཚམས་འཁེལ་ཡུལ་ལུང་པ་དེ་དག་གི་ནང་དུ་མི་ཐོག་གཅིག་གཉིས་ཀྱི་གོང་ནས་རྒྱ་མི་གཞིས་ཆགས་སླེབས་ནས་བསྡད་ཡོད། བར་ལམ་འདས་པའི་ལོ་ཉི་ཤུ་སུམ་ཅུ་རིང་བོད་ཀྱི་ས་ཁུལ་མང་པོ་ཞིག་ལ་རྒྱ་མི་ཕོན་ཆེ་ཞིག་ཡོང་གི་ཡོད། གནད་དོན་འདི་དག་གིས་བོད་ཡུལ་རྒྱ་ཡུལ་ལ་འགྱུར་རྒྱུའི་ཉེན་ཁ་འདུག་ཅེས་ངོས་ནས་ཤོད་ཀྱི་ཡོད། སོ་སོའི་ལུང་པའི་ནང་རྒྱ་མི་མང་པོ་གཞིས་ཆགས་བྱས་ནས་བོད་པ་ཉུང་ཤས་སུ་གྱུར་ན། འདི་ནི་ཛ་དྲག་གི་གནས་ཚུལ་ཞིག་རེད། ཛ་དྲག་གིས་གནས་ཚུལ་དེ་སྔོན་འགོག་ཡོང་བའི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཤིག་མ་བྱས་ན། ནམ་ཞིག་རྒྱ་མི་སྟོང་ཕྲག་ཁྲི་ཕྲག་ནང་བོད་པ་ཁ་ཤས་ལ་མཛུབ་མོ་བཙུགས་ཏེ་འཚོལ་དགོས་པ་ལྟ་བུ་ཆགས་སྲིད།
མན་ཇུའི་མི་རིགས་ལ་མཚོན་ན་རྒྱ་རིགས་ཁྲི་ཕྲག་འབུམ་ཕྲག་གི་ནང་དུ་མན་ཇུའི་མི་རིགས་ཁ་ཤས་ལ་མཛུབ་མོ་བཙུགས་ཏེ་འཚོལ་དགོས་པ་ལྟ་བུ་ཆགས་ཟིན་པ་རེད། བོད་པ་ཡང་དེ་ལྟ་བུ་ཞིག་ཆགས་རྒྱུའི་ཉེན་ཁ་ཏན་ཏན་ཡོད་པས། ང་ཚོས་ཛ་དྲག་གི་གནས་ཚུལ་དེར་ཐབས་ཤེས་གང་ཡོང་ཅི་ཡོང་ཞིག་མ་བྱས་ན་མི་འགྲིགས་པ་ཞིག་རེད། ལོ་གཅིག་གཉིས་གོང་ལ་ཛ་དྲག་གི་གནས་ཚུལ་དེ་ལ་དམིགས་ནས་སྔོན་ལ་ཐབས་ཤེས་མ་ལན་མ་འགྱོད་པ་ཞིག་བྱས་ན་ཡག་པོ་མེད་དམ་བསམས་ནས། དོན་ཚན་ལྔ་འཁོད་ཀྱི་གྲོས་འཆར་ཞིག་བཏོན་པ་རེད། དེའི་མཇུག་ཏུ་མུ་མཐུད་དེ་རྒྱ་བོད་གཉིས་དངོས་གནས་དྲང་གནས་ཀྱི་འབྲེལ་བ་བཟང་པོ་ཞིག་གི་ཐོག་ནས་ཐུན་མོང་གི་ཁེ་ཕན་ཡོང་ཐབས་དམིགས་ཡུལ་དུ་བཟུང་སྟེ་ཕན་ཚུན་གྲོས་མོལ་གྱི་ཐོག་ནས་དཀའ་ངལ་སེལ་རྩིས་བྱས་པ་རེད།
ཡིན་ནའང་སྐབས་དེར་བོད་གཞིས་བྱེས་མི་མང་མང་པོ་ཞིག་གི་བསམ་བློའི་ནང་ལ་མཐའ་གཅིག་ཏུ་བོད་ཀྱི་བདེན་མཐའ་གསལ་རྒྱུར་སེམས་ཤུགས་བསྒྲིལ་ནས་བསྡད་ཡོད་པར་བརྟེན། ངོས་ནས་བཏོན་པའི་རྒྱ་བོད་གཉིས་ཕན་འགྲིགས་ཆགས་ཡོང་ཐབས་ཀྱི་གྲོས་འཆར་དེར་ལམ་སེང་མོས་མཐུན་མེད་པ་དང༌། བློ་ཕམ་ཡོང་རྒྱུའི་གནས་ཚུལ་ཞིག་ཕལ་ཆེར་ཆགས་ཀྱི་རེད་བསམ་པ་དྲན་གྱི་ཡོད་ལ། དྲན་པ་བཞིན་བར་སྐབས་བསམ་ཚུལ་སྣ་ཚོགས་བྱུང་ཡོད། དེ་ནི་ཡག་པོ་རེད།
ངོས་ནས་གྲོས་འཆར་དེ་ལྟ་བུ་ཞིག་འདོན་དགོས་པའི་རྒྱུ་མཚན་ནི་བོད་ནང་ཛ་དྲག་གི་གནས་ཚུལ་ཞིག་ཡོད་པ་དེར་ཕན་ཐབས་མ་ལན་མ་འགྱོད་པའི་ཐབས་ཤེས་སྒོ་གང་ས་ནས་བྱས་ན་བསམ་པའི་བསམ་ཚུལ་དེའི་ཐོག་ནས་བཏོན་པ་ཡིན་ཀྱང་། རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་དེ་ལ་དགག་པ་རྒྱག་གི་ཡོད་པ་དང༌། ཕྱོགས་གཞན་ཞིག་ནས་སྐད་ཆ་བཤད་འདོད་ཡོད་པའི་རྣམ་འགྱུར་བསྟན་པ་ཙམ་ལས། དོན་སྙིང་ད་བར་རྒྱ་ནག་གཞུང་ཚབ་བརྒྱུད་གཞུང་འབྲེལ་གྱི་ཐོག་ནས་ལན་གསལ་གང་ཡང་སྤྲད་མ་བྱུང་བ་བཅས་ད་ལྟའི་གནས་སྟངས་དེ་འདྲ་ཞིག་རེད། རྒྱ་ནག་ནང་གི་གནས་ཚུལ་ཡོང་སྟངས་རྣམས་ནི་འཛམ་གླིང་ཚང་མས་ཤེས་གསལ་རེད། དཔེར་ན་རྒྱ་ནག་གི་སློབ་ཕྲུག་མང་པོ་ཞིག་གིས་རྒྱ་ནག་མི་མང་ལ་རང་དབང་དགོས། མང་གཙོ་དགོས་ཞེས་འབོད་སྐུལ་ཤུགས་ཆེན་པོ་ཞིག་བྱེད་ཀྱི་ཡོད། དེ་ནི་དྲང་བདེན་དང་ཡང་དག་པ་རེད།
ད་ལྟའི་ཆར་ང་རང་ཚོའི་ངོས་ནས་རྒྱ་ནག་གཞུང་ལ་ཕར་འབྲེལ་བ་བྱེད་ཡུལ་མ་བསྡད་པ་ལྟ་བུ་འདུག ཡིན་ནའང་རྒྱ་ནག་གཞུང་གིས་ཚུར་དོ་ཁུར་ལྟ་བུ་བྱས་ཏེ་འབྲེལ་བ་བྱས་ན། ང་ཚོའི་ཕྱོགས་ནས་མུ་མཐུད་སྐད་ཆ་ཤོད་རྒྱུའི་བསམ་ཚུལ་ལ་འགྱུར་བ་མེད། དེའི་ཐོག་ལ་ང་རང་ཚོ་བོད་རིགས་གཞིས་བྱེས་གཉིས་ཀའི་ནང་ནས་བསམ་ཚུལ་མང་པོ་ཞིག་ཡོང་གི་ཡོད་ལ། བསམ་ཚུལ་དེ་དག་ལ་དགའ་བསུ་ཡོད།

ང༽ བསྒྲུབ་བྱའི་དམིགས་ཡུལ་དང་། བསམ་ཚུལ་སྣ་མང་།

ལྷག་པར་དུ་གཞོན་ནུ་ཚོགས་པའི་ཐོག་ནས་བོད་རང་དབང་གཙང་མ་ཞིག་གི་ཐོག་ལ་འབད་བརྩོན་བྱེད་རྒྱུའི་དམ་བཅའ་འགྱུར་བ་མེད་པར་བསྡད་ཡོད། ང་ཚོ་མང་གཙོའི་ལམ་ལ་འགྲོ་གི་ཡོད་པས་གཏམ་བརྗོད་རང་དབང་རེད། ང་ཚོ་བོད་ཀྱི་བདེན་དོན་རྩོད་རྒྱུ་འདི་དག་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ལ་འགན་འཁུར་ཡོད་པར་བརྟེན། བོད་རིགས་ཚོའི་ནང་ནས་རང་རང་སོ་སོའི་ལྟ་བ་དང༌། ལམ་ཕྱོགས་མི་འདྲ་བ་ཞིག་བཟུང་སྟེ་འཐབ་རྩོད་བྱེད་རྒྱུ་དེ་ཡང་དག་པ་རེད། དེ་ལ་འགལ་བ་གང་ཡང་ཡོད་པ་མ་རེད།
ངོས་ནས་གནས་ཚུལ་ལ་བསམ་གཞིགས་བྱེད་པ་དང༌། གོ་རིམ་སྒྲིག་རྒྱུའི་ལས་འགན་ཡོད་པར་བརྟེན་ཛ་དྲག་གི་གནས་ཚུལ་ལ་བསམ་བློ་དེ་འདྲ་ཞིག་གཏོང་གི་ཡོད་ཀྱང༌། མང་ཚོགས་ཀྱི་ཁྲོད་ནས་རང་རང་སོ་སོའི་ཐོབ་ཐང་རྩོད་པ་དང༌། བསམ་ཚུལ་བརྗོད་པའི་རང་དབང་ཚང་མར་ཡོད་ལ་འོས་པ་ཞིག་ཀྱང་རེད། མང་ཚོགས་ནས་སྐད་བརྒྱབ་པ་དེ་འགྲིགས་པ་རེད། ཡག་པོ་རེད། ངའི་གྲོས་འཆར་གྱི་ནང་ལ་ཡང་མཐའ་མའི་ཐག་གཅོད་དེ་བོད་རྒྱ་ཆེའི་མི་མང་གིས་བྱེད་ཀྱི་རེད་ཅེས་གསལ་པོ་བཤད་ཡོད། ང་རང་ཚོའི་མི་ཁག་གཅིག་གིས་བོད་གཞུང་གི་ལམ་ཕྱོགས་དེ་དང་མི་མཐུན་པ་བརྗོད་ན་དེ་མི་འོས་པ་དང་མ་འགྲིགས་པ་ལྟ་བུར་མཐོང་གྲབས་བྱེད་ཀྱི་ཡོད་ཀྱང༌། དེ་ཕལ་ཆེར་མ་རེད། བསམ་ཚུལ་འདྲ་མིན་ཡོང་སྲིད་པ་རེད། དངོས་གནས་སོ་སོའི་སེམས་ནང་གི་བསམ་ཚུལ་འདྲ་མིན་ཡོད་པ་དེ་འདོན་རྒྱུ་གལ་ཆེན་པོ་རེད། བསམ་ཚུལ་འདྲ་མིན་དེ་དག་ང་ཚོའི་རྩ་བའི་རྩ་དོན་ཐོག་ལ་འགལ་ཟླ་ཡོད་པ་དང༌། ནང་ཁུལ་མི་མཐུན་པ་ཡོད་པའི་གནད་དོན་རྩ་བ་ནས་མ་རེད། དཔེར་ན། གཞོན་ནུར་ཆ་བཞག་ན། རྒྱ་ནག་ལ་འབྲེལ་བ་བྱེད་ཕྱོགས་ཐོག་བསམ་ཚུལ་མི་མཐུན་པ་དང༌། ལམ་ཕྱོགས་མི་མཐུན་པ་ཡོད་ཀྱང་དེ་འགལ་ཟླའི་གནས་ཚུལ་གཏན་ནས་མ་རེད། ང་རང་ཚོ་གཅིག་གིས་གཅིག་ལ་བསམ་པ་རྣམ་དག་གི་བརྩེ་བ་དང༌། དགའ་ཞེན་ཡོད།
ཕྱི་རྒྱལ་གསར་འགོད་པ་ཁ་ཤས་ཀྱིས་གཞོན་ནུ་ཚོས་༸རྒྱལ་བ་རིན་པོ་ཆེའི་བསམ་ཚུལ་དེ་ལ་མི་མཐུན་པ་བྱེད་ཀྱི་ཡོད་དམ་ཞེས་སྐད་ཆ་འདྲི་མཁན་ཡང་བྱུང༌། ངས་དེ་འདྲ་མ་རེད་ཅེས་ཤོད་ཀྱི་ཡོད། ད་ལྟ་བརྗོད་པ་བཞིན་བསམ་ཚུལ་མི་མཐུན་པ་དང༌། ལམ་ཕྱོགས་མི་མཐུན་པ་གཉིས་ཡོད་པ་དེ། དོན་དག་ཐོག་འགལ་བ་ཡོད་པར་ངོས་འཛིན་བྱེད་རྒྱུ་ཞིག་མིན།
ལྷག་པར་དུ་ང་ཚོ་མང་གཙོ་ཡིན་ཞེས་ཤོད་ཀྱི་ཡོད་ཅིང༌། མང་གཙོའི་ཚོར་བ་ངོ་མ་དེ་གནས་ཚུལ་དེ་ཚོའི་ཐོག་ནས་ཡོང་དགོས་ཀྱི་རེད། ང་ཚོའི་རྩ་བའི་དམིགས་ཡུལ་བསྒྲུབ་རྒྱུའི་དོན་དུ་ཐབས་ཤེས་རྙེད་ཐབས་སུ་སོ་སོས་བསམ་བློ་བཏང༌། བསམ་བློ་བཏང་བ་བཞིན་སོ་སོའི་ལྟ་ཚུལ་འདྲ་མིན་ཡོད་པ་དེ་གསལ་པོར་བཤད་པའི་ཐོག་ནས་གྲོས་བསྡུར་བྱེད་ཐུབ་ན། ང་རང་ཚོའི་ལས་ཀ་གང་ཞིག་ཡིན་རུང་རྩ་བ་བརྟན་པོ་ཞིག་དང༌། སྤུས་དག་པོ་ཞིག་ཡོང་གི་རེད། མི་གཅིག་གིས་བཤད་པ་དེར་ཚང་མས་ཉན་དགོས་པ་མིན། རྒྱ་ནག་གིས་མཚོན་པའི་གུང་བྲན་གྱི་ལུང་པ་དེ་ཚོའི་ནང་འགོ་ཁྲིད་དེས་གཅིག་བཤད་ན་དེར་གཞན་རྣམས་ཀྱིས་བསམ་བློ་གཏན་ནས་མ་བཏང་བར་ཚང་མས་ལམ་སེང་ལག་པ་བརྐྱངས་པ་དེ་ལྟར་བྱས་ན་ནོར་འཁྲུལ་རེད། ང་ཚོ་མང་གཙོའི་ལམ་ལ་དངོས་སུ་འགྲོ་གི་ཡོད་པའི་མྱོང་ཚོར་གསལ་པོ་ཞིག་དེ་དག་གི་ཐོག་ནས་ཡོང་གི་ཡོད། བོད་གཞུང་གི་ལས་འགན་ཡོད་མཁན་ཚོས་ཆབ་སྲིད་ཐོག་སོ་སོའི་ལངས་ཕྱོགས་བསམ་བློ་བཏང་ནས་གུང་བསྒྲིགས་པ་དེའི་ཐོག་འགྲིག་གི་མི་འདུག་ཅེས་དེའི་སྐྱོན་ཆ་རྣམས་བསྔོགས་ཏེ་བསམ་ཚུལ་བཤད་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད།
ང་ཚོ་བོད་ལ་ཡོད་དུས་ལྔ་བཅུ་ང་ལྔའི་ལོ་མཇུག་ནས་བཟུང་བོད་ཤར་ཕྱོགས་ཁུལ་མང་པོ་ཞིག་ལ་འུ་ཐུག་ཐབས་ཟད་ཀྱི་ཐོག་ནས་མི་བསད་ཁྲག་སྦྱོར་གྱི་ངོ་རྒོལ་བྱེད་པའི་གནས་ཚུལ་མང་པོ་ཞིག་བྱུང་བ་དང༌། ཐ་མ་ལྔ་བཅུ་ང་དགུའི་ལོར་དབུས་གཙང་ཁུལ་དུ་ཡང་གནས་ཚུལ་དེ་ལྟར་བྱུང་བ་རེད། ང་རང་གི་ངོས་ནས་བལྟས་ན། དེ་དག་ལ་གྱོང་རག་རྒྱུ་ལས་ཕན་ཐོགས་མེད། མི་བསད་ཁྲག་སྦྱོར་གྱི་གནས་ཚུལ་དེ་རིགས་མཐའ་གཅིག་ཏུ་མ་བྱུང་ན་བསམ་གྱི་ཡོད། དེའི་ཚེ་དེའི་དུས་ཀྱང་བསམ་བློ་དེ་རང་ཡིན་ལ། འབད་བརྩོན་ཡང་དངོས་ཤུགས་བརྒྱུད་གསུམ་ནས་བྱས་པ་ཡིན། མི་བསད་ཁྲག་སྦྱོར་གྱི་ཐོག་ནས་རྒྱ་མིར་ངོ་རྒོལ་བྱེད་པ་དེར་༸རྒྱལ་བ་རིན་པོ་ཆེས་མོས་མཐུན་ཡོད་དམ་ཟེར་ན་མོས་མཐུན་མེད། དེ་༸རྒྱལ་བ་རིན་པོ་ཆེའི་བསམ་ཚུལ་དང་མི་མཐུན་པ་ཞིག་ཡིན་ན་ཡང༌། དེ་༸རྒྱལ་བ་རིན་པོ་ཆེ་དང་འགལ་ཟླ་རེད་དམ་ཟེར་ན་རྩ་བ་ཉིད་ནས་མ་རེད། ཁོང་ཚོས་༸རྒྱལ་བ་རིན་པོ་ཆེའི་དོན་དག་ལ་རང་སྲོག་བློས་གཏོང་གི་ཡོད་པ་དང༌། བསྟན་པའི་དོན་དག་ལ་རང་སྲོག་བློས་གཏོང་བྱེད་ཀྱི་ཡོད། དགའ་པོ་བྱས་ནས་རང་སྲོག་བློས་གཏོང་བྱེད་ཀྱི་ཡོད་པ་ལས་འགལ་ཟླ་བྱས་ནས་རང་སྲོག་བློས་བཏང་བ་ཞིག་མིན། བསམ་ཚུལ་མི་མཐུན་པ་དང༌། བྱེད་ཐབས་མི་འདྲ་བ་ཞིག་ཆགས་པ་དེ་འགལ་ཟླའི་གནས་ཚུལ་རྩ་བ་ཉིད་ནས་མ་རེད།

ཅ༽ དྲག་པོའི་འཐབ་རྩོད་དང་། དངོས་ཡོད་ཀྱི་གནས་ཚུལ།

ཁྱེད་རང་ཚོ་མང་ཚོགས་ཀྱི་ཁྲོད་དུ་རང་ཉིད་ཀྱི་ཐོབ་ཐང་དང༌། བདེན་དོན་རྩོད་པའི་ལངས་ཕྱོགས་འཛིན་རྒྱུ་ཞིག་ངེས་པར་དུ་དགོས་ཀྱི་རེད། རིགས་གཅིག་གིས་ད་ལྟ་བར་དུ་ང་ཚོས་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ལ་བརྟེན་ནས་འབད་བརྩོན་བྱས་ཤིང་། དེ་ལ་གྲུབ་འབྲས་ཀྱི་གནས་སྟངས་འདི་འདྲ་ཞིག་རེད། ད་ཆ་དྲག་པོའི་ཐོག་ནས་ལས་འགུལ་སྤེལ་རྒྱུ་ལྟ་བུ་མ་བྱུང་ན་ནམ་རིང་སྒྲུང་གིས་འཁྱོལ་ཐབས་མི་འདུག་ཅེས་པའི་བསམ་ཚུལ་དེ་འདྲ་ཞིག་ཡོང་གི་ཡོད།
རིགས་གཅིག་གིས་ད་ཆ་གནས་ཚུལ་ཛ་དྲག་འདི་འདྲ་ཞིག་གིས་ཐོག་ད་དུང་འཚེ་མེད་ཞི་བའི་ལམ་ནས་མི་དང་མིའི་བར་སྐད་ཆ་བཤད་དེ་བདེན་མཐའ་གསལ་རྒྱུར་བསྒུགས་ནས་བསྡད་ན། མགྱོགས་པོའི་སྔོན་ལ་རླབས་ཆེན་ཟེར་བ་ལྟར། བོད་ནང་མི་རིགས་རྩ་བརླག་ཤུལ་མེད་དུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་འདུག་ཅེས་སྒུག་ཡུན་མ་འཁྱོལ་བའི་བསམ་ཚུལ་ཞིག་ཀྱང་ཡོང་གི་ཡོད། དེ་དག་ལ་ང་ཚོས་བསམ་བློ་གཏོང་དགོས་པ་ཞིག་རེད། ངའི་བསམ་པར་ཛ་དྲག་གི་གནས་ཚུལ་ཡོད་པར་བརྟེན་ནས་ངས་གྲོས་འཆར་འདོན་དགོས་པའི་གནས་ཚུལ་འདི་བྱུང་བ་རེད། ཛ་དྲག་འདུག་ཅེས་བརྗོད་ནས་ང་ཚོས་དྲག་པོའི་ཐོག་ནས་ཟང་ཟིང་བྱས་ན། ད་དུང་ཛ་དྲག་གཉིས་པ་ཞིག་ཡོང་རྒྱུ་རེད། ད་ལྟ་ཛ་དྲག་གཅིག་ཡོད་པའི་ཐོག་ལ་ད་དུང་ཛ་དྲག་སྣོན་མ་ཞིག་སླེབས་ཀྱི་རེད། ངོས་ནས་དེ་ལྟ་བུ་མཐོང་གི་འདུག
གལ་སྲིད་དྲག་པོའི་ལས་འགུལ་བྱས་པའི་དབང་དུ་བཏང་ནའང༌། ད་ལྟའི་ཛ་དྲག་གི་གནས་ཚུལ་དེ་ལྡབ་ཀྱིས་ཤུགས་ཆེ་རུ་འགྲོ་རྒྱུ་ལས། དེས་དཀའ་ངལ་སེལ་ཐུབ་པ་ཡོང་གི་མ་རེད་བསམ་གྱི་འདུག ད་ལྟ་ཇི་ཙམ་མི་འདུག་ཟེར་ན་ཡང༌། དཔེར་ན། བོད་ཀྱི་ནང་ལ་རྒྱ་མི་མང་པོ་བཏང་བ་དེ་རིགས་ང་ཚོས་བཤད་ས་ཞིག་ཡོད། བཤད་ས་ཡོད་པ་བཞིན་རྒྱ་མིའི་ཐོག་ལ་ཡང་ཕྲན་བུ་མ་བདེ་བ་ཞིག་ཆགས་ཀྱི་ཡོད། བོད་ནང་ལ་རྒྱ་མི་ཕོན་ཆེ་ཡོད་ལུགས་བརྗོད་སྐབས། དེ་ལྟར་མེད་ཅེས་བཤད་ནས་ཁོ་ཚོ་ངོ་གནོང་དགོས་པ་ཞིག་ཡོང་གི་ཡོད། བོད་ཀྱི་ས་ཁུལ་ནང་ཟང་ཟིང་གི་གནས་ཚུལ་ཞིག་བྱུང་ན། ལུང་པའི་དཀའ་ངལ་ཟང་ཟིང་ལྷིང་འཇགས་ཆེད་ང་ཚོས་དམག་མི་བཏང་གི་ཡོད་ཅེས་རྒྱ་མི་ཤོད་བདེ་པོ་ཆགས་ཀྱི་རེད། བོད་པའི་ཡུལ་གྲོང་ཡུལ་གྲོང་རྩ་མེད་བཏང་ནའང༌། ཁོང་ཚོར་ཁག་འདོགས་བྱེད་ས་བྱུང་བ་རེད། མངོན་གསལ་དོད་པོའི་ཐོག་ནས་བོད་རིགས་ཤུལ་མེད་བཟོ་རྒྱུ་ལས་སླ་པོ་ཆགས་འགྲོ་གི་རེད། ད་ལྟ་རྒྱ་མིར་ཁག་བཞག་ས་མེད་སྟབས་རྒྱ་མིའི་ངོས་ནས་བྱེད་བདེ་པོ་གཏན་ནས་མེད།
ལྷག་པར་མ་འོངས་པར་རྒྱ་རིགས་གཞོན་སྐྱེས་འཚར་ལོངས་ཡོང་བཞིན་པ་དེ་དག་རིམ་པས་ཡར་སླེབས་པའི་སྐབས་སུ་ང་ཚོས་འཐབ་རྩོད་བྱེད་སྟངས་ཀྱི་གནས་ཚུལ་དེ་དག་ཁོང་ཚོར་འགྲེལ་བཤད་རྒྱག་ས་ཡོང་གི་རེད། རིམ་པས་མིའི་རྣམ་དཔྱོད་ཡོད་པའི་རྒྱ་མི་ཞིག་ཐུག་ན་ཡང་རུང༌། དེ་མིན་མི་སུ་ལའང་ང་ཚོས་འགྲེལ་བཤད་རྒྱག་ཐུབ་པ་ཞིག་ཡོད། མི་བསད་ཁྲག་སྦྱོར་གྱི་བྱ་བའི་ཐོག་ནས་ང་ཚོར་རྒྱལ་ཁ་ཐོབ་ཐུབ་བམ་ཞེ་ན། དཔེ་བལྟ་ས་མང་དུ་ཡོད་པ་སྟེ། པ་ལི་སི་ཐན་དང༌། ཨཕ་གྷ་ནི་སི་ཏན། མུ་ཇི་ཧ་བྷིན་སོགས་མང་དུ་ཡོད། ངོ་ཐོག་ལག་ལེན་ཐོག་བསམ་བློ་ཞིག་བཏང་ན། མེ་མདའ་གཅིག་གཉིས་འཁྱེར་ནས་བོད་ནང་དཀྲོག་བརྡ་སློང་ཐུབ། འོན་ཀྱང་དེས་གང་ཞིག་ཕན་ཐོགས་སམ། བོད་ནང་ཕན་གནོད་འབྲེལ་བ་ཞིག་ཡོང་གི་རེད་དམ། དེ་དག་ལ་བསམ་བློ་གཏོང་དགོས། ཁ་ནས་ཤོད་རྒྱུ་ལས་སླ་ཡང་ངོ་ཐོག་ལག་ལེན་དུ་བསྟར་ནས་ལས་ཀ་བྱེད་དགོས་བྱུང་ན། ལས་སླ་པོ་རྩ་བ་ནས་མེད།
ངའི་བསམ་བློའི་ནང་གི་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ལ་བསྐྱོད་རྒྱུ་ཟེར་བ་དེ་ཆོས་ཕྱོགས་ཀྱི་སྐད་ཆ་དང༌། ཡ་རབས་མདོག་ཁ་པོ་དང༌། བཟང་མདོག་ཁ་པོའི་ཐོག་ནས་བཤད་པ་ཞིག་མ་རེད། དངོས་ཡོད་གནས་ཚུལ་རང་གི་ཆ་ནས་དེ་ལས་འགྲོ་ས་མེད་པ་ཞིག་མཐོང་གི་འདུག ད་ལྟ་བར་དུ་འཚེ་མེད་ཞི་བའི་ལམ་བཤད་པ་རེད། ཛ་དྲག་གི་གནས་ཚུལ་མཐོང་གི་འདུག་ཀྱང༌། དེ་མིན་པའི་ཐབས་ལམ་གཞན་ཞིག་གི་ཐོག་ཏུ་ཕྱིན་ཚེ། རང་སྲོག་རང་གིས་སྐྱེལ་རྒྱུའི་གནས་ཚུལ་ཐབས་སྡུག་གཅིག་ལས། དེ་ལས་ལེགས་པ་ཞིག་ཡོང་གི་རེད་བསམ་པ་ཕལ་ཆེར་མི་འདུག དེ་རྣམས་ནི་ངོས་ཀྱི་བསམ་ཚུལ་དང༌། ལྟ་ཚུལ་གྱི་རྒྱུ་མཚན་རྣམས་ཡིན།

ཆ༽ འཚེ་མེད་ཀྱི་འཐབ་རྩོད་དང་། འཛམ་གླིང་གི་མིག་དཔེ།

འཛམ་གླིང་འདིའི་སྒང་ལ་དེང་སང་བོད་པའི་རང་དབང་འཐབ་རྩོད་བྱེད་སྟངས་ཐོག་ལ་དམིགས་བསལ་གྱི་དོ་སྣང་བྱེད་མཁན་མང་པོ་ཡོད། ཁོང་ཚོའི་གྲས་རིགས་གཅིག་གིས་རྒྱུ་མཚན་གང་ཞིག་བགྲངས་ཀྱི་ཡོད་ཅེ་ན། སྤྱིར་བཏང་འཛམ་གླིང་འདིའི་སྒང་ལ་རང་དབང་རྩོད་མཁན་ལུང་པ་འདྲ་མིན་དང༌། མི་རིགས་འདྲ་མིན་མང་དུ་ཞིག་ཡོད། འོན་ཀྱང་བོད་པའི་ཐོག་ལ་དམིགས་བསལ་གྱི་ཁྱད་ཆོས་གང་ཞིག་འདུག་ཅེ་ན། མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་ངོ་རྒོལ་བྱེད་ཀྱི་ཡོད། དེ་ནི་འཛམ་གླིང་འདིའི་སྒང་ལ་དེང་སྐབས་མེད་པའི་གནས་ཚུལ་གཅིག་རེད། འཛམ་གླིང་འདིའི་སྒང་ལ་དྲང་པོ་དྲང་བཞག་དང༌། རྒྱུ་མཚན་ལྡན་པའི་ཐོག་ནས་འཚེ་མེད་ཞི་བའི་ལམ་ལ་བརྟེན་ནས་རང་དབང་འཐབ་རྩོད་བྱེད་ཐབས་གསར་གཏོད་འདིར་རྒྱལ་ཁ་ཐོབ་དགོས་པ་དང༌། དེ་ལ་གྲུབ་འབྲས་སོན་དགོས་པ་ཞིག་རེད། དེ་བྱུང་ན་འཛམ་གླིང་གི་ས་ཁུལ་གཞན་དག་ལའང་མིག་དཔེ་ཡོང་གི་རེད་ཅེས་རྒྱུ་མཚན་དེ་འདྲ་ཞིག་བགྲངས་ནས་བོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ང་ཚོས་འཇོན་ལ་མ་འཇོན་གྱི་དྲག་པོའི་ལས་འགུལ་ཞིག་བྱས་ན། རྒྱབ་སྐྱོར་བྱེད་མཁན་མི་དེ་ཚོའི་ཤ་ཚ་བརླག་འགྲོ་གི་རེད། ངས་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ལ་འགྲོ་དགོས་ཤོད་པའི་རྒྱུ་མཚན་དང་དགོས་པ་དེ་ལྟར་ཡིན།
ཡང་བོད་ནང་ནས་མི་མང་པོ་ཞིག་དང༌། འདི་ཕྱོགས་ནས་ཀྱང་མི་ཁག་གཅིག་གི་བསམ་ཚུལ་ལ། རྒྱ་མི་གུང་བྲན་ནི་མེ་མདའ་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་པ་ལས། རྒྱུ་མཚན་ལ་ཡིད་ཆེས་བྱེད་མཁན་ཞིག་མིན་ཞེས་ཤོད་ཀྱི་འདུག དེ་ཡིན་ཐག་ཆོད་རེད། མ་གཞི་འུ་ཐུག་པའི་སྐད་ཆ་ལྟ་བུ་ཁག་མེད་པ་ཞིག་མཐོང་གི་འདུག ཡིན་ན་ཡང་ངོ་ཐོག་ང་ཚོས་དྲག་སྤྱོད་ལག་ལེན་བསྟར་ན། ངོས་ནས་ཉེན་ཁ་ལས་དགེ་མཚན་གང་ཡང་མཐོང་གི་མི་འདུག ངའི་རྒྱུ་མཚན་དེ་འདྲ་ཡིན་ཞེས་གསལ་བཤད་བྱས་ན་བསམ་པ་བྱུང༌།

ཇ༽ མང་གཙོའི་ལམ་སྲོལ་དང་། ཡར་རྒྱས་ཀྱི་འབྱུང་རྩ།

ང་ཚོ་མང་གཙོའི་ཐོག་ཏུ་འགྲོ་དགོས་ཞེས་ངས་སྔར་ནས་བཤད་ཡོད། དེ་ནི་རྒྱ་མིས་ང་ཚོར་ཚུར་ནག་ཁྲ་བཙུགས་པ་དང༌། མ་ཉེས་ཁ་གཡོག་བྱེད་ཀྱི་ཡོད་པ་ལ་བརྟེན་ནས་བཤད་པ་ཞིག་མིན། མིའི་སྤྱི་ཚོགས་ཡར་རྒྱས་འགྲོ་དགོས་ན་མི་རང་རང་སོ་སོར་ཡར་རྒྱས་དང༌། གསར་གཏོད་བྱེད་རྒྱུའི་ནུས་པ་ཡོད་པ་དེ་རང་རང་སོ་སོའི་ངོས་ནས་བཏོན་ཏེ་མིའི་སྤྱི་ཚོགས་ཡར་རྒྱས་འགྲོ་དགོས་པ་ལས། འགོ་ཁྲིད་མཁན་མི་གཅིག་གིས་སྐད་ཆ་བཤད་དེ་ལམ་སྟོན་བྱས་པ་ལས། མི་སྒེར་སོ་སོའི་གསར་གཏོད་རང་བཞིན་གྱི་རྣམ་དཔྱོད་འདོན་ས་མེད་ན་ཡར་རྒྱས་འགྲོ་མི་ཐུབ། དཔལ་འབྱོར་དང་རིག་གཞུང་སོགས་གང་གི་ཐོག་ཏུ་ཡིན་ནའང་ཡར་རྒྱས་འགྲོ་ཐབས་མེད། དཔེར་ན། དེང་སང་ཨུ་རུ་སུས་མཚོན་པའི་དམར་པོའི་རྒྱལ་ཁབ་དེ་དག་གི་ནང་ཚན་རིག་དང༌། ལག་རྩལ། དཔལ་འབྱོར། རིག་གཞུང་གང་གི་ཐོག་ནས་ཀྱང་རྗེས་ལུས་ཐེབས་ནས་བསྡད་ཡོད། སྐྱོན་དེ་གང་བྱུང་ངམ་ཞེ་ན། མི་སྒེར་སོ་སོའི་ངོས་ནས་རྣམ་དཔྱོད་བཏོན་ཏེ་གསར་གཏོད་ཀྱི་ནུས་པ་སྤེལ་རྒྱུའི་སྒོ་བརྒྱབ་པར་བརྟེན་ཡར་རྒྱས་འགྲོ་གི་མེད།
མིའི་སྤྱི་ཚོགས་ཡར་རྒྱས་འགྲོ་བར་མི་རེ་ངོ་རེའི་གསར་གཏོད་ཀྱི་རང་བཞིན་ལྡན་པའི་རྣམ་དཔྱོད་ཡོད་པ་དེ་འདོན་སྤེལ་དང་། བེད་སྤྱོད་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། དེ་ཡོང་བ་ལ་མང་གཙོ་དང་རང་དབང་ཟེར་བ་དེ་མེད་ན་མིའི་ནུས་པའི་རང་བཞིན་དེ་འདོན་ཐུབ་པ་ཡོང་ཐམས་མེད། ང་རང་ཚོ་བོད་མི་རིགས་འདི་མིའི་སྤྱི་ཚོགས་ཤིག་ཡིན་པའི་ཆ་ནས་བཤད་ནའང༌། མང་གཙོ་དང་རང་དབང་ཟེར་བ་འདི་སྲོག་ལྟར་རྩ་བ་ཆེན་པོ་ཆགས་ཡོད། ང་ཚོས་མང་གཙོ་ཞེས་དེ་ཁ་ནས་བཤད་པ་ཙམ་གྱིས་མི་འགྲིགས། ང་རང་ཚོ་བོད་མི་རིགས་ཡར་རྒྱས་དང་ཚགས་ཚུད་ཅིག་དང་། བོད་མི་རིགས་མི་ཐོག་ནས་མི་ཐོག་ཧྲ་ཏག་ཏག་གནས་སྡོད་ཐུབ་པ་ཞིག་བཅས་དགོས་ན། ང་ཚོར་མང་གཙོ་དགོས་ཀྱི་ཡོད། མང་གཙོ་ཡོང་བར་ཕར་ཕྱོགས་ནས་གུང་བྲན་ལྟ་བུའི་བཙན་པོ་དབང་ཡོད་དང༌། ལས་འབྲས་རྙོག་པའི་ཐོག་ནས་གདུག་རྩུབ་ཆེན་པོས་དབང་ཤུགས་ཟིན་ནས་བསྡད་ན། དེ་ནི་མང་གཙོའི་འགལ་རྐྱེན་ཆགས་ཀྱི་ཡོད།
ཚུར་ཕྱོགས་འདིར་༸རྒྱལ་བ་རིན་པོ་ཆེའི་གནས་སྟངས་ལྟ་བུ་ཆོས་ཕྱོགས་ཀྱི་གནས་ཚུལ་འོག་ནས་དད་པ་དང་ཡིད་ཆེས་ཆེ་དྲགས་ཏེ་༸རྒྱལ་རིན་པོ་ཆེས་བཀའ་གནང་བ་རེད། དེ་ཡིན་གྱི་རེད་ཟེར་བ་ལྟ་བུ་དང༌། ཡང་ན། ངའི་བསམ་བློའི་ནང་ལ་དེ་འདྲ་ཨེ་ཡིན་བསམ་པ་དྲན་གྱི་འདུག་ཀྱང་༸རྒྱལ་བ་རིན་པོ་ཆེས་བཀའ་གནང་བ་རེད། དེ་ག་རང་རེད་ཟེར་བ་ལྟ་བུའི་རིགས་ཀྱིས་རང་རང་སྒེར་སོ་སོས་སེམས་འཁུར་བླངས་ཏེ་བསམ་བློ་གཏོང་རྒྱུ་དང༌། བསམ་ཚུལ་གསལ་སྟོན་བྱེད་རྒྱུར་འགལ་རྐྱེན་བཟོ་གི་ཡོད། མང་ཚོགས་ཀྱི་ཁྲོད་ནས་ནུས་པ་འདོན་སྤེལ་བྱེད་རྒྱུར་གདུག་རྩུབ་ཀྱིས་འགོག་གི་ཡོད་ཀྱང་འགལ་རྐྱེན་རེད། དད་པའི་ཐོག་ནས་འགོག་གི་ཡོད་ནའང་འགལ་རྐྱེན་ཆགས་ཀྱི་ཡོད། ད་ལྟ་༸རྒྱལ་བ་རིན་པོ་ཆེ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དོན་གྱི་བདག་པོ་རེད་ཟེར་བའི་སྐད་ཆ་དེའི་འོག་ནས་འགྲོ་གི་ཡོད་པ་འདི་ལ་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད། དེ་ནི་ངའི་བསམ་ཚུལ་ཡིན།
ད་ལྟ་ང་རང་ཚོས་བསྐལ་པ་ཁྲི་ཕྲག་ནས་ཁྲི་ཕྲག་ཅེས་བརྗོད་སྲོལ་ཞིག་ཡོད་ཀྱང་བསྐལ་པ་ཁྲི་ཕྲག་ནས་ཁྲི་ཕྲག་སྡོད་རྒྱུ་མེད་པ་ཚང་མས་ཤེས་གསལ་རེད། ང་རང་ཚོ་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ནས་༸རྒྱལ་བ་རིན་པོ་ཆེ་ལོ་ཁྲི་ཕྲག་ནས་ཁྲི་ཕྲག་བར་དུ་སྡོད་ཀྱི་རེད་བསམ་པའི་ཡིད་ཆེས་བྱེད་མཁན་སུ་ཡང་མེད། མཐའ་མ་༸རྒྱལ་བ་རིན་པོ་ཆེ་ཤི་གི་རེད་བསམ་པ་ཚང་མས་དྲན་གྱི་ཡོད། ང་རང་གི་ཚེ་སྔོན་མའི་བསོད་ནམས་ཡིན་ཡང་རུང༌། གང་ལྟར་མི་ཚང་མས་ང་ལ་དགའ་པོ་དང༌། མོས་པོ་བྱས། ༸རྒྱལ་བ་རིན་པོ་ཆེའི་གདོང་ལ་བལྟས་ནས་རྡོག་རྩ་གཅིག་སྒྲིལ་བྱེད་ཀྱི་ཡོད་པ་འདིས་ཕན་ཐོགས་ཏན་ཏན་བྱུང་ཡོད། ཡིན་ན་ཡང་ང་ལ་རྟག་པ་བརྟན་པ་མེད་པར་མཐའ་མའི་ཉི་མ་གཅིག་སླེབས་ཡོང་གི་རེད། གང་ལྟར་༸རྒྱལ་བ་རིན་པོ་ཆེར་སྤྱི་མོས་ཆེན་པོ་དང༌། ཇི་ཙམ་གྱི་ཕན་ཐོགས་ཡོད་ན་ཡང་མི་ཐོག་གཅིག་གི་སྐད་ཆ་ཡིན་པ་ལས། དེ་ནམ་བཞག་གཏན་དུ་སྡོད་རྒྱུའི་སྐད་ཆ་ཞིག་མིན། བོད་མི་རིགས་ཡར་རྒྱས་འགྲོ་ཐབས་བྱེད་རྒྱུ་དང༌། བོད་མི་རིགས་ཀྱི་རང་དབང་རྩོད་ལེན་བྱེད་རྒྱུ་འདི་མི་རབས་ནས་མི་རབས་དང་། མི་ཐོག་ནས་མི་ཐོག་སྦྲེལ་ནས་སྒྲུབ་དགོས་པ་ཞིག་རེད།
ང་རང་ཚོས་ད་ལྟ་བར་དུ་ལས་ཀ་བྱས་པ་དེ་དག་མི་ཐོག་གཅིག་གི་དོན་དུ་ཡིན་ན་འགྲིགས་པ་རེད། ངས་མ་ཤི་བར་དུ་འགོ་འཁྲིད། ང་ཤི་བའི་ཉིན་མོ་དེར་ལས་ཀ་ཚང་མའི་འཆར་གཞི་བསྡུ་གསོག་བརྒྱབ་ན་འགྲིགས་ཀྱང་དེ་ལྟར་མིན། གནས་ཚུལ་དེའི་ཆ་ནས་རྩ་བའི་ང་ཚོའི་སྒྲིག་འཛུགས་འགྲོ་སྟངས་དེ་དངོས་གནས་དྲང་གནས་ཀྱི་མང་གཙོའི་ལམ་དང་མཐུན་པའི་སྤུས་དག་པོ་ཞིག་བཟོ་དགོས་པའི་རྒྱུ་མཚན་གཅིག་དེ་རེད།

ཉ༽ མང་གཙོའི་སྲོལ་བཟང་དང་། བླ་མེད་ཀྱི་དབུ་ཁྲིད།

རྒྱུ་མཚན་གཞན་ཡང༌དཔེར་ན། འཛམ་གླིང་སྤྱི་ཡོངས་ཕྱོགས་གང་སར་ཛ་དྲག་གི་གནས་ཚུལ་ཡོད། དེ་ལྟ་བུའི་གནས་ཚུལ་གྱི་འོག་ནས་གློ་བུར་༸རྒྱལ་བ་རིན་པོ་ཆེའི་ཚེ་ལ་འགལ་རྐྱེན་བྱུང་ན། ང་རང་ཚོའི་སྒྲོམ་འདི་གཞིག་རྒྱུའི་ཉེན་ཁ་ཡོད། ངས་འུད་ཤོབ་བཤད་པ་མིན། མི་ཁ་ཤས་ཀྱིས་ད་ཕན་དད་པ་དང་སོ་སོའི་ཡིད་ཆེས་ཀྱི་ཐོག་ནས་འགྲིགས་པ་རེད། ༸རྒྱལ་བ་རིན་པོ་ཆེ་མེད་པ་ཆགས་པའི་ཉིན་ནས་ང་རང་ཚོ་བསམ་བློ་གཏོང་ས་མེད་ཅེས་ཤོད་ཀྱི་འདུག་པ་དེ་ལྐུག་པའི་སྐད་ཆ་རེད། སོ་སོ་སྒེར་གྱི་ངོས་ནས་བསམ་བློ་གཏོང་ས་མེད་ནའང༌། བོད་མི་རིགས་སྤྱི་ལ་དེ་ལྟར་བཤད་ན་མི་འགྲིག གལ་སྲིད་དེ་འདྲ་ཞིག་གི་གནས་ཚུལ་ཆགས་ཀྱི་ཡོད་ན་དེ་ལྟར་མ་ཆགས་པའི་ཐབས་ཤེས་བྱེད་དགོས། ༸རྒྱལ་བ་རིན་པོ་ཆེ་མེད་པའི་ཉིན་ཞིག་ཤར་ན་ཡང༌། ང་ཚོའི་སྒྲིག་འཛུགས་འདི་མུ་མཐུད་གནས་སྡོད་ཐུབ་པའི་གོ་སྒྲིག་བྱེད་དགོས་ལ། འཆར་གཞི་བཟོ་དགོས། གནས་ཚུལ་དེའི་ཆ་ནས་ཀྱང་ང་ཚོས་བསམ་བློ་གཏོང་དགོས་ཀྱི་འདུག
རྒྱུ་མཚན་གཞན་ཞིག་ལ། ༸རྒྱལ་བ་རིན་པོ་ཆེ་བླ་ན་མེད་པའི་དབུ་ཁྲིད་ཡིན་ཞེས་ཤོད་ཀྱི་ཡོད། ང་རང་ཚོ་དངོས་འབྲེལ་མང་གཙོའི་ལམ་ལ་འགྲོ་དགོས་པར་བརྟེན། སྲིད་དོན་ཤོག་ཁག་འདྲ་མིན་བར་ལྟ་བའི་འགྲན་བསྡུར་དང༌། འོས་བསྡུའི་འགྲན་བསྡུར་བྱེད་དགོས། དེ་ལྟའི་གནས་ཚུལ་ཞིག་ཆགས་སྐབས། ༸རྒྱལ་བ་རིན་པོ་ཆེས་སྲིད་དོན་ཤོག་ཁའི་འགོ་ཁྲིད་བྱེད་ཐབས་མེད། གང་ཡིན་ཟེར་ན། ༸རྒྱལ་བ་རིན་པོ་ཆེས་སྲིད་དོན་གྱི་ཤོག་ཁ་གང་རུང་ཞིག་ནང་ཕྱིན་ན་སྲིད་དོན་ཤོག་ཁ་གཞན་རྣམས་དང་མ་འགྲིགས་པ་ཆགས་ཡོང་གི་རེད། ༸རྒྱལ་བ་རིན་པོ་ཆེ་སྲིད་དོན་ཤོག་ཁའི་འཐབ་རྩོད་ནང་ཞུགས་ན་བླ་ན་མེད་པའི་དབུ་ཁྲིད་ཟེར་བའི་གཟི་བརྗིད་ཆེན་པོ་དེ་མེད་པ་ཆགས་ཀྱི་རེད། གནས་ཚུལ་དེའི་ཆ་ནས་ཀྱང་བསམ་བློ་རང་ཤུགས་ཀྱིས་གཏོང་དགོས་ཀྱི་འདུག
དེང་སང་བོད་པའི་སྤྱི་ཚོགས་ནང་ལ་བོད་གཞུང་བཀའ་ཤག་གིས་འགྲིག་གི་མི་འདུག་ཅེས་མང་ཐག་ཆོད་བཤད། ༸རྒྱལ་བ་རིན་པོ་ཆེ་ལ་དད་གུས་ཡོད་ཚུལ་ཟེར་བ་དེ་ལྐུག་པའི་སྐད་ཆ་རེད། ད་ལྟའི་བོད་གཞུང་འདི་༸རྒྱལ་བ་རིན་པོ་ཆེས་ཐད་ཀར་འགོ་འཁྲིད་པའི་གཞུང་ཞིག་ཡིན། བོད་གཞུང་གིས་འགྲིག་གི་མི་འདུག་ཟེར་བ་དེ་དོན་གྱིས་༸རྒྱལ་བ་རིན་པོ་ཆེས་འགྲིག་མ་སོང་ཟེར་བ་ཞིག་རེད། ཡིན་ན་ཡང་ང་རང་ཚོ་ད་ལྟ་སྣང་བ་དག་པའམ། སྐད་ཆར་ཤུབ་གཡོག་པ་གང་ལྟར་༸རྒྱལ་བ་རིན་པོ་ཆེས་ཅི་གསུང་བཀའ་བསྒྲུབ་བྱེད་ཀྱི་ཡིན། གཞུང་གིས་འགྲིག་གི་མི་འདུག་ཟེར་ཤོད་ཀྱི་འདུག དངོས་གནས་བཤད་ན། ད་ལྟ་བོད་གཞུང་གི་འགོ་ཁྲིད་མཁན་༸རྒྱལ་བ་རིན་པོ་ཆེ་ཡིན་སྟབས། བོད་གཞུང་གི་ཐོག་ནས་མ་འགྲིག་པ་བྱུང་ཡོད་ན། མཐར་ཐུག་གི་འགན་ཡོངས་རྫོགས་༸རྒྱལ་བ་རིན་པོ་ཆེར་འཁྲི་ཡོད། གཞུང་དེ་མང་གཙོ་དང་འོས་བསྡུ་བྱས་ནས་བཙུགས་པ་ཞིག་ཡིན་ན་༸རྒྱལ་བ་རིན་པོ་ཆེ་བླ་ན་མེད་པའི་དབུ་ཁྲིད་ཡིན། ༸རྒྱལ་བ་རིན་པོ་ཆེས་བཀའ་གནང་ན་སྒྲུབ་ཀྱི་ཡིན། འོས་བསྡུ་བྱས་པའི་གཞུང་དེས་འགྲིག་གི་མི་འདུག་ཅེས་བཤད་ན་འགྲིག་གི་འདུག ད་ལྟའི་སྐད་ཆ་དེ་ཁུངས་ལུང་མེད་པའི་སྐད་ཆ་རེད།
ཡང་ན་བཀའ་བློན་སྒེར་སོ་སོའི་མིང་སྨོས་ཏེ་མི་དེས་འགྲིག་གི་མི་འདུག་ཅེས་བརྗོད་ན་གནས་ཚུལ་ཐ་དད་རེད། དེ་མིན་བོད་གཞུང་གིས་འགྲིག་གི་མི་འདུག་ཅེས་བརྗོད་ན་སྐད་ཆ་དེ་ཁྱད་མཚར་ཞིག་ཆགས་ཡོང་གི་འདུག མ་འོངས་པར་འགན་འཁྱེར་མཁན་གྱི་གཞུང་དེ་མི་ཚང་མའི་འདོད་པ་ཁེངས་པ་ཞིག་དང༌། ཚང་མའི་བསམ་ཚུལ་མཐུན་པ་ཞིག་ཡོང་ཐབས་རང་བཞིན་གྱིས་མེད་སྟབས། དེ་ལ་བསམ་འཆར་བཤད་དགོས་པ་ཞིག་ཡོང་རྒྱུ་རེད། དེ་འདྲའི་གཞུང་དེ་མང་གཙོ་བྱས་ཏེ་འོས་བསྡུའི་ཐོག་ནས་ཡོང་རྒྱུ་དང༌། ༸རྒྱལ་བ་རིན་པོ་ཆེ་ཆོས་སྲིད་གཉིས་ཀྱི་བདག་པོ་ཡིན་ཞེས་བཤད་ན་དངོས་གནས་ཡག་པོ་འདུག དངོས་ཡོད་གནས་ཚུལ་ལ་ལག་ལེན་རང་གི་ཐོག་ནས་དེ་ལྟར་ཆགས་ཡོང་གི་འདུག དེར་བརྟེན་ཁ་སང་ཝཱ་རཱ་ཎ་སཱིར་ཆོས་ཚོགས་ཀྱི་ཚོགས་འདུའི་ཐོག་ལ་ངས་དེ་སྐོར་འགྲེལ་བཤད་བརྒྱབ་པ་ཡིན། ཚོགས་འདུར་ཕེབས་མཁན་བླ་མ་དགེ་བཤེས་ཁོང་རྣམས་ནས་ངོས་ནས་བཤད་པ་དེ་འགྲིག་གི་མི་འདུག ངས་མུ་མཐུད་འགན་འཁུར་ལེན་དགོས་གསུངས་བྱུང་བར། ཁྱེད་རང་ཚོས་དེ་ལྟར་གསུངས་ན་ཡང༌། ངའི་གཏམ་བརྗོད་རང་དབང་རེད་ཅེས་རྩེད་མོ་དང་སྦྲགས་ནས་ཞུས་པ་ཡིན།
ཁ་སང་ལས་བསྡོམས་ཚོགས་འདུའི་ཐོག་ལའང་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་ཡིན། ཚོགས་ཆེན་ནས་ཡི་གེ་ཞིག་ཚོགས་གཙོ་གཉིས་བརྒྱུད་ང་ལ་སྤྲད་བྱུང༌། ངས་ཚོགས་འདུའི་ཐོག་བཤད་པ་དེ་༸རྒྱལ་བ་རིན་པོ་ཆེ་སེམས་ཤུགས་ཆག་ནས་བཤད་པ་མིན་ལ། དཀའ་ངལ་ལས་གཡོལ་ཐབས་སུ་བཤད་པ་ཡང་མིན། ངོས་ནས་ལས་འགན་མུ་མཐུན་འཁྱེར་བ་དང་། དོ་ཁུར་མུ་མཐུད་བྱེད་ངེས་རེད། ཡིན་ན་ཡང་ང་ཚོའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་འདི་རྩ་བ་བརྟན་པོ་ཞིག་བཟོ་དགོས་ཀྱི་འདུག སྒྲིག་འཛུགས་འདི་བརྟན་པོ་ཞིག་དང་། སྤུས་དག་པོ་ཡོང་བའི་དོན་ལ་བཤད་པ་དེར་མི་ཁག་གཅིག་གི་འཆར་སྣང་ལ་༸རྒྱལ་བ་རིན་པོ་ཆེས་སྤྱི་དོན་བློས་གཏོང་བ་ལྟ་བུའི་མཐོང་ཚུལ་ཡོང་གི་ཡོད་ཀྱང་། དོན་དངོས་ལ་དེ་ལྟར་མིན། ད་ལྟ་ཛ་དྲག་མེད་ཀྱང་རིམ་པས་མུ་མཐུད་དེ་གནད་དོན་འདིའི་ཐོག་ལ་གང་དགའ་ཅི་ལེགས་ཚང་མས་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད།

ཏ༽ མ་འོངས་རྗེས་རབས་དང་། ཆབ་སྲིད་ཀྱི་སློབ་གསོ།

འདས་པའི་ལོ་སུམ་ཅུའི་ནང་ལ་སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་བོད་རིགས་ཚོ་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཡོད། གྲོགས་པོ་ཕྱི་རྒྱལ་བ་མང་པོ་ཞིག་གིས་བོད་པར་བསྔགས་བརྗོད་བྱེད་ཀྱི་ཡོད། ང་རང་ཚོ་སྤོབས་པ་བྱེད་འོས་པ་ཞིག་ཆགས་ཡོད། དེ་བཞིན་བོད་སྤྱི་པའི་རང་དབང་རྩོད་ལེན་བྱེད་རྒྱུའི་ཐོག་ལ་ཡང་འགག་ལ་ཐུག་དུས་ཚང་མར་སེམས་ཤུགས་ཡག་ཐག་ཆོད་ཡོད། ད་དུང་ང་རང་ཚོས་གཟབ་གཟབ་བྱེད་དགོས་པ་དང༌། རིག་པ་བསྒྲིམ་དགོས། བོད་སྤྱི་པའི་དོན་དུ་འཐབ་རྩོད་བྱེད་རྒྱུ་དེ་ང་ཚོ་བོད་པ་སྤྱི་བོ་གནམ་བསྟན་ཡོངས་ལ་འགན་འཁྲི་ཡོད། ཆབ་སྲིད་ཀྱི་ཚོར་བ་ཟེར་ཡང་རུང༌། ཆབ་སྲིད་ལ་དོ་སྣང་བྱེད་རྒྱུ་དེ་ང་རང་ཚོའི་སྤྱི་ཚོགས་ནང་ཤུགས་ཇེ་ཆེར་གཏོང་ཐབས་བྱེད་དགོས་ཀྱི་འདུག
ང་ཚོའི་དྲིལ་བསྒྲགས་ལས་ཁུངས་ནས་སྐད་ཆ་བཤད་པ་ཙམ་དང༌། དུས་དུས་ལ་སློབ་གསོ་བཏང་བ་ཙམ་གྱིས་ཕན་ཐོགས་ཆེན་པོ་ཡོང་རྒྱུ་དཀའ། གལ་གནད་ཆེ་ཤོས་ཁྱིམ་ཚང་མི་རེ་ངོ་རེའི་ནང་དུ་ང་ཚོ་བཙན་བྱོལ་བ་ཡིན་པ་དང༌། ང་ཚོར་ལུང་པ་མེད་པ། ང་ཚོ་གང་ཞིག་བྱས་ནས་བཙན་བྱོལ་བ་ཆགས་པ། ང་ཚོར་ལས་འགན་གང་ཞིག་ཡོད་པ། ང་ཚོར་ཐོབ་ཐང་གང་ཡོད་པ། ང་ཚོས་འཐབ་རྩོད་གང་འདྲ་ཞིག་བྱེད་དགོས་པ། དེ་དང་དེ་འདྲའི་རྩ་དོན་དེ་དག་གི་ཐོག་བསམ་བློའི་ནང་ན་ཚ་དང༌། སེམས་འཁུར་ཡོད་པའི་ཐོག་ནས་ཁྱིམ་ཚང་སོ་སོའི་ནང་ལ་རང་བཞིན་གྱིས་ཡང་ཡང་གླེང་མོལ་བྱ་རྒྱུའི་ཚོར་བའམ། གོམས་གཤིས་ཤིག་འཇགས་ན། ཁྱིམ་ཚང་ནང་འཚར་ལོངས་ཡོང་བཞིན་པའི་བུ་ཕྲུག་ཚོས་ཀྱང་ཆུང་དུས་ནས་ང་རང་ཚོའི་བོད་པའི་རྩ་དོན་དེ་རྣ་བར་གོ་ཐུབ་པ་དང༌། རང་བཞིན་གྱིས་བསམ་བློའི་ནང་འཇགས་པ་ཞིག་ཆགས་ཡོང་གི་རེད།
དེ་མིན་སློབ་གྲྭ་སོ་སོའི་འཛིན་གྲྭའི་ནང་སློབ་གསོ་མ་འདང་བའི་ཁར། ཁྱིམ་ཚང་སོ་སོའི་ནང་ལ་བལ་གོས་ཚོང་ལས་ཀྱི་གནས་ཚུལ་ལས། ཆབ་སྲིད་ཀྱི་གནས་ཚུལ་གོ་རྒྱུ་ཚོར་རྒྱུ་མེད་པ་ཞིག་ཆགས་ཀྱི་མེད་དམ་སྙམ། དེ་ལྟར་བྱས་ན་སློབ་ཕྲུག་རྣམས་འཚར་ལོངས་ཡོང་སྐབས་རིམ་པས་རྩ་དོན་ཐོག་དོ་སྣང་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད་པས། སྤྱིར་བཏང་མང་ཚོགས་ཁྲོད་དུ་ང་རང་ཚོའི་རྩ་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་གནས་ཚུལ་ལ་དོ་སྣང་སླེབས་པ་བཟོ་རྒྱུར་འབད་བརྩོན་བྱེད་དགོས།
གཞོན་ནུའི་སྒྲིག་འཛུགས་འདི་དག་མང་ཚོགས་དང་འབྲེལ་བ་ཡོད་པས་དེ་ཚོའི་གྲས་ལ་དོ་སྣང་བྱེད་དགོས། དཔེར་ན། བོད་རིགས་གཞོན་སྐྱེས་བུ་ཕྲུག་སློབ་སྦྱོང་གང་ལ་གང་འཚམ་ཐོབ་རྗེས་མཇུག་སྐྱོང་མ་བྱས་པར་ཚོང་ལས་ཆུང་ཙག་གམ། དེ་མིན་ལས་ཀ་ཙག་ཙིག་བྱེད་མཁན་གང་འཚམ་ཡོང་གི་ཡོད་པ་དེ་དག་འཐུས་ཤོར་ཆེན་པོ་རེད། དངོས་གནས་སློབ་སྦྱོང་གི་མཐུན་རྐྱེན་དང་གོ་སྐབས་མ་ཐོབ་པ་དང༌། ཐབས་ཤེས་གཞན་དག་གང་ཡང་མེད་པའི་དབང་གི་ལས་ཀ་ཆུང་ཙག་དང༌། ནང་ལས་ལྟ་བུ་བྱས་ཏེ་མི་སྡོད་ཀ་མེད་བྱུང་ན་གནས་ཚུལ་ཐ་དད་རེད། སློབ་སྦྱོང་བྱེད་རྒྱུའི་མདུན་ལམ་ཡོད་བཞིན་དུ་མུ་མཐུད་ནས་སློབ་སྦྱོང་མ་བྱས་པར་ནང་ལས་བྱས་ཏེ་བསྡད་ན་འཐུས་ཤོར་རེད། དཔེར་ན་འཛམ་གླིང་ནང་རྒྱལ་ཁབ་མང་པོ་ཞིག་ཡར་རྒྱས་དང་ཚགས་ཚུད་པོ་ཡོད་མེད་དེ་གཙོ་བོ་ལུང་པ་དེའི་ནང་གི་མི་མང་སྤྱིའི་ཤེས་ཡོན་ལ་ལྟོས་ཚབས་ཆེན་པོ་ཡོད་པས། ང་རང་ཚོའི་གཞོན་སྐྱེས་ཚོས་ལས་ཀ་ཙག་ཙིག་ལ་མགོ་མ་འཁོར་བར་ཤེས་ཡོན་ལ་དོ་སྣང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་འདུག ཡོན་ཏན་ལ་དོ་སྣང་བྱེད་དགོས།

ཐ༽ སྲོལ་རྒྱུན་རིག་གནས་དང་། གསར་གཏོད་ཀྱི་རང་བཞིན།

ང་ཚོ་བཙན་བྱོལ་བ་རྣམས་མ་འོངས་པར་སོ་སོའི་ལུང་པ་འཛུགས་སྐྲུན་བྱེད་རྒྱུའི་འགན་འཁུར་རམ། རྡོག་ཁྲེས་འཁྱེར་མཁན་གྱི་མི་ཞིག་ཡིན་སྟབས་སློབ་སྦྱོང་ལ་དོ་སྣང་ངེས་པར་དུ་བྱེད་དགོས། སྐད་བརྡ་འཕྲོད་ཐུབ་ཙམ་དང༌། ཟ་སྐད་འཐུང་སྐད་ཤེས་ཙམ་ཞིག་བྱུང་བ་དེ་གས་ཚིམས་ནས་སྡོད་པ་དང༌། སྒོར་མོ་སྟོང་ཕྲག་གཅིག་གཉིས་ལ་མགོ་འཁོར་ནས་བསྡད་ན་ཡག་པོ་མིན་པས་གཟབ་གཟབ་བྱེད་དགོས། ང་རང་ཚོ་སོ་སོའི་སྐད་ཡིག་དང༌། བྲིས་ཆའི་རིགས། བཟོ་ལས་ཀྱི་རྣམ་གྲངས་མང་པོའི་ནང་གསར་གཏོད་ཀྱི་རང་བཞིན་ལྡན་པ་བྱེད་རྒྱུ་མང་པོ་ཡོད།
ང་རང་ཚོའི་སྤྱིར་བཏང་གོམས་གཤིས་སུ་དེ་སྔ་ཕན་ཆད་མི་རབས་ནས་མི་རབས་བརྒྱུད་པའི་ལག་རྩལ་ཞིག་ཡོད་པ་རྣམས་མི་ཉམས་རྒྱུན་འཛིན་བྱེད་དགོས་ངེས་ཡིན་ན་ཡང༌། ད་དུང་བྲིས་ཆ་རི་མོ་ལ་སོགས་པ་གསར་གཏོད་ཀྱི་རང་བཞིན་ལྡན་པ་ཞིག་དགོས་པ་ཡོད། དེ་ལྟར་བྱས་ནས་མིའི་སྤྱི་ཚོགས་འཕེལ་རྒྱས་འགྲོ་གི་ཡོད་པ་དང༌། རིག་གཞུང་ཡང་འཕེལ་རྒྱས་འགྲོ་གི་ཡོད། དཔེར་ན། གཞས། གླུ་གར། རོལ་ཆ་སོགས་དེ་རིགས་གསར་གཏོད་བྱས་ན་རང་བཞིན་གྱིས་ག་ལེར་སྤུས་དག་ཏུ་དང་། གཞི་རྒྱ་ཆེ་རུ། གནས་ཚད་མཐོ་རུ་འགྲོ་ཐུབ། ང་རང་ཚོ་བོད་པའི་གོམས་གཤིས་རིགས་གཅིག་དེ་ལས་ལྷག་པ་དགོས་མཁོ་མེད་པ་ལྟ་བུ་ཞིག་བྱེད་ཀྱི་འདུག སྔར་ཡོད་རྣམས་མ་ཉམས་པའི་ཐོག་ལ་ད་དུང་སྔར་མེད་གསར་གཏོད་ཀྱི་རང་བཞིན་ལྡན་པ་དང༌། གོང་འཕེལ་དུ་འགྲོ་བ་ཞིག་དགོས་ངེས་ཡིན།

ད༽ གཞིས་བྱེས་འགྲོ་འོང་དང་། གསར་རྙིང་གོ་བསྡུར།

དེ་ནས་བར་ལམ་ལོ་བཅུ་ཙམ་རིང་ལ་བོད་ལ་ཕར་གཉེན་འཕྲད་དུ་འགྲོ་མཁན་དང༌། ཚུར་གཉེན་འཕྲད་དུ་ཡོང་མཁན་གྱི་གོ་སྐབས་གསར་པ་ཞིག་བྱུང་ཡོད། དེང་སང་རྒྱ་གར་ནང་ལ་བོད་ནས་ཕྱིས་སུ་འབྱོར་བའི་བོད་པ་ཧ་ལམ་སྟོང་ཕྲག་བཞི་ལྔ་ཙམ་ཞིག་སླེབས་ཡོད། ཚང་མ་བོད་པ་གཅིག་པ་ཡིན་ནའང་ཁོང་ཚོར་གསར་འབྱོར་ཞེས་འབོད་སྐབས་ནང་གསེས་ཀྱི་དབྱེ་བ་ཡོད་པ་ལྟ་བུའི་མཐོང་ཚུལ་བློ་ཕམ་ཕྲན་བུ་ཡོང་གི་ཡོད། དེའི་ཡོང་རྐྱེན་ནི་འབྲེལ་བ་ཉུང་དྲགས་པས་མིན་ནམ་བསམ་གྱི་འདུག གོ་སྐབས་ནམ་བྱུང་ལ་བོད་ནས་ཡོང་མཁན་ཚོར་སོ་སོའི་སྒེར་གྱི་མྱོང་ཚོར་གནས་ཚུལ་མང་པོ་ཤོད་རྒྱུ་ཡོད་པ་དང༌། ང་ཚོ་བཙན་བྱོལ་བ་རྣམས་ལའང་འདས་པའི་ལོ་སུམ་ཅུའི་རིང་གི་གནས་ཚུལ་ཐོག་མར་བོད་ནས་མི་མང་ཤོས་དེ་མི་ས་མ་རིར་འབྱོར་བ་དང༌། དེ་ནས་སྦག་ས་གསོག་སྒར། དེ་ནས་ཕྱིས་སུ་བལ་ཡུལ་བརྒྱུད་ནས་ཡོང་མཁན་ཁག་གཅིག ཐོག་མར་མི་ས་མ་རིར་ཚ་གྲང་འཐབ་ནས་ཛ་དྲག་གི་གནས་ཚུལ་བྱུང་བ་དང༌། དེ་རྗེས་ལམ་བཟོར་བསྐྱོད་སྐབས་ཕྲུ་གུ་མང་པོ་ཤི་ཆད་ཕྱིན་པ་སོགས་དཀའ་ངལ་སྣ་ཚོགས་འཕྲད་པ་རྣམས་གཞི་ནས་དྲན་གསོ་དང་འབྲེལ་འགྲེལ་བཤད་རྒྱག་རྒྱུ་ཡོད།
གཙོ་ཆེ་ཤོས་བོད་ནང་དགྲ་བོའི་མདུན་ལ་དངོས་གནས་དྲང་གནས་སྲོག་གི་ཉེན་ཁའི་ངང་ནམ་ཉིན་སྦྲེལ་ནས་དཀའ་ངལ་མྱངས་པའི་གནས་ཚུལ་འགྲེལ་བཤད་རྒྱག་རྒྱུ་མང་པོ་ཡོད་པས། གོ་སྐབས་ནམ་བྱུང་ལ་གང་ལྟར་གཞིས་བྱེས་ཕན་ཚུན་གཅིག་གིས་གཅིག་ལ་ངོ་སྤྲོད་དང་བགྲོ་གླེང་ཡང་ཡང་བྱེད་དགོས། དེ་ལྟའི་བྱེད་ཐབས་ཐད་ཚོགས་འདུ་འཚོགས་པ་གཅིག་པུ་མིན་པར། དཔེར་ན། ཟ་ཁང་ཞིག་ནང་མཉམ་དུ་བྱུང་ན་ཡང་ཕར་གནས་ཚུལ་བཤད། ཚུར་གནས་ཚུལ་ཉན་པ་སོགས་ཀྱི་ཐབས་ཤེས་བྱས་ན། གཅིག་གིས་གཅིག་ལ་སེམས་ཐག་ཉེ་རུ་ཕྱིན་ཏེ་བསམ་བློའི་ནང་ཁོ་གསར་འབྱོར་རེད་ཅེས་ཟུར་དུ་ཕུད་པ་ལྟ་བུའི་མཐོང་ཚུལ་སེལ་རྒྱུར་ཕན་ཐོགས་ཡོང་གི་རེད།
དེ་བཞིན་ང་ཚོའི་མང་ཚོགས་ནང་ལའང་གཅིག་གིས་གཅིག་ལ་ཉམས་མྱོང་དངོས་བྱུང་གང་དང་གང་ཡོད་པ་དེ་རིགས་ཕན་ཚུན་བཤད་རེས་དང༌། ངོ་སྤྲོད་མང་ཙམ་བྱེད་ཐུབ་ན། འདི་ཕྱོགས་ཡོད་མུས་རྣམས་ལ་སྙིང་སྟོབས་དང་སེམས་ཤུགས་གསར་པ་སྐྱེས་རྒྱུའི་རྒྱུ་ཆ་མང་པོ་ཞིག་ཡོང་ངེས་ཡིན། བོད་ནས་གསར་དུ་འབྱོར་མི་རྣམས་ལའང་། ང་ཚོ་བཙན་བྱོལ་དུ་ཡོད་པ་རྣམས་ནས་འདས་པའི་ལོ་དེ་དག་གི་རིང་ལ་བཙན་བྱོལ་བའི་སྒྲིག་འཛུགས་ཇི་ལྟར་ཆགས་པ་སོགས་ཕར་ལའང་ངོ་སྤྲོད་བྱས་ན་དགེ་མཚན་ཡོད། དེ་རིགས་ལ་གནད་འགག་ཡོད་པས་དོ་སྣང་བྱེད་དགོས། ད་ཚང་མས་ད་ལྟ་བར་དུ་ཧུར་ཐག་བྱས་པ་རེད། ད་དུང་ཧུར་ཐག་བྱེད་རོགས། ངའི་ངོས་ནས་ཆ་བཞག་ནའང་ད་ལྟ་བར་དུ་གང་ཡོང་ཅི་ཡོང་བྱས་པ་ཡིན། ད་དུང་ཡང་༸རྒྱལ་བ་རིན་པོ་ཆེ་མ་ཤི་བར་དུ་ཧུར་ཐག་བྱེད་ཀྱི་རེད། བློ་བདེ་པོ་བྱས་སྡོད། ཤེས་སོང་ངམ། ཞེས་བཀའ་སློབ་སྩལ།། །།