༄༅། །ཕྱི་ལོ་ ༡༩༨༦ ཟླ་ ༩ ཚེས་ ༢༤ ཉིན་བོད་ཀྱི་གཞོན་ནུའི་ཚོགས་མི་མཇལ་བཅར་སྐབས་སྩལ་བའི་བཀའ་སློབ།

ཀ༽ ཛ་དྲག་གི་གནས་དུས་དང་། དེ་བསྟུན་གྱི་འབད་བརྩོན།

(ཐོག་མར་ཚོགས་མི་ཇི་ཙམ་འདུ་འཛོམས་ཡོད་དམ། ས་གནས་ཁག་ཇི་ཙམ་ནས་ཡོད་དམ། ཀ་ཤི་སྨིར་གྱི་ཁ་ཆེ་འབྱོར་ཡོད་དམ་མེད། ཁྱེད་རང་ཚོ་དང་འབྲེལ་བ་ཡོད་དམ། བོད་ནས་ཡོང་མཁན་གཞོན་ནུ་ཚོ་ཚོགས་འདུར་ཡོད་དམ་མེད། ཅེས་བཀའ་འདྲི་གནང་རྗེས།)

ཚང་མར་བཀྲ་ཤིས་བདེ་ལེགས་ཡོད། ཚོགས་འདུ་ཡག་པོ་འཚོགས་དགོས། ད་བར་ང་རང་ཚོ་མིའི་ལུང་པར་ཡག་ཐག་ཆོད་བྱུང་བ་རེད། གཞོན་ནུའི་སྒྲིག་འཛུགས་ཤིག་ཚུགས་ཤིང་། རྒྱ་མིའི་ངོས་ནས་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ཆགས་པར་མ་ཟད། བོད་ནང་གི་མི་ཚོས་ཀྱང་ཕྱི་རྒྱལ་རང་དབང་ལུང་པའི་ནང་ལ་ཡོད་པའི་བོད་པ་ཚོ་སློབ་སྦྱོང་ཡག་པོ་དང༌། སེམས་ཤུགས་ཡག་པོ་ཡོད་སྙམ་སྟེ་རེ་བ་རྒྱག་ས་ཞིག་ཆགས་ཡོད། ད་དུང་ཡང་མ་འོངས་པར་ལས་འགན་ཆེ་རུ་འགྲོ་གི་ཡོད།
ངོས་ནས་ནམ་རྒྱུན་རྟག་པར་ཤོད་བཞིན་པ་ལྟར། དུས་ཚོད་གཉན་འཕྲང་གི་སྒང་ལ་སླེབས་ཀྱི་ཡོད། རྒྱ་མིའི་ངོས་ནས་ལྟར་སྣང་ལ་བསམ་བློ་གང་ལ་གང་འཚམ་གུ་ཡངས་པོ་ཞིག་དང༌། གཏིང་ཟབ་པོ་ཞིག་གི་ཐོག་ནས་འཆར་གཞི་བརྣག་པོ་ཞིག་གཏིང་གི་ཡོད་པས། ང་ཚོ་བོད་པའི་ངོས་ནས་ཀྱང་དེ་ལ་དཔགས་པའི་བསམ་བློ་གཏིང་ཟབ་དང༌། རིག་པ་བསྒྲིམས་དགོས་པའི་དུས་ཤིག་ཏུ་སླེབས་ཡོད། དེ་སྔ་ཕན་ཆད་ཉམས་མྱོང་བྱུང་བ་དེ་དག་གཞི་ལ་བཞག་ནས། མ་འོངས་པའི་ཐོག་ལ་ནུས་པ་ཐོན་པ་ཞིག་ཡོང་བར་ཚང་མས་འབད་བརྩོན་བྱེད་རྒྱུ་འདི་གལ་ཆེན་པོ་འདུག དེ་ལུགས་ཧུར་ཐག་བྱེད་དགོས།
ད་ལྟའི་དུས་ཚོད་འདིར་ཁྱེད་རང་ཚོ་རང་དབང་ལུང་པར་ཡོད་པའི་གཞོན་ནུ་ཕལ་ཆེ་བ་བཙན་བྱོལ་བ་ཆགས་པའི་རྗེས་ལ་སྐྱེས་པ་དང་། རིགས་ཁ་ཤས་ནི་སྐྱེས་ས་བོད་ལ་སྐྱེས་ཀྱང་དྲན་པ་གསོས་ལ་མ་གསོས་ཞིག་གི་ངང་ནས་མིའི་ལུང་པར་གྱར་བ་རེད། ང་རང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་མི་འདི་དག་རྩ་བ་རང་དབང་ལུང་པའི་ནང་ལ་བསྡད་ཡོད་ཀྱང༌། སོ་སོ་རང་ཉིད་ཀྱི་ལུང་པ་དང་བྲལ་ནས་བསྡད་ཡོད། བོད་ནང་ལ་ཡོད་པའི་མི་མང་དེ་དག་ནི་དངོས་གནས་དྲང་གནས་རང་དབང་དང་བྲལ་ཞིང་། གཞན་དབང་གི་གདུག་རྩུབ་དེ་འདྲ་ཞིག་གི་འོག་ནས་གཞོན་ནུ་མང་པོ་ཞིག་འཚར་ལོངས་བྱས་པ་རེད།
ང་རང་ཚོ་ད་ལྟའི་བོད་པའི་མི་ཐོག་འདིའི་དུས་ཚོད་ནི་བོད་པའི་ལོ་རྒྱུས་ཀྱི་ནང་ལ་ཆ་བཞག་ན། དུས་ཚོད་སྡུག་ཤོས་ཤིག་ཆགས་ཡོད་ལ། ང་རང་ཚོའི་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་བཤད་ན། རྩ་བ་སོ་སོའི་ལས་ཡིན་ཞིང་། འཕྲལ་གྱི་རྐྱེན་ནི་ང་རང་ཚོ་བོད་པའི་ངོས་ནས་ཚགས་ཚུད་པོ་ཞིག་བྱེད་མ་ཐུབ་པ་སོགས་གནས་ཚུལ་མང་པོ་ཞིག་གི་ཐོག་ནས་རྐྱེན་ངན་འཕྲད་པ་རེད།
༸རྒྱལ་བ་རིན་པོ་ཆེ་ལ་ཆ་བཞག་ན་ཡང༌། མིང་འདྲ་ཆགས་པོ་གང་ཞིག་ཡོད་ཀྱང༌། དོན་དག་ཡང་སྙིང་བཙན་བྱོལ་བ་ཆགས་ཏེ་གཞན་ཡུལ་དུ་གྱར་ནས་བསྡད་ཡོད། རྒྱ་གར་གཞུང་གིས་ང་ཚོར་རོགས་རམ་གོ་སྐབས་ཡག་པོ་གནང་བ་ལས། རྩ་བའི་རང་བཞིན་ང་ཚོ་མིའི་ལུང་པར་སྤྲང་འཁྱམས་བྱས་ནས་བསྡད་ཡོད། དེ་འདྲའི་ངང་ནས་མི་ཐོག་འདིའི་དུས་ཚོད་འགྲིམས་ནས་འགྲོ་གི་ཡོད། ང་རང་ཚོས་སོ་སོ་རང་ཉིད་ཀྱི་ལུང་པའི་ནང་ཁྲིམས་འགལ་བྱས་པ་དང༌། ཡང་ན་བློས་དང་དུ་བླངས་ཏེ་མིའི་ལུང་པར་སླེབས་པ་ཞིག་མ་ཡིན་པར་ང་ཚོའི་ལུང་པའི་ནང་ལ་བཙན་དབང་བྱེད་མཁན་གསར་པ་གཞན་ཞིག་སླེབས་ཏེ་སྡོད་མ་ཐུབ་པར་མིའི་ལུང་པར་གྱར་དགོས་པའི་གནས་ཚུལ་འདི་བྱུང་བ་རེད།
ད་ཆ་ང་རང་ཚོ་འགྱེལ་ས་ནས་ལངས་ཐུབ་པ་ཞིག་དང༌། བོད་མིའི་ཐོབ་ཐང་དབང་ཡོད་ཀྱིས་འཕྲོག་པ་དེ་བསྐྱར་དུ་ང་རང་ཚོས་ལེན་ཐུབ་པ་བྱེད་རྒྱུ་འདི་རྩ་བའི་དམིགས་ཡུལ་ཆགས་ཡོད། དེ་ཡོང་བར་ལས་སླ་པོ་ཞིག་རྩ་བ་ནས་མིན། ང་ཚོས་ཚོགས་འདུ་འཚོགས་པ་དང་། གྲོས་ཆོད་བཞག འབོད་སྐུལ་བྱས། སྐད་འབོད་བྱས་པ་ཙམ་གྱིས་འགྲིགས་ཐབས་མེད། དངོས་གནས་དྲང་གནས་ལག་ལེན་གྱི་ཐོག་ནས་སྙུགས་བསྲིངས་ཏེ་ཐབས་ཤེས་བྱེད་དགོས་པ་ཞིག་ཆགས་ཡོད།
གཙོ་བོ་ནི་ངས་སྔོན་མ་ནས་ཤོད་མུས་ལྟར། ང་ཚོའི་དོན་གྱི་བདག་པོ་བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་རྣམས་ཡིན། ད་ལྟ་ཕན་ལ་ཆ་བཞག་ན་ཁོང་ཚོས་ངོ་མཚར་སྐྱེས་དགོས་པའི་སེམས་ཤུགས་ཀྱིས་ཟིན་ནས་བསྡད་ཡོད། གཞོན་སྐྱེས་ཚོར་ཆ་བཞག་ན། དགེ་རྒན་ནམ། དཔེ་ལྟ་སའི་རྒྱ་མི་རྣམས་མ་རབས་ཁོ་ནར་བྱང་བ་ཞིག་ཡིན་པ་དང༌། གནས་སྟངས་དངངས་སྐྲག་དང༌། གདུག་རྩུབ་ཀྱི་འོག་ནས་འཚར་ལོངས་བྱས་པའི་རྐྱེན་གྱིས་སྤྱོད་ལམ་དང༌། ཤེས་ཡོན་གྱི་ཐོག་ནས་མཚན་ཉིད་ཚང་བ་ཞིག་མེད་ན་ཡང༌། རྩ་བའི་ལྷག་བསམ་དང༌། མི་རིགས་ཀྱི་ལ་རྒྱ་ཞེན་ཁོག་ཧ་ལས་པ་ཞིག་ཡོད།

ཁ༽ འཛམ་གླིང་གི་འགྱུར་འགྲོས་དང་། འཐབ་རྩོད་ཀྱི་མ་རྩ།

ང་ཚོའི་ཚོང་ལས་ཀྱི་མ་རྩ་ལྟ་བུ་ནི། བོད་ནང་གི་རྒྱ་ཆེའི་མི་མང་གི་སེམས་ཤུགས་དེ་ཡིན། ང་ཚོས་འཛམ་བུ་གླིང་འདིའི་སྒང་ལ་སྐད་རྒྱག་རྒྱུ་དང༌། བདེན་པ་བདར་རྒྱུ་སོགས་མ་རྩ་འདི་ལ་བརྟེན་ནས་ཁེ་བཟང་ཞིག་འཚོལ་དགོས་ཀྱི་ཡོད། བོད་ནང་ལ་ཡོད་པའི་རྒྱ་ཆེའི་མི་མང་དེ་དག་ད་ལྟ་ནང་བཞིན་སེམས་ཤུགས་མ་བརླགས་པར་ཡོད་པའི་རྗེས་ལ་འགྱུར་བ་ཏན་ཏན་ཡོང་གི་རེད། དཔེར་ན། བར་ལམ་རྒྱ་གར་ནང་ཡིན་ཡང་རུང༌། སྤྱིར་བཏང་འཛམ་གླིང་ཁྱོན་ཡོངས་ཀྱི་སྤྱི་དང་བྱེ་བྲག་གང་སར་འགྱུར་བ་འགྲོ་བཞིན་པ་རེད། གང་ལྟར་ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ཉི་ཤུ་རྩ་བདུན་རྩ་བརྒྱད་ལ་སླེབས་ཀྱི་ཡོད། དེའི་རིང་གི་གནས་ཚུལ་ལ་གཞིགས་ན་ཕྱི་ལོ་ ༡༩༥༩-༡༩༦༠ རེ་གྲངས་དེ་དག་གི་ནང་ལ་བོད་པར་དོ་སྣང་བྱེད་མཁན་རིགས་གཅིག་བྱུང་ཡོད་པ་དེ་དག་ཕལ་ཆེ་བ་ནི་བོད་པའི་གནས་ཚུལ་རྟོགས་ཤིང་། བོད་པར་ཤ་ཚ་ནས་བདེན་དོན་ལ་རྒྱབ་སྐྱོར་བྱས་པ་ཞིག་མིན།
སྐབས་དེར་འཛམ་གླིང་འདིའི་སྒང་ལ་རྒྱལ་ཁབ་ཁག་གཅིག་གིས་དམར་པོའི་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང༌། དེ་དུས་རྒྱ་ནག་ལ་ཡང་ངོ་རྒོལ་བྱེད་རྒྱུའི་རྩ་བའི་སྲིད་བྱུས་ཤིག་ཡོད་པ་དེ་གཞི་ལ་བཞག་པའི་ཐོག་ནས་བོད་དོན་ལ་ལག་པ་འཆང་བ་ཞིག་རེད། སྐབས་དེར་ཨུ་རུ་སུས་མཚོན་པའི་དམར་པོའི་རྒྱལ་ཁབ་དེ་དག་གིས་བོད་པའི་གནས་ཚུལ་གང་ཡང་ཤེས་ཀྱི་མེད་ཀྱང་རྒྱ་མིས་གང་བཤད་པ་དེར་ཆ་བཞག དེ་དུས་འཛམ་གླིང་རྒྱལ་ཚོགས་ནང་རྒྱ་མིའི་སྐུ་ཚབ་མེད་སྟབས་ཨུ་རུ་སུ་གཙོ་བོར་གྱུར་པའི་དམར་པོའི་རྒྱལ་ཁབ་དེ་དག་གིས་རྒྱ་མིའི་ཚབ་ཆ་ཚང་བྱས་པ་རེད། དེ་དུས་བོད་དོན་གྱི་ཐོག་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་མཁན་དེ་དག་རྩ་བའི་རྒྱལ་སྤྱིའི་སྲིད་དོན་གྱི་གནས་སྟངས་ཤིག་གི་འོག་ནས་བྱུང་བ་རེད། རྩ་བ་བརྟན་པོ་གང་ཡང་ཡོད་པ་མ་རེད། བོད་པར་ཤ་ཚ་ནས་བྱས་པ་ཞིག་ཕལ་ཆེར་མིནད། དེ་ལྟ་བུའི་གནས་ཚུལ་དེ་སྤྱིར་བཏང་འཛམ་གླིང་ནང་སྲིད་དོན་གྱི་འཕོ་འགྱུར་བྱུང་བའི་སྐབས་ལ་འགྱུར་འགྲོ་གི་ཡོད།
བར་ལམ་ཕྱི་ལོ་ ༡༩༧༩ ཙམ་ནས་གཞི་ནས་བོད་པའི་ཐོག་ལ་དོ་སྣང་གསར་པ་ཞིག་སླེབས་པ་རེད། དེ་ཡང་གཞུང་སོ་སོའི་ཐོག་ནས་མ་ཡིན་པར་མི་མང་གི་ཐོག་ནས་སླེབས་ཀྱི་ཡོད། དེ་འདྲའི་དོ་སྣང་གི་ཡོང་རྐྱེན་གཅིག་ནི། རྒྱ་མིའི་ངོས་ནས་བོད་ལ་ཡར་རྒྱས་བཏང་ཡོད། ཡག་པོ་བྱས་ཡོད། བཅིངས་བཀྲོལ་བཏང་ཡོད། བོད་པར་དྲིན་འཇགས་ཆེན་པོ་ཞིག་བྱས་ཡོད་བསམ་པའི་ཁོ་རང་ཚོའི་སྣང་བ་དག་པ་ཡིན་ན་ཡང་རུང༌། ཧམ་པ་ཡིན་ཡང་རུང༌། གང་ལྟར་བོད་ཀྱི་སྒོ་མོ་ཕྱེ་ནས་ལྟ་སྐོར་ཡོང་མཁན་མང་པོ་བྱུང་ན། དེའི་ཚོད་ཀྱིས་རྒྱ་མིའི་འདོད་པ་དང་མཐུན་པའི་དྲིལ་བསྒྲགས་ཡོང་གི་རེད་བསམ་པའི་རེ་བ་དེ་ལྟར་བརྒྱབ་ཀྱང་། དངོས་ཡོད་གནས་ཚུལ་ལ་དེ་ལས་གོ་ལྡོག་སྟེ་བོད་ནང་ལ་སྒེར་གྱིས་ལྟ་སྐོར་འགྲོ་མཁན་དང༌། ཚགས་པར་རྒྱག་མཁན་སོགས་གང་ལྟར་ཕལ་མོ་ཆེའི་མཐོང་ཚུལ་ལ་བོད་ས་འདི་རྒྱ་ནག་གི་ས་ཆ་མིན་པ་དང༌། བོད་ལ་རྒྱ་ནག་གིས་དབང་བསྒྱུར་བྱས་པ་ཞིག་ཡིན་པ། བོད་མི་མང་རྣམས་ཀྱིས་རྒྱ་མིར་བློ་རྩ་བ་ཉིད་ནས་གཏད་བཅོལ་གྱི་མེད་པའི་གནས་ཚུལ་གསལ་པོ་མཐོང་གི་ཡོད།
གནས་ཚུལ་དེའི་འོག་ནས་བོད་པའི་ཐོག་ལ་དེང་སང་ལག་ལེན་གྱི་ཐོག་ནས་ནུས་པ་ཐོན་ཐུབ་མིན་གང་ལྟར་ཡང༌། སྤྱིར་བཏང་འཛམ་གླིང་མང་ཚོགས་ནང་བོད་པའི་བདེན་དོན་ཇེ་གསལ་དུ་ཕྱིན་པ་དང་། བོད་པ་བཙན་བྱོལ་བ་ཚོས་བཤད་པ་ཙམ་མ་ཡིན་པར་ཁོ་རང་ཚོ་རང་ཉིད་ཀྱིས་བོད་ནང་གི་དངོས་ཡོད་གནས་ཚུལ་རྣམས་མཐོང་བར་བརྟེན། མི་སུ་ཞིག་ཡིན་ཡང་དྲང་བདེན་ལ་ཤ་ཚ་སླེབས་རྒྱུ་ཆོས་ཉིད་ཡིན་སྟབས། བོད་པའི་ཐོག་ལ་དོ་སྣང་དང་ཤ་ཚ་གསར་པ་ཞིག་གཞི་ནས་སླེབས་ཀྱི་ཡོད།
བོད་ནང་གི་དངོས་ཡོད་གནས་ཚུལ་རྣམས་ང་རང་ཚོ་བོད་པ་བཙན་བྱོལ་ལ་ཡོད་པ་ཚོས་སྐད་རྒྱག་སྟངས་དང་མཐུན་པ་ཞིག་ཡོད་པའི་དབང་གིས་ང་ཚོ་བཙན་བྱོལ་ལ་ཡོད་མཁན་ཚོར་དོ་སྣང་ཆེ་རུ་འགྲོ་བ་དང་། ཆེ་མཐོང་ཕྲན་བུ་སླེབས་ཡོང་གི་ཡོད་པ་སྟེ། དཔེར་ན། ང་རང་ཚོ་མིའི་ལུང་པར་སླེབས་ནས་ལོ་ཉི་ཤུ་རྩ་གྲངས་ནང་རྒྱ་གར་གཞུང་གིས་མཚོན་པའི་བོད་པའི་ཐོག་ལ་མཐོང་ཚུལ་ཡག་ཏུ་འགྲོ་རྒྱུའི་རྐྱེན་རྩ་གཅིག་ནི། རྩ་བའི་བོད་ནང་གི་གནས་ཚུལ་བརྟན་པོ་ཞིག་དང༌། མང་ཚོགས་ཀྱི་སེམས་ཤུགས་མཁྲེགས་པོ་ཞིག་ཡོད་པའི་ཉེར་ལེན་གྱི་ཐོག་ནས་ང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་པ་ཚོར་རིན་ཐང་ཆེ་རུ་འགྲོ་གི་ཡོད། ངོས་ནས་ད་ལྟ་བརྗོད་པ་བཞིན་ང་ཚོར་ཚོང་གི་མ་རྩ་དེ་འདྲ་ཞིག་ཡོད་པའི་ཐོག་ནས་ང་རང་ཚོས་ཤུགས་རྒྱག་དགོས། ང་རང་ཚོ་མིའི་ལུང་པར་ཡོད་མཁན་ཚོས་ཁོང་ཚོའི་རེ་འདུན་གཞི་ལ་བཞག་པའི་ཐོག་ནས་དཀའ་ལས་རྒྱག་དགོས།
ད་ལྟའི་དུས་ཚོད་འདི་སྔོན་མ་དང་མི་འདྲ་བར་བོད་ཕྱི་ནང་འབྲེལ་བ་མཐུད་ཐུབ་པའི་གནས་ཚུལ་འདི་ཡང་གོ་སྐབས་བཟང་པོ་ཞིག་རེད། གནས་ཚུལ་འདིའི་འོག་ནས་བོད་ཕྱི་ནང་རྒྱ་ཆེའི་མི་མང་ཚང་མས་གདུང་ཤུགས་གཅིག་སྒྲིལ་གྱི་ཐོག་ནས་དམ་བཅའ་བྱེད་དགོས་པ་འདི་གལ་ཆེ་ཤོས་ཡིན། གོ་སྐབས་བཟང་པོ་ཞིག་འཆར་གྱི་ཡོད། རྒྱ་མིའི་ངོས་ནས་ཕྱི་ནང་གཉེན་འཕྲད་བྱེད་རྒྱུའི་གོ་སྐབས་འདིའི་ཐོག་ནས་ཁེ་བཟང་ཟ་རྒྱུའི་བསམ་བློ་གཏོང་གི་ཡོད་ཀྱང༌། ང་ཚོས་ཀྱང་གོ་སྐབས་འདི་ཟིན་ནས་ང་རང་ཚོའི་བདེན་དོན་འདིའི་རྣམ་པ་ཇེ་གསལ་དུ་འགྲོ་བ་དང༌། བདེན་དོན་གྱི་རྩོད་པ་མཐའ་འཁྱོངས་ཡོང་བའི་ཆ་རྐྱེན་བསྒྲུབ་དགོས། འདི་ནི་གནས་ཚུལ་དང་འགྱུར་བ་གསར་པ་ཞིག་རེད།

ག༽ ཁ་བཤད་ལག་ལེན་དང་། ན་གཞོན་གྱི་ལས་འགན།

སྤྱིར་བཏང་གི་གནས་ཚུལ་ཐོག་ནས་བཤད་ན། དཔེར་ན། ཕྲུ་གུ་ཞིག་གི་ཐོག་མར་ཚེ་སྟོད་གཞོན་ནུའི་དུས་ཚོད་ལ་གང་ཞིག་བྱེད་དགོས་སམ་ཞེ་ན། སློབ་སྦྱོང་བྱེད་རྒྱུ་དེ་ཡིན། དེ་ནི་མ་ཤེས་པ་གསར་དུ་ཤེས་པར་བྱེད་རྒྱུ་ཡིན་ཅིང་། མ་ཤེས་པ་གསར་དུ་ཤེས་རྒྱུའི་ལོ་ཡུན་གང་འཚམ་ཕྱིན་རྗེས་རིམ་པ་གཉིས་པ་ནི། ཤེས་པའི་དོན་དེ་ལག་ལེན་དུ་བསྟར་རྒྱུ་དེ་ཡིན། ཁྱེད་རང་གཞོན་ནུ་ཚོས་གཙོས་བོད་མི་བཙན་བྱོལ་བ་རྣམས་ལོ་ཉི་ཤུ་རྩ་གྲངས་ནང་མ་ཤེས་པ་ཤེས་པར་བྱེད་རྒྱུའི་དུས་ཚོད་ཧ་ལམ་ཡོལ་ཟིན་ཅིང་། ཕྱི་ལོ་ ༡༩༦༠ ནས་ ༡༩༧༠ ཙམ་གྱི་དུས་རིང་ལ་ང་རང་ཚོས་མ་འོངས་པའི་བསམ་བློ་གཏོང་ཕྱོགས་དང༌། གང་ཅིའི་བྱེད་ཕྱོགས་མང་པོ་ཞིག་ལ་ཕར་ཚུར་གོ་བསྡུར་བྱས་ནས་འཐོམས་སངས་པའི་ཐབས་ཤེས་བྱས་པ་རེད། ད་ཆ་འཐོམས་སངས་ཏེ་ང་ཚོའི་བྱེད་སྒོ་ཆ་ཚང་བ་ཞིག་ང་ཚོས་ཤེས་ཀྱི་ཡོད། ངོས་ནས་གནས་ཚུལ་ཚང་མ་ཤོད་མི་དགོས་པར་ཚང་མས་ཤེས་གསལ་རེད། ད་ཆ་གང་ལ་ཐུག་ཡོད་ཅེ་ན། ཤེས་པ་དེ་ལག་ལེན་བསྟར་མིན་ལ་ཐུག་ཡོད།
ཚོགས་འདུ་ཁག་འཚོགས་པའི་སྐབས་ལ་ཁ་ནས་སྦར་མོ་གང་ཤོད་ཀྱི་ཡོད་ཀྱང༌། ཁ་ནས་སྐད་ཆ་བཤད་པ་དེ་དག་སྟོང་བཤད་ལ་ཕྱིན་ན། དེས་ཕན་ཐོགས་གང་ཡང་མེད། ཁ་ནས་བཤད་པ་དང༌། གྲོས་ཆོད་བཞག་པ། འཆར་གཞི་བཀོད་ནས་ཡོད་པ་དེ་དག་མི་རེ་ངོ་རེའི་ཐོག་ནས་ལག་ལེན་གྱི་ཐོག་ལ་སྒྱུར་དགོས་ཀྱི་འདུག དེ་གལ་ཆེན་པོ་འདུག ལས་བྱེད་པ་སོགས་བོད་མི་སུ་ཞིག་ཡིན་རུང་ད་ཆ་ང་ཚོ་བཤད་རེས་བྱེད་པའི་དུས་ཚོད་མིན་པར་ལག་ལེན་བསྟར་རྒྱུའི་དུས་སུ་སླེབས་ཡོད། ལག་བསྟར་བྱེད་རྒྱུའི་གོ་སྐབས་ཀྱང་ཏན་ཏན་ཡག་པོ་ཡོད་ཅིང་། ད་བར་ཚང་མས་ཧུར་ཐག་བྱས་པ་ལྟར། ད་དུང་ཡང་ཚང་མས་ཧུར་ཐག་བྱེད་དགོས།
ཁ་ནས་འདྲ་ཆགས་པོ་སུས་ཀྱང་བཤད་ཤེས་ཀྱང་། ལག་ལེན་ངོ་མའི་ཐོག་ནས་མཇུག་གནོན་བྱས་ཏེ་ནུས་པ་མ་ཐོན་ན་སྙིང་པོ་གང་ཡང་མེད། བོད་ཀྱི་བདེན་དོན་གྱི་རྩ་བ་མཐར་ཐུག་བོད་པ་རང་ལ་འགན་འཁྲི་ཡོད། བོད་པ་རང་ཉིད་ཀྱི་ངོས་ནས་བོད་པའི་དཔེ་ལ་ཡོད་པ་བཞིན། ལན་དགུ་ཆད་མཐུད་ཀྱི་སྙིང་སྟོབས་ཤིག་བསྐྱེད། མི་ཐོག་ནས་མི་ཐོག་སྦྲེལ་དགོས་བྱུང་ཡང་སེམས་ཤུགས་མ་བརླགས་པར་འབད་བརྩོན་བྱས་ན་བདེན་མཐའ་ཏན་ཏན་གསལ་གྱི་རེད། འཛམ་བུ་གླིང་འདིའི་སྒང་ལ་སྔར་དང་མི་འདྲ་བའི་འགྱུར་བ་མང་པོ་ཕྱིན་ཡོད། འགྱུར་བ་ཕྱིན་པའི་རིགས་ཁ་ཤས་ང་ཚོའི་འགལ་རྐྱེན་ཡིན་ན་ཡང་། རིགས་ཁ་ཤས་ཀྱིས་ང་ཚོར་ཏན་ཏན་མཐུན་རྐྱེན་ཡང་སྒྲུབ་ཀྱི་ཡོད།

ང༽ རྒྱ་བོད་ཀྱི་འབྲེལ་བ་དང་། ཞི་བདེའི་ཡུལ་ལུང་།

རྒྱ་བོད་ཀྱི་འབྲེལ་བ་འདི་དེང་སྐབས་གསར་དུ་བྱུང་བ་ཞིག་མིན་པར་ལོ་ངོ་སྟོང་ཕྲག་རིང་ལ་འབྲེལ་བ་ཡོད་པ་ཞིག་རེད། རྒྱ་བོད་གཉེན་འབྲེལ་དང་། རྒྱ་བོད་མཆོད་ཡོན་གྱི་འབྲེལ་བ་གང་ཞིག་ཡིན་རུང་། དོན་དག་ཡང་སྙིང་རྩ་བའི་རྒྱ་དང་བོད་ཀྱི་རང་བཞིན་ནམ། ངོ་བོའི་གནས་སྟངས་ནི། རྒྱ་དང་བོད་ཅེས་ཐ་དད་སོ་སོ་རེད། བོད་རྒྱ་མིའི་ཆ་ཤས་ནམ་ཡང་མིན་པས་བོད་དང་རྒྱ་མི་མཉམ་བསྲེས་ཐུབ་ཐབས་མེད། བོད་བོད་དང་རྒྱ་རྒྱ་རེད། བདེན་དོན་གྱི་གནས་ཚུལ་འདིའི་འོག་ནས་སྔར་ཆོས་རྒྱལ་ཚོའི་སྐབས་སུ་ཡང༌། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད། ཅེས་པའི་ཚིག་འདི་བྱུང་བ་རེད། རྒྱ་དང་བོད་ཐ་དད་སོ་སོ་ཡིན་པའི་གནས་ཚུལ་འདིའི་འོག་ནས་རྒྱ་རྒྱ་ཡུལ་ན་སྐྱིད་པ་དང༌། བོད་བོད་ཡུལ་ན་སྐྱིད་པའི་དངོས་ཡོད་གནས་ཚུལ་འདི་ང་ཚོས་སྒྲུབ་དགོས། རྒྱ་མི་རྒྱ་ནག་ལ་ལོག་ནས་རྒྱ་མི་རྒྱ་ནག་ལ་སྐྱིད་པོ་བྱས་ནས་བསྡད། ཁོ་རང་ཚོ་འབུ་ལ་དགའ་པོ་ཡོད། འབུ་དང་། བྱ་དེ། ཕག་ཤ་སོགས་ཡག་པོ་ཟས། ང་རང་ཚོ་བོད་མི་བོད་ཀྱི་ལུང་པའི་ནང་ལ་རྩམ་པ་དང༌། གཡག་ཤ་བཟས་ཏེ་ང་རང་ཚོའི་ལུང་པའི་ནང་སྐྱིད་པོ་བྱས་ནས་བསྡད་ན་དེ་ཡག་པོ་རེད།
རྒྱ་མིས་བོད་བཅིངས་བཀྲོལ་བཏང་བ་ཡིན། བོད་ཡར་རྒྱས་གཏོང་གི་ཡིན་ཟེར་གྱི་ཡོད། ང་ཚོའི་སྤྱི་ཚོགས་རྙིང་པ་དེར་སྐྱོན་དང་ནོར་འཁྲུལ་ཏན་ཏན་ཡོད། ཡིན་ནའང་སྤྱི་སྙོམས་ཀྱི་ཆ་ནས་བཤད་ན། ང་ཚོ་བོད་པའི་སྤྱི་ཚོགས་རྙིང་པ་དེ་དངོས་གནས་བརྩེ་བ་ལྡན་པའི་སྤྱི་ཚོགས་ཤིག་ཆགས་ཡོད། བར་ལམ་མི་འདྲ་མིན་མང་པོ་ཐུག་འཕྲད་བྱུང༌ཞིང་། གནས་ཚུལ་མང་པོ་མཐོང་ཐོས་བྱུང་བའི་སྐབས་ལ་ང་རང་ཚོའི་བོད་ཀྱི་སྤྱི་ཚོགས་རྙིང་པ་དེ་གང་ལྟར་བརྩེ་བ་ལྡན་པ་དང༌། བྱམས་དང་སྙིང་རྗེ་ཅན་གྱི་སྤྱི་ཚོགས་ཤིག་ཆགས་ཡོད། རྒྱ་མི་ཁོ་རང་ཚོའི་ངོས་ནས་ཀྱང་བར་ལམ་ཆེས་གདུག་རྩུབ་དང་། ཆེས་མུན་ནག ཆེས་ཀླ་ཀློ། ཆེས་རྗེས་ལུས་ཟེར་བའི་ཚིག་བཞི་བེད་སྤྱོད་བྱེད་པ་འདི་བསྡུ་དགོས་ཀྱི་འདུག་ཅེས་བརྗོད་ནས། དེང་སང་དེ་བསྡུས་ཏེ་རྒྱ་མི་ཁོ་རང་ཚོའི་ངོས་ནས་ངོས་ལེན་མ་བྱེད་དཀའ་མེད་ལ་ཐུག་ཡོད།
ང་རང་ཚོའི་བོད་པའི་སྤྱི་ཚོགས་རྙིང་པ་དེ་རྒྱ་མིས་བཤད་པ་ལྟར་ཆེས་གདུག་རྩུབ་དང༌། ཆེས་ཀླ་ཀློ་ཞིག་རྩ་བ་ནས་མིན་ནའང་། སྤྱིར་བཏང་འཛམ་གླིང་གི་རྗེས་མ་ཟིན་པ་ཞིག་ཏན་ཏན་ཆགས་ཡོད། དེ་འདྲའི་རྗེས་མ་ཟིན་པ་དེ་ང་ཚོ་རང་གིས་ཡར་རྒྱས་དང༌། བཅོས་བསྒྱུར་གཏོང་དགོས་ལ་གསར་བརྗེ་བྱེད་དགོས། གསར་བརྗེ་བོད་པ་རང་གི་བྱེད་དགོས་པ་ལས། བོད་པའི་སྤྱི་ཚོགས་རྗེས་ལུས་འདིའི་གནས་ཚུལ་རྒྱུས་མངའ་རྩ་བ་ནས་མེད་པའི་མིས་དབང་ཤུགས་ཀྱི་ཐོག་ནས་བཅོས་བསྒྱུར་དང༌། གསར་བརྗེ་བྱེད་ཀྱི་ཡིན་ཞེས་བརྗོད་ན། དེ་ནི་ཧམ་པའི་སྐད་ཆ་ཡིན་པ་ལས་ཡོང་ཐབས་མེད། འཇོན་སྟངས་མེད་པར་མ་ཟད་ཕན་འབྲས་ཀྱང་ཡོང་ཐབས་མེད། རྒྱ་མིས་ཁ་ནས་འདྲ་ཆགས་པོ་གང་ཞིག་བཤད་ཀྱང༌། དོན་དག་ཡང་སྙིང་བོད་བོད་པའི་ལག་པར་ཡོད་པ་ཞིག་དང༌། བོད་པ་རང་ཉིད་ནས་རང་དབང་ལ་ཅི་དགར་ལོངས་སུ་སྤྱོད་ཐུབ་པ་ཞིག་བྱུང་ན། དངོས་གནས་དྲང་གནས་ཕུགས་ལ་རྒྱ་མི་ཁོ་རང་ཚོ་ལའང་ཕན་པ་དང་། ང་ཚོ་བོད་པ་དོ་བདག་ཚོ་ལ་ཕན་པ་ལྟ་ཅི་སྨོས། ཚུར་ཕྱོགས་རྒྱ་གར་ལའང་ཕན་ཐོགས་ཡོད།
མ་འོངས་པའི་བོད་འདི་དྲག་པོའི་གོ་མཚོན་གྱི་བསྟི་གནས་དང༌། མཚོན་ཆའི་རིགས་རྩ་བ་ཉིད་ནས་མེད་པ་ཞིག་བྱུང་ན་ལེགས། ལྷོ་ཨ་ཧྥི་རི་ཁའི་ནང༌དང་། ཁོ་སི་ཊ་རི་ཁ་ཟེར་བའི་ཡུལ་དེར་བདེ་སྲུང་སྐོར་བྱ་བ་མ་གཏོགས་དམག་མི་གཏན་ནས་མེད་པ་རེད་ཟེར་གྱི་འདུག དེང་སང་གང་ཞིག་ཆགས་ཡོད་མེད་མི་ཤེས། འདི་རིགས་དངོས་གནས་སྙིང་རྗེ་པོ་རེད། ང་རང་ཚོས་ནམ་རྒྱུན་རྟག་པར་གྷན་དྷིའི་རྗེས་འབྲང་ཡིན། འཚེ་མེད་ཞི་བའི་ལམ་དུ་འགྲོ་མཁན་ཞིག་ཡིན་ཞེས་ཤོད་ཀྱི་ཡོད། ལྟ་བ་འཚེ་མེད་ཞི་བའི་ལམ་གྱི་ལྟ་བ་ལ་ཡིད་ཆེས་བྱས་པ་ཙམ་དུ་མ་ཟད། ངོ་ཐོག་ལག་ལེན་གྱི་ཐོག་ནས་རང་གི་ལུང་པའི་ནང་མཚོན་ཆའི་རིགས་གཏན་ནས་མེད་པའི་ཞི་བདེའི་ལུང་པ་ཞིག་བཟོ་ཐུབ་ན། རྒྱ་མིའི་ལྷོ་ནུབ་ཕྱོགས་ཀྱི་ས་མཚམས་མང་པོ་ཞིག་དངོས་གནས་ཞི་བདེའི་བསམ་བློ་ཆགས་ཐུབ་པ་དང་། རྒྱ་གར་ལ་ཆ་བཞག་ན་ཡང་ས་མཚམས་ཁག་ལ་ཞི་བདེའི་བསམ་བློ་ཞིག་ཆགས་ཡོང་ངེས་རེད། དེ་ལྟར་བྱུང་ན་རྒྱ་གར་ལ་ཕན་པ་དང་། རྒྱ་མི་ལ་ཕན་པ། བོད་པ་ང་རང་ཚོ་ལའང་ཕན་པ་ལྟ་ཅི་སྨོས། ངས་མ་འོངས་པར་འདི་འདྲ་ཞིག་བྱུང་ན་སྙམ་པ་དྲན་གྱི་ཡོད། འདི་འདྲ་ཞིག་བྱུང་ན་དངོས་གནས་ཀུན་ལ་ཕན་པ་ཞིག་རེད།
བོད་ལ་འཛམ་བུ་གླིང་གི་ཡང་ཐོག་ཅེས་བརྗོད་ཀྱི་ཡོད་པ་ལྟར། དངོས་གནས་དྲང་གནས་ཡང་ཐོག་དེ་ཞི་བདེའི་བསྟི་གནས་ཤིག་བྱུང་ན་ཡག་པོ་མ་རེད་དམ། འཛམ་གླིང་གི་ལུང་པ་ས་ཆ་གང་ས་ནས་གུང་གསེང་གཏོང་བར་ཡོང་ས། རང་བཞིན་གྱི་ཡུལ་གཙང་མ། རླུང་གཙང་མ། ས་གཙང་མ། ཆུ་གཙང་མ། ཡུལ་ལྗོངས་རྣམས་རང་བཞིན་གྱི་མཛེས་སྡུག་ལྡན་པ། ལུང་པའི་གནས་སྟངས་ཀྱང་ཞི་བདེའི་ངོ་བོར་གནས་པ། ལུང་པ་འདིའི་ནང་ལ་ཡོད་པའི་མི་དེ་དག་གི་རང་བཞིན་ཡང་ཞི་བདེར་གནས་པ། དེ་འདྲའི་སྣོད་བཅུད་ཞི་བདེའི་རང་བཞིན་ལ་གནས་པའི་ནང་ལ་འཛམ་གླིང་གི་མི་སུ་ཞིག་ཡིན་ཡང་རང་དབང་གི་ཐོག་ནས་གུང་གསེང་བཏང༌སྟེ་ངལ་གསོ་བརྒྱབ། བསམ་བློའི་ཞི་བདེ་སྒྲུབ་ཐུབ་པ་དེ་ལྟ་བུ་ཞིག་བྱུང་ན་སྙམ་པ་དྲན་གྱི་འདུག ད་ལྟའི་ཆ་ལ་རྨི་ལམ་ལྟ་བུ་ཡིན་ནའང༌། མིས་ཐབས་ཤེས་ལ་བརྟེན་ནས་འགྲུབ་སྲིད་པ་ཞིག་ཡིན་པ་ལས་མི་འགྲུབ་པ་ཞིག་མིན།
མདོ་དོན་སྙིང་པོ་བོད་ནང་ལ་ཡོད་པའི་རྒྱ་ཆེའི་མི་མང་རྣམས་ང་ཚོའི་དོན་གྱི་བདག་པོ་རེད། ཁོང་ཚོར་འབྲེལ་བ་བྱེད་རྒྱུའི་གོ་སྐབས་གསར་པ་ཞིག་ཡོད་པ་འདིའི་ཐོག་ནས་ང་ཚོ་གཞིས་བྱེས་གདུང་ཤུགས་གཅིག་སྒྲིལ་གྱི་ཐོག་ནས་ནུས་པ་འདོན་རྒྱུ་དེ་གལ་ཆེན་པོ་འདུག

ཅ༽ བོད་ཀྱི་བདེན་མཐའ་དང་། མི་རིགས་ཀྱི་འཐབ་རྩོད།

དེ་ནས་གཉིས་པ་དེ། ད་བར་ང་ཚོས་མ་ཤེས་པ་ཤེས་པའི་ཆེད་དུ་དུས་ཚོད་མང་པོ་ཞིག་བསྐྱལ་བ་རེད། དེ་འདྲའི་དུས་ཚོད་ཕལ་ཆེར་ཡོལ་ཟིན་ཅིང་། ད་ཆ་ཤེས་པའི་དོན་རྣམས་ལག་ལེན་དུ་བསྟར་ཏེ་དོན་དངོས་ལག་ལེན་གྱི་ཐོག་ནས་ནུས་པ་ཐོན་པ་དང༌། ཕན་གནོད་འབྲེལ་ཐུབ་པ་ཞིག་བྱེད་དགོས་ཀྱི་འདུག འདི་གཉིས་ཁྱེད་རང་ཚོའི་སེམས་ལ་ངེས་པ་བྱེད་དགོས།
༸རྒྱལ་བ་རིན་པོ་ཆེ་ག་ལེར་པཱོ་ལགས་ཆགས་འགྲོ་གི་རེད། ཁྱེད་རང་ཚོས་ཤུགས་རྒྱག་དགོས། ཁ་སང་བཀའ་ཤག་ལ་ཡང་སྐད་ཆ་བྱུང༌ཞིང་། ངོས་ནས་མི་ཚེ་ཐུང་ཐུང་བྱེད་ཀྱི་ཡིན་ཟེར་གྱི་མེད། མི་ཚེ་རིང་པོ་སྡོད་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད། སྡོད་ཐུབ་མདོག་ཁ་པོ་རེད། སྡོད་ཀྱི་རེད། སྔ་ལོ་རྡོ་རྗེ་གདན་ལ་ཡང་བརྗོད་རྒྱུ་བྱུང༌། ༸རྒྱལ་བ་རིན་པོ་ཆེའི་མི་ཚེའི་ཚེ་མཇུག་འདི་བོད་ལུང་པའི་ནང་སྐྱེལ་ཐུབ་པ་ཞིག་ཡོང་གི་རེད། རེ་བ་དེ་རང་ཡོད་ཅེས་ཤོད་རྒྱུ་བྱུང༌། ཡིན་ན་ཡང་ད་ལྟ་བར་ལོ་ལྔ་བཅུ་ང་གྲངས་ཕྱིན་པ་རེད། མ་འོངས་པར་ལོ་ལྔ་བཅུ་ང་གྲངས་སྡོད་རྒྱུ་མེད་པ་ཧ་ལམ་ཐག་ཆོད་པ་རེད། ལོ་བརྒྱ་སྡོད་ཐུབ་རྒྱུ་ཁག་པོ་རེད།
ད་ལྟ་ཕན་ཆད་ཀྱི་དུས་ཚོད་དང༌། མ་འོངས་པར་སྡོད་རྒྱུའི་དུས་ཚོད་གཉིས་བསྡུར་ན་སྡོད་རྒྱུའི་དུས་ཚོད་ཐུང་བ་ཡིན་པ་བརྒྱ་ཆ་བརྒྱ་ཐམ་པ་ཐག་ཆོད་པ་རེད། དེ་ནི་འཇིག་རྟེན་ཆོས་ཉིད་རེད། ང་རང་ཚོས་འཐབ་རྩོད་བྱེད་པ་འདི་མི་རིགས་གཅིག་གི་འཐབ་རྩོད་ཡིན་པ་ལས། མི་སྒེར་གཅིག་གི་འཐབ་རྩོད་མིན་ལ། ༸རྒྱལ་བ་རིན་པོ་ཆེའི་ཁེ་ཕན་དང༌། ཐོབ་ཐང་ཡང་རྩོད་ཀྱི་མེད། ངའི་ཁེ་ཕན་དང་ཐོབ་ཐང་ཞིག་རྩོད་ཀྱི་ཡོད་ན། ང་རང་གི་མི་ཚེ་འདིར་འགྲུབ་ན་འགྲུབ་པ་རེད། མ་འགྲུབ་ན་ཕན་ཐོགས་མེད་པ་ཆགས་ཀྱི་རེད།
ང་ཚོའི་འཐབ་རྩོད་འདི་མི་རིགས་གཅིག་གི་འཐབ་རྩོད་ཡིན་སྟབས། མི་ཐོག་གོང་མ་དེ་དག་འགྲོ་བཞིན་དུ་མི་ཐོག་རྗེས་མ་ཚོས་མཇུག་ཟིན་ནས་འགྲོ་དགོས་པ་ཞིག་རེད། དཔེར་ན། ད་ལྟ་ཕན་ཆད་ཀྱི་གནས་ཚུལ་ལ་ཆ་བཞག་ན་ཡང་ ༡༩༥༩ ཡས་མས་ཀྱི་དུས་སུ་དཀའ་སྡུག་མྱོང་མཁན་གྱི་བོད་པ་མི་ཐོག་རྒན་པ་དེ་དག་ཕལ་ཆེར་རྫོགས་འགྲོ་གི་ཡོད། བོད་ནང་ལ་ཆ་བཞག་ན་ཡང་མང་པོ་ཞིག་བསད་རྨས་ཕྱིན་ཟིན་པ་རེད། མི་མང་པོ་ཞིག་ལྟོགས་ཤི་ཐེབས་པ་དང་། མང་པོ་ཞིག་འདས་གྲོངས་ཕྱིན་ཟིན་པ་རེད། བཙན་བྱོལ་ལ་ཡོད་པའི་མི་ཐོག་ནས་རྒན་པ་ཚོར་ཛ་དྲག་དང་དངངས་སྐྲག་དེ་ལྟར་མེད་ཀྱང་དཀའ་སྡུག་གང་ལ་གང་འཚམ་མྱངས་ཡོད།
གཙོ་ཆེ་ཤོས་བོད་ནང་ལ་ཡོད་པའི་རྒྱ་ཆེའི་མི་མང༌། བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ལ་དམིགས་བསལ་སུ་གཅིག་ལ་མེད་པར་སྡུག་བསྔལ་ཚད་མེད་མྱངས་ཏེ་དེ་དག་གི་མི་ཐོག་ཧ་ལམ་རྫོགས་འགྲོ་གི་ཡོད། མི་ཐོག་དེ་དག་རྫོགས་ན་ཡང༌། ཁོང་ཚོའི་བོད་ཕྲུག་རྫོགས་ཀྱི་མེད། གཞི་ནས་འཚར་ལོངས་བྱེད་མཁན་གྱི་མི་ཐོག་གཞོན་སྐྱེས་དེ་དག་གིས་ཤུགས་བརྒྱབ་ནས་ལས་འགན་འཁྱེར་ནས་ལས་ཀ་མུ་མཐུད་བྱེད་ཀྱི་ཡོད།
དེ་བཞིན་དུ་ད་ལྟ་ང་ཚོའི་གཞོན་སྐྱེས་ཀྱི་མི་ཐོག་འདི་རིམ་པས་ལོ་བཅུ་དང་། ལོ་ཉི་ཤུ། ལོ་སུམ་ཅུ་བཅས་ཕྱིན་པ་དང་། དེ་དག་མི་ཐོག་འདི་རྫོགས་སྐབས་སུ་ཡང་མི་ཐོག་རྗེས་མ་ཚོས་ཤུགས་བརྒྱབ་ཡོང་གི་རེད། མི་རིགས་ཀྱི་འཐབ་རྩོད་འདི་ལྟར་བྱས་ནས་བྱེད་ཀྱི་ཡོད། གང་ལྟར་ཚང་མས་རང་རང་གི་མཇིང་པའི་སྒང་ལ་ལས་འགན་རེ་འཁྱེར་ཏེ་སེམས་འཁུར་ལེན་དགོས། རང་ཉིད་ཀྱི་བསམ་བློའི་ནང་ལ་སེམས་འཁུར་མ་འཁྱེར་ན་གང་ཡང་ཡོང་ཐབས་མེད། ལས་ཀ་གང་ཞིག་ཡིན་ཡང་རང་གི་ལུས་ལ་དངོས་སུ་བདེ་སྡུག་མྱོང་གི་ཡོད་པ་ལྟ་བུའི་སེམས་འཁུར་བླངས་ཤིང་། ངར་ཤ་དང་སེམས་འཁུར་ཡོད་པའི་ཐོག་ནས་ལས་ཀ་བྱས་ན་བདེན་པའི་ནུས་པ་ཐོན་གྱི་རེད།
དེ་ལྟར་མིན་པར་རང་ཉིད་ཀྱི་སེམས་ནང་ངར་ཤ་དང་སེམས་འཁུར་གང་ཡང་མེད་པའི་ལེ་གང་འགྲིགས་དང༌། ཟོབ་རྫུ་ལྟ་བུ་བྱེད་པ་དང་། འཕྲལ་སེལ་ཁུངས་འཁྱོལ་ཙམ་དང༌། འགྲིགས་ཙམ་བྱུང་ན་དེ་གས་འགྲིགས་པར་མཐོང་བ་འདི་ང་ཚོའི་སྐྱོན་ཆེ་ཤོས་ཤིག་འདུག ལས་ཀ་མང་པོ་ཞིག་གི་ནང་ལ་ཁུངས་འཁྱོལ་ཙམ་དང༌། གྲ་མ་འགྲིགས་མ་ཐོན་ཙམ་གྱིས་མི་འགྲིགས། ང་ཚོར་ཡར་རྒྱས་ཀྱི་ངོ་བོ་ཐོན་དགོས། ཡར་རྒྱས་ཀྱི་ངོ་བོ་ཐོན་དགོས་ན་སེམས་ཤུགས་བསྒྲིལ་དགོས་པ་དང༌། ནུས་པ་ཐོན་པ་ཞིག་དགོས་པ་ལས། ལེ་གང་འགྲིགས་བྱས་ནས་བསྡད་ན་ཡར་རྒྱས་འགྲོ་ཐབས་མེད།
རིགས་མང་པོ་ཞིག་ནང་འདྲ་ཆགས་པོ་ཞིག་དང༌། སྤམ་པོ་བྱེད་པ་དེ་ཡག་པོ་གཏན་ནས་མི་འདུག དེ་ཉེན་ཁ་ཡོད། ང་ཚོ་རང་གི་ལུང་པ་བྲལ་ཏེ་མིའི་ལུང་པར་གྱར་ནས་ཛ་དྲག་གི་གནས་ཚུལ་ཆགས་ཡོད་པ་ལས་ཉིན་མ་གང་འཁྱོལ་བྱེད་པའི་དུས་ཚོད་མིན། བོད་ནང་ལ་ཡོད་པའི་རྒྱ་ཆེའི་མི་མང་དེ་དག་ད་ལྟའི་ཆར་བརྒྱ་ཆ་བརྒྱ་ཐམ་པ་ཚོད་ཐིག་པ་ཞིག་རེད། འོན་ཀྱང་རྒྱ་མིས་སྲིད་བྱུས་གཏིང་བརྣག་པོ་ཞིག་ཟིན་པ་དང་། བོད་པ་ཚོའི་ངོས་ནས་མིག་རྒྱང་རིང་པོའི་བསམ་བློ་དང༌། འཕྲལ་ཕུགས་ཀྱི་ཁེ་གྱོང་ཆེན་པོ་ཞིག་གི་སྒང་ལ་བསམ་བློ་གཏོང་མ་ཐུབ་པར་འཕྲལ་སེལ་ལེ་གང་འགྲིག་གི་ཐོག་ཏུ་ཕྱིན་ན་གཏན་ནས་མི་འགྲིགས། གཟབ་གཟབ་མ་བྱས་ན་ཉེན་ཁའི་དུས་ཚོད་ཅིག་སླེབས་ཀྱི་འདུག་པས་ཚང་མས་གཟབ་གཟབ་བྱེད་དགོས།

ཆ༽ ཆོས་ལུགས་ཀྱི་མཐུན་ལམ་དང་། བླ་མེད་ཀྱི་མཛད་འཕྲིན།

དེ་རིང་འདིར་ཞོར་འཕྲོས་སུ་བརྗོད་རྒྱུར། བར་ལམ་ང་རང་འཛམ་གླིང་གི་ས་ཆ་འདྲ་མིན་ལ་འགྲོ་སྐབས། ངས་བསམ་བློ་གཏོང་སྟངས་དང༌། བསམ་ཚུལ་གྱི་ཐོག་ནས་མི་ལ་སྐད་ཆ་གང་ཤོད་ཀྱི་ཡོད་ཅེ་ན། གཅིག་ལ་འཆར་ཅན་བྱས་ཏེ་ཆོས་ལུགས་ཁག་འདྲ་མིན་མང་དུ་ཡོད་པ་དེ་དག་ཕན་ཚུན་མཛའ་མཐུན་བྱེད་དགོས་པའི་སྐོར་ཤོད་ཀྱི་ཡོད། དེང་སང་དངོས་པོ་ཡར་རྒྱས་ཕྱིན་པ་དང་ཆབས་ཅིག་དམག་འཁྲུག་གི་ཉེན་ཁ་ཡང་ཡོད་པའི་དུས་ཚོད་འདིའི་སྐབས་མི་སེམས་པ་བཟང་པོ་བྱེད་དགོས་པ་དང༌། བྱམས་པ་དང་སྙིང་རྗེའི་ཉམས་ལེན་བྱེད་རྒྱུ་འདིའི་སྐོར་ཆོས་ལུགས་ཁག་གི་ནང་ནས་བསླབ་བྱ་ཞིག་རྒྱག་གི་ཡོད། སྔོན་ལ་རྒྱ་ཆེན་པོ་དང༌། གཏིང་ཟབ་པོ། ནུས་པ་ཆེན་པོ་ཞིག་ལམ་སེང་ཐོན་མ་ཐུབ་ཀྱང་། ཆོས་ལུགས་ཁག་གིས་དངོས་གནས་དྲང་གནས་ཁ་ཞེ་གཉིས་མེད་དང་། བསམ་པ་རྣམ་དག་གི་སྒོ་ནས་འཛམ་གླིང་འདིའི་སྟེང་དུ་དམག་འཁྲུག་ཉུང་དུ་འགྲོ་བ་དང༌། དོན་དམ་པའི་ཞི་བདེ་ཡོང་བའི་ཆེད་ཞལ་འདེབས་རྒྱག་ཐུབ་པའི་འབད་བརྩོན་བྱེད་དགོས་ཀྱི་འདུག དེ་ཡོང་བ་ལ་ཐོག་མར་ཆོས་ལུགས་ནང་ཕན་ཚུན་སོ་སོའི་ཆོས་ལུགས་ཁོ་ནའི་བསམ་བློ་གཏོང་བ་དང་། སོ་སོའི་ཆོས་ལུགས་དེ་གཅིག་པུ་ཁྱབ་སྤེལ་བྱེད་རྒྱུ། སོ་སོའི་ཆོས་ལུགས་དེ་གཅིག་པུ་བསྒྲུབས་ནས་བསྡད་ན་རླབས་ཆེན་པོ་ཞིག་ཡོང་མི་ཐུབ། རང་ཉིད་སྣང་བ་དག་སྟེ་སོ་སོའི་ཆོས་གཅིག་པུར་མགོ་འཁོར་ནས་བསྡད་ན་ཆོས་ལུགས་རྒྱུ་མཚན་དུ་བྱས་ཏེ་འཁྲུག་པ་ཡང་ཡོང་གི་ཡོད། དེ་ལྟར་སྔར་ཡང་མང་དུ་བྱུང་ཡོད་ལ། དེང་སང་ཡང་ཕྲན་བུ་རེ་ཡོང་མུས་རེད། དེ་ནི་ཧ་ལས་པའི་ཐབས་སྐྱོ་པོ་རེད། སྔར་ཡིན་ན་ཁྱད་པར་དེ་ཙམ་མེད། ཚང་མ་རང་སྐྱོང་བྱས་ནས་སྡོད་ཀྱི་ཡོད། དེང་སྐབས་འཛམ་གླིང་གི་དངོས་ཡོད་གནས་ཚུལ་ལ་གཅིག་གིས་གཅིག་ལ་བརྟེན་ནས་སྡོད་དགོས་པའི་དུས་ཚོད་འདིའི་སྐབས་སུ་མིའི་རིགས་ནང་ཁུལ་ལ་སྤྱིར་བཏང་གི་རྩོད་པ་དང༌། རྙོག་དྲ་མང་པོ་ཞིག་རང་བཞིན་གྱིས་ཡོང་བའི་ཐོག་ལ། ཆོས་ལུགས་རྣམས་མིའི་ཆགས་སྡང་གི་རྩོད་པ་ཞི་བའི་ཐབས་ཤེས་ཡིན་པ་དེ་དག་ཀྱང་མིའི་འཐེན་འཁྱེར་དང༌། མིའི་རྩོད་པ་ཡོང་རྒྱུའི་རྒྱུ་རྐྱེན་ལ་ཕྱིན་ན་ཧ་ལས་པའི་ཐབས་སྐྱོ་པོ་རེད།
དེས་ན་ཆོས་ལུགས་ཁག་གི་ལྟ་བ་འདྲ་མིན་དང༌། གྲུབ་མཐའི་རྣམ་གཞག་ཁྱད་པར་ཆེན་པོ་ཡོད་ཀྱང༌། ཚང་མས་མི་བཟང་པོ་ཞིག་དགོས་པ་དང༌། མི་ཕན་སེམས་ཅན་ཞིག་དགོས་པའི་བསླབ་བྱ་གཅིག་གྱུར་རྒྱག་གི་ཡོད་པའི་གཞི་རྩ་འདིའི་ཐོག་ནས་ཆོས་ལུགས་འདྲ་མིན་མང་དུ་ཡོད་པ་ཚང་མ་འཆམ་མཐུན་བྱེད་ཐུབ་པ་དང༌། གཅིག་གིས་གཅིག་ལ་ཉེ་པོ་བྱེད་པ། ཕན་ཚུན་སློབ་སྦྱོང་བྱེད་པ། ཕན་ཚུན་ཉམས་མྱོང་སྤེལ་རེས་སོགས་བྱས་ན་ཕན་ཚུན་གུས་བརྩི་སླེབས་ཀྱི་རེད། ཕན་ཚུན་གུས་བརྩི་སླེབས་སྐབས་དོན་དམ་པའི་མཛའ་མཐུན་དམ་ཚིག་སླེབས་ཡོང་གི་རེད། དེའི་ཐོག་ནས་ཐུན་མོང་གིས་འབད་བརྩོན་བྱས་ཏེ་འགྲོ་བ་མི་སྤྱི་ལ་གང་ཕན་ཅི་ཕན་གྱི་ཞབས་འདེགས་ཞིག་སྒྲུབ་ཐུབ་ན། དེ་ནི་ཆོས་པ་ཚོས་བྱེད་འོས་པ་ཞིག་རེད་ཅེས་དོན་ཚན་གཅིག་འདིའི་སྒང་ལ་ཤོད་ཀྱི་ཡོད། ཕྲན་བུ་ཕན་གྱི་ཡོད་པ་དང༌། ལག་རྗེས་ཕྲན་བུ་ཐོན་གྱི་ཡོད་པ་ལྟ་བུ་ཞིག་འདུག
དེ་ལྟར་ཆོས་པ་འདྲ་མིན་མང་པོ་ཐུག་འཕྲད་བྱུང་སྐབས་ཁ་ཤས་ལ་ངའི་བསམ་ཚུལ་བཤད་པ་དེ་ཁ་ཡོད་ལག་ཡོད་ཀྱི་གནས་ཚུལ་དུ་མཐོང་ནས་སྐད་ཆ་ལྷུག་པོ་ཤོད་མཁན་དེ་འདྲ་ཡང་འདུག ཡང་ཁ་ཤས་ནི་ཕྲན་བུ་སྤམ་པོ་བྱེད་མཁན་ལྟ་བུ་ཡང་ཡོང་གི་འདུག མིའི་ཁམས་དང་མོས་པ་སྣ་ཚོགས་ཡིན་པས། དངོས་ཡོད་གནས་ཚུལ་ལ་འཛམ་གླིང་འདིའི་ཐོག་ཏུ་ཆོས་ལུགས་འདྲ་མིན་དེ་དག་གཅིག་གིས་གཅིག་ལ་ངོས་ལེན་བྱས་མིན་ཇི་ལྟར་ཡང་། ཆོས་ལུགས་རྣམས་འཇིག་རྟེན་འདིའི་ཐོག་གནས་རྒྱུ་དང་། ཆོས་ལུགས་གཅིག་གིས་ཆོས་ལུགས་གཞན་དག་ཚང་མ་དབང་དུ་བསྡུ་ཐུབ་ཐབས་མེད། ཡང་ན་འཛམ་གླིང་འདིའི་སྒང་ལ་ཆོས་ལུགས་གཅིག་ཀྱང་མེད་པ་བཟོ་ཐུབ་ཐབས་ཀྱང་མེད། སྔར་ཕན་ཆད་ཀྱང་ཆོས་ལུགས་རྣམས་བསྡད་པ་ལྟར། ད་དུང་ཡང་སྡོད་ཀྱི་རེད། བསྡད་པ་འདྲ་འདྲ་ལ་མཉམ་དུ་འཆམ་པོ་བྱུང་ན་ཡག་པོ་རེད། མིའི་སྤྱི་ཚོགས་ནང་མཉམ་དུ་སྡོད་དགོས་པ་ཞིག་ལ་གཅིག་གིས་གཅིག་ལ་འཁྲུག་གིན་བསྡད་ན་ཕན་ཐོགས་གང་ཡང་མེད།

ཇ༽ ཆོས་ཚན་གྱི་བགྲོ་གླེང་དང་། ནང་ཆོས་ཀྱི་གཟི་བརྗིད།

དེ་ནས་དོན་ཚན་གསར་པ་ཞིག་ལ། ཚན་རིག་པ་འདྲ་མིན་ཐུག་རྒྱུར་ངས་འབད་བརྩོན་བྱེད་ཀྱི་ཡོད། དེ་ལྟར་བྱས་ནས་ད་བར་ཚན་རིག་པ་གང་ལ་གང་འཚམ་ཐུགས་འཕྲད་བྱུང་ཡོད། ད་ལོ་ཨུ་རུ་སུར་ཡང་ཚན་རིག་པ་ཁ་ཤས་ཐུག་འཕྲད་བྱུང༌ཞིང་། སྤྱིར་ནང་པའི་དཔེ་ཆའི་ནང་རྡུལ་ (Nuclear Physics) གྱི་སྐོར་དང༌། རྡུལ་ཕྲ་རགས་སྐོར། ཀླད་པའི་འགྲོ་སྟངས་སྐོར་སོགས་མང་པོ་ཞིག་གི་ཐོག་ཏུ་གོ་བསྡུར་བྱེད་རྒྱུ་ཡོང་གི་འདུག
དེ་ནས་ནང་པ་སངས་རྒྱས་པའི་གཞུང་སྤྱི་དང༌། ལྷག་དོན་སྔགས་བླ་མེད་ཀྱི་ནང་ལ་རྩ་རླུང་ཐིག་ལེའི་རྣམ་གཞག་དང༌། སེམས་ཀྱི་རྣམ་གཞག་ཁྱད་པར་བ་ཞིག་བཤད་ཡོད་པས་གནས་ཚུལ་འདི་དག་གི་ཐོག་ནས་ནང་པའི་གཞུང་ལ་དོ་སྣང་གསར་པ་ཞིག་སླེབས་ཀྱི་འདུག དེས་ཁོང་ཚོར་ཕན་ཐོགས་ཡོད་པར་མ་ཟད། ང་ཚོར་ཡང་ཕན་གྱི་རེད། སེམས་ཀྱི་འགྲོ་སྟངས་ (Psychology) སྨོས་མེད་ཐོག སྤྱིར་བཏང་འཛམ་གླིང་གི་རྒྱུ་སྐར་ (Cosmology) ཚོའི་འགྲོ་སྟངས་དེ་རིགས་ཀྱང་མདོ་སྔགས་ཀྱི་གཞུང་མང་པོ་ཞིག་ནང་བཤད་ཡོད།
ཚན་རིག་པ་དང་ནང་པ་གཉིས་ཆོས་ཀྱི་སྐད་ཆ་གང་ཡང་མིན་པར་ཆོས་ཀྱི་གཞུང་ནས་བཤད་པའི་གནད་དོན་དེ་དག་དང༌། ཚན་རིག་གི་སྡེ་ཚན་དེ་དག་དང་འབྲེལ་བ་ཡོད་པ་རྣམས་ང་ཚོ་ཐུན་མོང་གི་ཐོག་ནས་གོ་བསྡུར་བྱེད་རྒྱུ་དང༌། གཅིག་གིས་གཅིག་ལ་སློབ་སྦྱོང་བྱེད་རེས་བྱེད་རྒྱུ་ཞིག་ཏན་ཏན་ཡོད་པ་ལྟ་བུ་འདུག དེ་ནི་ཆོས་ཀྱི་སྐད་ཆ་གང་ཡང་མིན་པར། སྤྱིར་བཏང་ཤེས་བྱའི་རང་བཞིན་གྱི་ཆ་ནས་གོ་བསྡུར་བྱེད་སྐབས་ཕན་ཐོགས་ཆེན་པོ་ཡོང་གི་འདུག
སྤྱིར་བཏང་ནུབ་ཕྱོགས་ཚན་རིག་མཁས་པ་དེ་དག་གི་ཁྲོད་ནས་སེམས་ཀྱི་རྣམ་གཞག་སྐོར་ཤོད་ཐུབ་པ་ཁག་པོ་རེད། ད་ལྟ་ནུབ་ཕྱོགས་ཀྱི་ཚན་རིག་པ་ཚོས་བརྟག་ཞིབ་བྱེད་ཡུལ་གཙོ་བོར་བལྟས་ན་མིག་གིས་མཐོང་རྒྱུ་ཡོད་པ་ཞིག་དང༌། ཚད་འཇལ། རྩིས་བསྐོར་ནས་གཏན་ལ་འབེབས་རྒྱུ་ཞིག་ཡིན་པར་བརྟེན། རྣམ་པར་ཤེས་པ་ཞེས་པ་གཟུགས་ཅན་མ་ཡིན་ལ། ཚད་གཞལ་རྒྱུ་མེད་པ། རྩིས་སྐོར་ཐབས་ཀྱང་མེད་པའི་རང་བཞིན་སེམས་ཀྱི་རྣམ་གཞག་ཤོད་ཐུབ་རྒྱུ་ཁག་པོ་རེད།
སེམས་ཀྱི་རྣམ་གཞག་སྐོར་ནང་པ་ལ་མང་བ་དང་། ཧ་ཅང་ཕྱུག་པོ་ཡོད། འོན་ཀྱང་ཀླད་པའི་རྡུལ་ཕྲན་གྱི་འགྲོ་སྟངས་དང་། མིག་གི་དབང་པོ་ལ་སོགས་པ་དང༌། མིག་གི་རྣམ་ཤེས་ལ་སོགས་པ་དེ་རིགས་ཀྱི་རྡུལ་ཕྲན་ཕྲ་མོའི་འགྲོ་སྟངས་ཀྱི་གནས་ཚུལ་དེ་དག་ནང་པའི་གཞུང་ནང་གསལ་པོ་དེ་ཙམ་མེད། ཚན་རིག་པ་ཚོར་གསལ་པོ་ཤོད་རྒྱུ་ཡོད། ང་རང་གི་ངོས་ནས་བལྟས་ན། ཚན་རིག་པའི་འགྲེལ་བཤད་རྒྱག་སྟངས་དང༌། ཚན་རིག་པ་ཚོས་ད་ལྟ་ཕན་ལ་རྙེད་པའི་གནས་ཚུལ་དེ་དག་ཧ་ལས་པ་དང༌། ངོ་མཚར་སྐྱེ་བ་དེ་ལྟར་མང་པོ་འདུག དེ་དག་གིས་ཚུར་ཕན་གྱི་འདུག
ཚན་རིག་པ་འགའ་ཤས་ཐོག་མར་ཐུག་འཕྲད་བྱུང་སྐབས། ང་ཆོས་པ་ཞིག་དང་ནང་པ་ཞིག་ཡིན་སྟབས། ནང་པའི་ཆོས་ཀྱི་སྐོར་ཤོད་ཀྱི་རེད་བསམས་ནས་ཁ་ཤས་སྤམ་པོ་བྱས་ནས་སྡོད་ཀྱི་འདུག ལ་ལས་ཉོབ་མདངས་བསྟན་པ་ལྟ་བུ་ཡོང་གི་འདུག ངོས་ནས་ནང་པའི་ཆོས་ཀྱི་ཆ་ནས་མ་བཤད་པར་ལྷག་བསམ་རྣམ་དག་གི་ཐོག་ནས་ཤེས་བྱ་གསར་པ་ཞིག་བརྩད་དཔྱོད་བྱེད་པའི་དོན་ལ་གོ་བསྡུར་བྱེད་པའི་རྣམ་འགྱུར་གྱི་ཐོག་ནས་ཤོད་སྐབས་ཁོང་ཚོར་གཞི་ནས་དོ་སྣང་ཆེན་པོ་ཞིག་སླེབས་ཀྱི་འདུག འདི་ང་ཚོ་ནང་པའི་ཆོས་ཀྱི་གཟི་བྱིན་ཞིག་རེད།
སྤྱིར་འཛམ་གླིང་འདིའི་སྒང་ལ་ཆོས་ལུགས་འདྲ་མིན་མང་དུ་ཡོད་ཀྱང༌། ནང་པའི་ཆོས་དང་འདྲ་བའི་རྒྱུ་ཆ་ཕྱུག་པོ་ཡོད་པ་ཞིག་གཞན་ལ་མེད་ཅིང་། འདིའི་ཐོག་ནས་དངོས་སུ་ཚན་རིག་པ་དང་ནང་པའི་བར་ལ་འབྲེལ་བ་གསར་པ་ཞིག་བྱུང་ཡོད། དེའི་ཐོག་ནས་ནང་པའི་ཆོས་ཀྱི་གཟི་བརྗིད་དང༌། ནང་པའི་ཆོས་རྒྱ་ཆེན་པོ་དང༌། གཏིང་ཟབ་པོ་ཡོད་པའི་ངོས་འཛིན་རང་བཞིན་གྱིས་སླེབས་ཀྱི་ཡོད། དེས་ཕན་ཐོགས་ཤིག་ཡོང་གི་ཡོད།
ངའི་བསམ་བློའི་ནང་འདི་ལྟར་དྲན་གྱི་འདུག སྤྱིར་བཏང་ནུབ་ཕྱོགས་པར་བར་ལམ་ཚན་རིག་ཡར་རྒྱས་ཆེན་པོ་ཕྱིན་པ་དང༌། ཚན་རིག་པ་ཁོང་ཚོས་རྡུལ་རྫས་ཀྱི་རིགས་ལ་བསམ་བློ་བཏང༌། རྫས་རྡུལ་གྱི་རྣམ་གཞག་གཏན་ལ་འབེབས་ཀྱི་ཡོད། གཙོ་བོ་བརྟག་དཔྱད་བྱེད་ས་དང༌། བསམ་བློ་གཏོང་སའི་དམིགས་ཡུལ་ནི་མིའི་ཀླད་པའི་ནུས་པ་ཡོངས་རྫོགས་དངོས་པོ་ཡར་རྒྱས་ཀྱི་སྟེང་ལ་བསྒྲིལ་བ་ཞིག་ཆགས་ཡོད། རྫས་ཁོ་ནའི་སྟེང་ལ་བསམ་བློ་བཏང་ན་རྫས་ལ་བདེ་སྡུག་གི་ཚོར་བ་མེད་ཅིང་། མིའི་ལུས་དང༌། མིའི་རང་བཞིན་གཉིས་རྫས་ཀྱི་གོང་བུ་གཅིག་གྱུར་ལྟ་བུར་ངོས་འཛིན་བྱས་པའི་མཐོང་སྣང་བྱུང་ན། མིའི་སེམས་ལ་ཚོར་བ་བདེ་བ་དང་སྡུག་བསྔལ་ཡོད་ལ། ཚོར་བ་ནི་ཤེས་པ་ཡིན་པས། ཤེས་པ་ནི་དབྱིབས་དང་ཁ་དོག་ཏུ་མ་གྲུབ་ཅིང་། དབྱིབས་དང་ཁ་དོག་ཏུ་མ་གྲུབ་པའི་ནུས་པ་ཁྱད་པར་ཅན་ཞིག་ལ་དོ་སྣང་མ་བྱས་པའམ། དོ་སྣང་མ་སླེབས་པར་བསྡད་ན་མིའི་ཁྱད་ཆོས་བརླག་འགྲོ་གི་ཡོད།
ང་རང་ཚོ་མིའི་མི་ཚེའི་ནང་ལ་སྐྱིད་སྣང་དང༌། སྡུག་སྣང་སོགས་ཚོར་སྣང་སྣ་ཚོགས་ཡོད་པ་ལ་བརྟེན་ནས་མི་དང་མིའི་སྤྱི་ཚོགས་ཡར་རྒྱས་འགྲོ་དགོས་པའི་རྩ་བ་འདི་ལ་ཐུག་གི་ཡོད་པ་ལས་གཞན་གང་ཡང་མིན། ཚོར་བར་བརྟེན་ནས་ཤེས་པ་ལ་ཐུག་གི་ཡོད་སྟབས། ཤེས་པའི་རྣམ་གཞག་ལ་དོ་སྣང་མ་བྱས་ན་མིའི་སྐྱིད་སྣང་དང༌། ཚོར་སྣང་གཉིས་འབྲེལ་མེད་ཆགས་པ་དང་། དེ་ལྟར་ཆགས་ན་མི་ཡར་རྒྱས་འགྲོ་རྒྱུའི་རང་བཞིན་དེ་བརླག་འགྲོ་གི་རེད། དཔེར་ན། ཕར་ཕྱོགས་སུ་ཤིང་ཞིག་བཅད་པ་དང༌། ཚུར་ཕྱོགས་སུ་མི་ཞིག་བསད་པ་གཉིས་མི་དང༌ཤིང་གི་དངོས་པོ་གཉིས་མེད་པ་བཟོས་པ་འདྲ་མཚུངས་ཡིན་ནའང་། ལྷན་སྐྱེས་ཀྱི་དེ་གཉིས་ལ་ཁྱད་པར་ཞིག་བརྩི་དགོས་ཤིང་། དེར་ཁྱད་པར་ཞིག་བརྩི་དགོས་ན། གང་ལྟར་རྫས་གྲུབ་ཀྱི་རིག་པ་ཁོ་ནས་ཁྱད་པར་འབྱེད་མི་ཐུབ་ལ། འབྱེད་རྒྱུ་ཧ་ཅང་ཁག་པོ་རེད། ཤེས་པ་ཞིག་ཁས་མ་བླངས་ཐབས་མེད་ཡིན། ངོས་ནས་ཤར་ཕྱོགས་དང་ནུབ་ཕྱོགས་འབྲེལ་བ་ཡོང་སའི་གཞི་རྩ་དེ་ནང་གི་རྣམ་པར་ཤེས་པ་དང༌། ཕྱིའི་དངོས་རྫས་གཉིས་ཀྱི་འབྲེལ་བའི་ཐོག་ནས་སླེབས་ཀྱི་འདུག་ཅེས་བརྗོད་ཀྱི་ཡོད། འདིའི་ཐོག་ནས་མི་ལ་རིན་ཐང་སླེབས་ཐུབ་པ་ཞིག་དང༌། མིའི་རིན་ཐང་གི་ཐོག་ནས་ཞི་བདེ་སླེབས་ཡོང་གི་རེད། དེ་ལྟར་མིན་ན་མིའི་རིན་ཐང་ཐོག་ནས་དམག་འཁྲུག་ལ་ངོ་རྒོལ་བྱེད་རྒྱུ་དང༌། ཞི་བདེ་དགོས་དོན་མེད། གནད་དོན་འདི་ཚེ་ཕྱི་མའི་སྐད་ཆ་བཤད་པ་མིན་ལ། དཀོན་མཆོག་གི་སྐད་ཆ་བཤད་པའང་མིན།
ནང་པའི་ཆོས་ཀྱི་འགྲོ་སྟངས་ལྟར་ན་འཇིག་རྟེན་བཀོད་པ་པོ་ཁས་མི་ལེན་ཞིང་། ཆོས་ལུགས་གཞན་གྱིས་དཀོན་མཆོག་གཅིག་ཤོད་ཀྱི་ཡོད། དཀོན་མཆོག་ཡོད་མེད་དང༌། སྐྱེ་བ་སྔ་ཕྱི་ཡོད་མེད་ཇི་ལྟར་ཡང་། མི་ཚེ་འདིའི་རིང་ལ་མིའི་རིན་ཐང་ངམ། མིའི་འདུ་ཤེས་གསལ་པོ་མ་ནོར་བ་ཞིག་ངོས་འཛིན་ཡོད་ན། མི་ལ་རིན་ཐང་སླེབས་ངེས་མ་ཟད། མི་ལ་རིན་ཐང་སླེབས་ན་མིའི་སྲོག་ལ་རྩ་བ་ཆེན་པོ་བྱེད་རྒྱུ་ཞིག་སླེབས་པ། དེ་ལྟར་སླེབས་ན་འཛམ་གླིང་ལ་ཞི་བདེ་དོན་གཉེར་སླེབས་ངེས་རེད། ང་རང་ཚོ་བོད་པ་མང་བ་ནང་པའི་ཆོས་བྱེད་ཀྱི་ཡོད། ཆོས་ཀྱི་གནས་ཚུལ་གྱི་ཐོག་ནས་བསམ་ཚུལ་དེ་དག་ཤེས་ན་ཁྱད་པར་ཞིག་མི་འདུག་གམ། ཁྱེད་རང་ཚོས་དོ་སྣང་བྱེད་ཀྱི་རེད་བསམས་ནས་ངས་ཞོར་འཕྲོས་སུ་བརྗོད་པ་ཡིན།

ཉ༽ ཆོས་རིག་གི་ཁྱད་ཡོན་དང་། འཛམ་གླིང་གི་དོ་སྣང་།

དེ་ལྟའི་བསམ་བློ་གཏོང་སྐབས་གཞི་ནས་ང་ཚོ་བོད་པར་བློ་ཁོག་ཅིག་དང༌། སྤོབས་པ་ཞིག་སླེབས་ཡོང་གི་འདུག ནང་པའི་གཞུང་ནས་བཤད་པའི་སེམས་ལ་བཟོ་བཅོས་རྒྱག་སྟངས་དང༌། སེམས་དུལ་བ་བཟོ་སྟངས། རྩ་རླུང་ཐིག་ལེའི་ཉམས་ལེན་གྱི་ཐོག་ནས་གཟུགས་པོའི་ནང་སྒྱུར་བཅོས་འགྲོ་སྟངས་དེ་དག་དཔེ་ཆའི་ནང་བཤད་པ་གཅིག་པུ་མིན་པར་དེང་སང་དངོས་སུ་མཐོང་རྒྱུ་ཡོད། ནང་སེམས་འདུལ་ཐབས་ཉམས་ལེན་གྱི་རིམ་པ་དེ་དག་ལ་བརྟེན་ནས་མི་གཤིས་རྒྱུད་བཟང་བ་དང༌། བག་ཕེབས་པ། དུལ་བ་ཡོང་རྒྱུ་ཡོད་པ་མཐོང་གསལ་རེད། ཡང་སྒོམ་དང༌། རྩ་རླུང་ཐིག་ལེའི་ཐབས་ཤེས་བྱས་ནས་གཟུགས་པོའི་ནང་སྒྱུར་བཅོས་ཇི་འདྲ་ཐེབས་ཀྱི་ཡོད་མེད། གཟུགས་པོའི་འབྱུང་བའི་འགྲོ་སྟངས་འགྱུར་བ་ཇི་འདྲ་འགྲོ་གི་ཡོད་མེད་བྱ་བྲལ་བ་ཉམས་ལེན་བྱེད་མཁན་ཁ་ཤས་ལ་དངོས་སུ་ཉམས་མྱོང་ཡོང་གི་ཡོད།
དེ་ནི་ང་རང་ཚོས་ནང་ཚགས་བཤད་པ་ཙམ་མིན་པར་བར་ལམ་ཨ་རི་ནས་ཡིན་པའི་ཚན་རིག་པ་ངོ་ཤེས་པ་ཁ་ཤས་དངོས་སུ་དྷ་རམ་ས་ལར་ཐེངས་འགའ་ཤས་ཡོང་སྟེ་འཕྲུལ་འཁོར་འདྲ་མིན་གྱི་ཐོག་ནས་ཐེངས་འགའ་ཤས་བརྟག་དཔྱད་བྱས་པ་རེད། ཁོང་ཚོས་སྤྱིར་བཏང་དང་མི་འདྲ་བ་ཞིག་མཐོང་གི་འདུག་ལ། དོན་གཉེར་བྱེད་ཀྱི་འདུག ཚན་རིག་པ་སོགས་ཀྱི་བརྟག་དཔྱད་བྱེད་མཁན་དེ་དག་གིས་ཆོས་ཁས་བླངས་ནས་བཤད་པ་མིན། ཁོ་རང་ཚོ་ཚན་རིག་པ་རང་གི་ཐོག་ནས་བློ་གཟུ་བོར་གནས་པའི་སྟེང་ནས་བརྟག་དཔྱད་ཞིབ་འཇུག་བྱེད་ཀྱི་ཡོད། དེ་ལྟ་བུའི་ཆ་ནས་ང་ཚོ་བོད་པ་ཚོར་འཛམ་གླིང་འདིའི་སྒང་ལ་དམིགས་བསལ་དོ་སྣང་ཞིག་སླེབས་ཀྱི་ཡོད། ང་ཚོས་རིག་པ་བསྒྲིམས་ནས་ཤུགས་ཤིག་རྒྱག་ཐུབ་ན། ང་ཚོར་དོ་སྣང་གསར་པ་ཞིག་ཏན་ཏན་སླེབས་ཐུབ་རྒྱུ་རེད། ང་ཚོར་སྙིང་རྗེའི་ཡུལ་དུ་བལྟས་པ་ཙམ་མིན་པར་བོད་པར་དེ་སྔ་ཕན་ཆད་འཛམ་གླིང་འདིའི་སྟེང་དུ་གྲགས་མ་མྱོང་བ་དང༌། ཐོས་མ་མྱོང་བའི་གནས་ཚུལ་མང་པོ་ཞིག་བོད་པའི་རིག་གཞུང་གི་ཐོག་ནས་མཐོང་ཐུབ་པ་ཞིག་ཡོང་བཟོ་འདུག
དེ་བཞིན་བོད་པའི་སྨན་ལ་ཆ་བཞག་ན་ཡང་དམིགས་བསལ་ཞིག་ཆགས་ཡོད། ང་ཚོས་ཕྱོགས་གང་ཅིའི་ཐོག་ནས་རིག་པ་བསྒྲིམས་ཏེ་གཟབ་གཟབ་ཅིག་བྱེད་ཐུབ་ན། ང་ཚོ་བོད་པར་མིས་དོ་སྣང་སླེབས་རྒྱུའི་ཆ་རྐྱེན་མང་པོ་ཡོད། སྤྱིར་བཏང་མི་གཞན་དང་མི་འདྲ་ཞིང་། བཙན་བྱོལ་བ་གཞན་དག་དང་མི་འདྲ་བ་འདི་འདྲའི་གནད་འགག་འདུག དེ་དག་བོད་པའི་རིག་གཞུང་གི་ཁྱད་ཆོས་རེད། བོད་པའི་རིག་གཞུང་ལ་དོ་སྣང་བྱེད་དགོས་པའི་སྐོར་ལོ་གཅིག་ང་ཚོ་ཚོགས་འདུའི་སར་ཡང་སྐད་ཆ་བྱུང་བ་ལྟར་ཡིན། ཚང་མས་ཧུར་ཐག་བྱེད་དགོས། གཟབ་གཟབ་བྱེད་དགོས། བཀྲ་ཤིས་བདེ་ལེགས་ཡོད། ཅེས་བཀའ་སློབ་སྩལ།། །།