༄༅། །ཕྱི་ལོ་ ༡༩༨༣ ཟླ་ ༡༠ ཚེས་ ༩ ཉིན། ལྡི་ལིར་གཞོན་ནུའི་ཚོགས་འདུར་སྩལ་བའི་བཀའ་སློབ།

ཀ༽ གཞོན་སྐྱེས་ཀྱི་གལ་གནད་དང་། གཞིས་བྱེས་ཀྱི་གྲུབ་འབྲས།

ཁྱེད་རང་ཚོས་ཚོགས་འདུ་འཚོགས་པ་ཡག་པོ་བྱུང་ཡོད་ལ། གཞི་རྩ་ང་རང་ཚོ་མིའི་ལུང་པར་སླེབས་ནས་ལོ་གང་འཚམ་ཕྱིན་པ་རེད། མིའི་ལུང་པར་སླེབས་ནས་སྐྱེས་པ་དེ་རིགས་ད་ཆ་ཕྲུ་གུའི་ཕ་མ་ཆགས་པའི་དུས་ཚོད་ཕྱིན་ཡོད་ཀྱང་། ང་རང་ཚོ་རྩ་བའི་བོད་པ་ཟེར་བའི་མིང་བརླག་རྒྱུའི་ཚབ་ལ་ད་དུང་ཤུགས་ཇེ་ཆེར་འགྲོ་གི་ཡོད། དེ་ནི་གཙོ་བོ་བོད་ནང་གི་མི་མང་ཚོ་དངོས་གནས་སེམས་ཤུགས་ཆེན་པོ་དང༌། མཁྲེགས་པོ་བྱས་ནས་བསྡད་ཡོད་པ་དང༌། ང་རང་ཚོ་མིའི་ལུང་པར་ཡོད་མཁན་རྣམས་ནས་ཀྱང་གང་ཡོང་ཅི་ཡོང་གི་སེམས་ཤུགས་འཁྱེར་ཏེ་ཐབས་ཤེས་སྒོ་གང་ས་ནས་བྱས་པའི་འབྲས་བུ་ཆགས་ཡོད།
ལྷག་དོན་གཞོན་ནུ་ཚོར་ཆ་བཞག་ན། མིའི་སྤྱི་ཚོགས་གང་དུ་ཡིན་ནའང་གཞོན་ནུ་ཟེར་བ་དེ་གལ་ཆེན་པོར་བརྩི་བཞིན་ཡོད། དེའི་ཐོག་ལ་ང་རང་ཚོ་བོད་པ་གཞོན་སྐྱེས་མང་པོ་ཞིག་ནི་སྐྱེས་ས་ཡང་མིའི་ལུང་པར་སྐྱེས་པ་དང༌། གང་ལ་གང་འཚམ་ཞིག་སྐྱེས་ས་བོད་ལུང་པར་སྐྱེས་ཀྱང༌། འཚར་ལོངས་བྱེད་ས་དེ་མིའི་ལུང་པར་བྱས་པར་བརྟེན། རང་བཞིན་གྱིས་བསམ་བློའི་ནང་སོ་སོའི་ལུང་པའི་གནས་སྟངས་དེ་དག་ག་ལེར་མི་གསལ་དུ་མི་གསལ་དུ་འགྲོ་བའི་ཉེན་ཁ་ཡོད་ན་ཡང༌། ང་རང་ཚོ་བོད་པའི་གཞོན་སྐྱེས་ཚོའི་ནང་ལ་བོད་སྤྱི་པའི་སེམས་ཤུགས་མ་བརླག་པར་སྡོད་ཐུབ་པར་བརྟེན། རྒྱ་མིའི་ངོས་ནས་ཀྱང་ཕྱི་རྒྱལ་ལ་ཡོད་པའི་བོད་པའི་གཞོན་ནུ་ཞེས་ལོག་སྤྱོད་ལོག་ནག་ལ་བརྩི་གི་ཡོད། ང་རང་ཚོའི་ངོ་ཤེས་པ་ཕྱི་རྒྱལ་གྱི་མི། དཔེར་ན། ཉེ་ཆར་རང་སུའི་ཛ་ལན་ཌི་དང༌། འཇར་མན་ཁུལ་ལ་སྔོན་མ་ནས་ངོ་ཤེས་པའི་གྲོགས་པོ་རྙིང་པ་དེ་འདྲ་ཐུག་སྐབས། ཁོང་ཚོས་བོད་པའི་ཕྲུ་གུ་ཚོ་ལོ་དེ་ཙམ་ཕྱིན་ནའང༌། སོ་སོའི་མི་རིགས་ཀྱི་སེམས་ཤུགས་བརྟན་པོ་བསྡད་པ་ཧ་ཅང་ཡག་པོ་རེད་ཅེས་བསྔགས་བརྗོད་བྱེད་ཀྱི་འདུག དེ་དག་གི་ཆ་ནས་ང་རང་ཚོས་བྱས་རྗེས་གང་ལ་གང་འཚམ་དངོས་གནས་བཞག་ཡོད། དེ་ལ་ཐུགས་རྗེ་ཆེ་ཟེར་གྱི་ཡིན། ད་དུང་ཡང་ཚང་མས་ཧུར་ཐག་འབད་ཐག་བྱེད་རོགས་བྱེད་ཟེར་རྒྱུ་ཡིན།
འཛམ་གླིང་ནང་བཙན་བྱོལ་བ་མང་པོ་ཡོད་ལ། བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་ཙམ་ཞིག་བོད་པས་སྡོད་ཐུབ་པ་རེད། རྒྱ་མིའི་ངོས་ནས་གདུག་རྩུབ་དང་ཡ་ང་སྙིང་རྗེ་མེད་པའི་ཐོག་ནས་མཐའ་གཅིག་ཏུ་བོད་པ་ནག་བསུབ་རྡོག་རོལ་གཏོང་རྒྱུའི་ཐབས་ཤེས་འབད་བརྩོན་དང༌། ཕྱི་བྱུགས་ནང་བླུག་གང་ཞིག་བྱས་ཀྱང༌། དེ་དག་ལ་ནུས་འབྲས་མ་ཐོན་པར་ཕམ་ཉེས་འགྲོ་གི་ཡོད། དེ་ནི་ང་ཚོའི་བྱས་རྗེས་ཤིག་རེད། དེ་ཡང་བོད་པས་རྒྱ་མིའི་ཐོག་ལ་རྒྱབ་སློག་ནས་སྡོད་ཐུབ་ཙམ་ཞིག་ལས། རང་ངོས་ནས་བྱས་རྗེས་དང་གྲུབ་འབྲས་བསྟན་རྒྱུ་གང་ཡང་མེད་ན་དེ་འདྲ་ཞིག་རེད། ང་ཚོ་དེ་ལྟར་མིན།
བོད་ནང་ལ་རྒྱ་མིའི་བཙན་དབང་མནར་གཅོད་ཀྱི་འོག་ལ་གཡོ་འགུལ་བྱེད་ས་དང༌། འཕགས་ཚག་རྒྱག་ས་གང་ཡང་མེད་རུང༌། ང་རང་ཚོ་རང་དབང་ལུང་པའི་ནང་ལ་སླེབས་མཁན་བོད་པ་ཚོས་ད་ལྟ་བར་དུ་ལོ་ཉི་ཤུ་རྩ་ལྔ་ཙམ་ཞིག་གི་རིང་ལ་མིའི་ལུང་པར་གང་འདྲ་བྱས་ནས་བསྡད་ཡོད་དམ། ང་ཚོར་དཔལ་འབྱོར་དང༌། སློབ་སྦྱོང་གི་ཆ་རྐྱེན། ཉམས་མྱོང་རྒྱུས་མངའ་མེད་མཁན་ཞིག་ཡིན་ན་ཡང་སོ་སོའི་ལྟོ་གོས་ཀྱི་ཐོག་ལ་སྤྱིར་བཏང་ཡིན་ན་མགོ་གྲུང་ཐག་ཆོད། གཞིས་ཆགས་ལྟ་བུའི་འཚོ་བའི་རྟེན་ཁུངས་མེད་མཁན་ཚོ་ཡིན་ན་ཡང༌། གང་ལྟར་ཕར་ཚུར་ཚོང་རྒྱག་པ་དང་། ལས་ཀ་ཙག་ཙིག་སོགས་བྱས་ནས་ལྟོ་གོས་འགྲིགས་ངེས་ཡོད།
ཡང་ལྟོ་གོས་ཐོག་མགོ་གྲུང་པོ་ཡོད་ཀྱང༌། མ་རབས་སྤྱོད་ངན་གྱི་ལྟོ་གོས་འཚོལ་མཁན་ཞིག་ཡིན་ན་དེ་ལ་ངོ་མཚར་ཆེ་རྒྱུ་གང་ཡང་མེད། ང་ཚོ་དེ་ལྟར་མིན་པར་ལྟོ་གོས་མགོ་གྲུང་པོ་དང༌། ཐབས་ཤེས་གང་ཡོང་བྱེད་ཐུབ་པའི་ཐོག་ལ་ཡང་མིའི་མཚན་ཉིད་ཚང་ཞིང་། མི་ཡ་རབས་དང་སྤྱོད་བཟང༌། གཞུང་བཟང་པོ། རིགས་བརྩི་ས་ཡོད་པ་དེ་འདྲ་ཞིག་ཆགས་ཡོད། གང་ལྟར་རྒྱ་གར་གྱི་གྲོགས་པོ་ངོ་ཤེས་པའི་རིགས་དང༌། དེ་བཞིན་ཕྱི་རྒྱལ་གྱི་མི་དེ་འདྲས་ཤོད་ཀྱི་འདུག བོད་པ་ཚོ་ཆ་འཇོག་འཕེར་བ་དང༌། གདོང་བརྟན་པོ། ལས་རྒྱུ་འབྲས་ཀྱི་ཐོག་ནས་རིགས་བརྩི་ས་ཡོད་པའི་མི་ལ་ངོས་འཛིན་བྱེད་ཀྱི་ཡོད།
དེའི་ཐོག་ལ་སྤྱི་པའི་དོན་དག་གི་སྤྱི་སེམས་ཤིག་ཡིན་ནའང་ཡག་ཐག་ཆོད་རེད། ང་རང་ཚོ་བོད་མི་འདུས་སྡོད་ཡོད་སའི་ས་ཁུལ། དཔེར་ན། རྒྱ་གར་ཤར་ཕྱོགས་དང༌། དེ་མིན་བོད་མིའི་གཞིས་ཆགས་ཡོད་ས་དེ་ཚོའི་གྲས་ལ་ས་གནས་ཀྱི་ཡུལ་མི་དེ་ཚོའི་གྲས་རྗེས་ལུས་ཀྱི་རྣམ་པ་ཆེན་པོ་ཡོད་པ་དེ་ཚོའི་ཐོག་ལ་ས་གནས་རྒྱ་གར་གྱི་ལས་བྱེད་པ་ཚོས་ས་གནས་ཡུལ་པ་ཚོར་འཛུགས་སྐྲུན་བྱེད་སྟངས་དང༌། ཡར་རྒྱས་ཀྱི་སྐུལ་སློང་བྱེད་སྐབས་བོད་པ་མིག་དཔེར་སྟོན་གྱི་ཡོད། བོད་པ་ཚོ་བོད་ནས་ཡོང་བའི་མི་རེད། ཁོང་ཚོ་ཐོག་མར་ཡོང་སྐབས་གང་ཡང་མེད་པའི་སྐྱོ་པོ་ཤ་སྟག་རེད། སོ་སོས་དཀའ་ལས་བརྒྱབ། སོ་སོས་ངལ་རྩོལ་བྱས་ཏེ་ད་ཆ་གྲུབ་འབྲས་དེ་ལྟར་ཐོན་པ་རེད། བོད་པ་ཚོར་དཔེ་ལྟོས་ཞེས་ཤོད་ཀྱི་འདུག
ང་རང་ཚོ་བོད་མི་གཞིས་ཆགས་ཀྱི་སྒྲིག་འཛུགས་ཡོད་པའི་ས་ཆ་དེ་ཚོའི་གྲས་ནས་རྒྱ་གར་གྱི་ལུང་པ་སྤྱི་ཡོངས་ཡར་རྒྱས་འགྲོ་རྒྱུའི་ཐོག་ལ་བོད་པས་ཞལ་འདེབས་རྒྱག་གི་ཡོད་ལ། སྤྱི་ཡོངས་ཀྱི་ཐོག་ནས་ང་ཚོ་མིའི་ལུང་པར་སླེབས་ནས་བོད་པའི་མིང་མ་བརླག་པ་ཞིག་དང༌། བོད་པའི་ཆོས་དང་རིག་གཞུང་མ་བརླག་པར་མུ་མཐུད་ནས་འཛིན་ཐུབ་པ། སོ་སོ་སྒེར་གྱི་ལྟོ་གོས་ཐབས་འཚོལ་མགོ་གྲུང་པོ་དང་ཆབས་ཅིག་ཡ་རབས་སྤྱོད་བཟང་དེ་ཡང་མ་བོར་བ། བོད་སྤྱི་པའི་དོན་དག་ལ་ཡང་གྲུབ་འབྲས་མཛུབ་མོ་འཛུགས་ས་ཡོད་པ་ཞིག་ང་ཚོ་བོད་པས་སྒྲུབ་ཐུབ་ཡོད། རང་ཉིད་ལ་གོ་སྐབས་ཤིག་བྱུང་ན་སོ་སོར་འཇོན་ཐང་ཡོད་པ་ཞིག་དང༌། བྱེད་ཐུབ་ཀྱི་ཡོད་པ་ཞིག་འཛམ་བུ་གླིང་འདིའི་སྒང་ལ་སྟོན་ཐུབ་པ་རེད། དེ་ཡག་པོ་རེད།
བོད་སྤྱི་པའི་སྒྲིག་འཛུགས་ནང་དུ་ལས་ཀ་བྱས་ན་གཞན་དང་མི་འདྲ་བའི་ཟ་རྒྱུ་འཐུང་རྒྱུ་འབེལ་པོ་དང༌། གཞན་དང་མི་འདྲ་བའི་ཕོགས་དང་མིང་ཆེན་པོ་ཐོབ་རྒྱུའི་རིགས་གང་ཡང་མེད། ང་རང་ཚོ་མིའི་ལུང་པར་གནས་སྟངས་སྐྱོ་ཐག་ཆོད་བྱས་ནས་བསྡད་ཡོད། སྔོན་མ་བོད་པ་བཙན་བྱོལ་བ་ཞེས་བོད་པར་ཤ་ཚ་ཡོད་མཁན་ཚོས་སྙིང་རྗེའི་ཡུལ་དུ་བལྟ་གི་ཡོད། ད་ཆ་བོད་པར་མིང་དང་མཐོང་སླེབས་པ་དང༌། མིས་རིན་ཐང་བརྩི་ས་ཡོད་པ་འདི་དག་ང་རང་ཚོས་དཀའ་ལས་བརྒྱབ་ནས་བྱུང་བས་འདི་གྲུབ་འབྲས་ཆེན་པོ་རེད།

ཁ༽ རྒྱ་བོད་ཀྱི་ཞིང་བྲན་དང་། རྒྱུས་མེད་ཧམ་བཟོས།

ཁ་སང་གསུམ་བཅུའི་དུས་དྲན་གྱི་སྐབས་ལ་ཤོད་རྒྱུ་བྱུང༌། རྒྱ་མིའི་ངོས་ནས་བོད་རྗེས་ལུས་དང༌། བོད་པས་འཇོན་གྱི་མེད་སྟབས་རོགས་རམ་བྱེད་པར་ཡོང་བ་ཡིན་ཟེར་གྱི་ཡོད་པ་དེ་ལ་ང་ཚོའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལན་འདེབས་བྱེད་ཐུབ་ཀྱི་ཡོད། རྒྱ་མི་མ་ཡོང་གོང་ལ་བོད་ཀྱི་སྤྱི་ཚོགས་དེ་རྗེས་ལུས་རེད་ཟེར་གྱི་ཡོད་ཀྱང༌། མདོ་དོན་སྙིང་པོ་མི་ལ་ལྟོ་གོས་འབེལ་པོ་ཡོད་པ་ཞིག་དང༌། སེམས་ལ་བདེ་སྐྱིད་ཡོད་པའི་སྤྱི་ཚོགས་ཤིག་རེད། དེ་རྩ་དོན་ཡིན། བོད་ལ་མོ་ཊ་མེད་ལ། འཕྲུལ་འཁོར་གྱི་ལམ་ཁའི་རིགས་མེད་ཀྱང༌། ལྟོ་གོས་འདང་ངེས་ཡོད་ལ། སེམས་ལ་དངངས་སྐྲག་མེད་པར་རང་དབང་བྱས་ནས་སྡོད་ཀྱི་ཡོད།
རྒྱ་མིའི་སྤྱི་ཚོགས་རྙིང་པའི་ནང་ལ་མི་ཕོ་ཆེན་བཟོ་གི་ཡོད་པ་དང༌། རྒྱ་མོ་རྐང་རིལ་ཡང་བཟོ་གི་ཡོད། ང་ཚོ་བོད་པའི་སྤྱི་ཚོགས་རྙིང་པའི་ནང་ལ་དེ་འདྲའི་ལོ་རྒྱུས་གོ་རྒྱུ་མེད། ཞིང་བྲན་ལམ་ལུགས་ཟེར་བའི་མིང་ཚིག་དེ་བོད་ནང་གི་སྤྱི་ཚོགས་རྙིང་པ་དེ་དང༌། ཕྱི་རྒྱལ་ལ་ཡོད་པའི་སྤྱི་ཚོགས་རྙིང་པ་ལ་བེད་སྤྱོད་བྱེད་སྟངས་གཅིག་པ་ཡིན་ན་ཡང༌། དོན་གྱི་གནས་སྟངས་ལ་ཞིབ་འཇུག་བྱས་ན་ཁྱད་པར་ཆེན་པོ་ཡོད། གནས་ཚུལ་དེའི་ཆ་ནས་བོད་ཀྱི་སྤྱི་ཚོགས་རྙིང་པ་དེ་སྡུག་བསྔལ་མུན་ནག་ལས་བཅིང་འགྲོལ་གཏོང་དགོས་པ་དེ་འདྲ་མིན།
དེ་བཞིན་ང་རང་ཚོ་བོད་པ་ཡ་རབས་པོ་ཡིན་ན་ཡང༌། འཇོན་ཐང་མེད་པས་རོགས་རམ་མ་བྱས་ན་རང་འཚོ་ཟིན་མི་ཐུབ་པ་དེ་འདྲ་ཡང་མིན། རྒྱ་མི་ཁོ་རང་ཚོར་རྒྱུས་མངའ་གང་ཡང་མེད་པ། སྐད་ཡིག་དང༌། མི་རིགས། གོམས་གཤིས་ཐ་དད་ཡིན་པའི་བོད་དང༌། ཤིན་ཅང༌། སོག་པོ་སོགས་ལུང་པ་གཞན་དག་ལ་ཡར་རྒྱས་ཀྱི་རྒྱུས་ཡོད་བྱེད་རྒྱུ་དང༌། རོགས་རམ་བྱེད་རྒྱུ་བཞག་ནས། རྒྱ་མི་ཁོ་རང་ཚོར་ཆ་རྒྱུས་ཡོད་སའི་རྒྱ་ནག་ལུང་པའི་ནང་ལ་ཡར་རྒྱས་ཡག་པོ་བཏང་ན་འགྲིགས།
ད་ཕན་ལོ་སུམ་ཅུ་སོ་གྲངས་འདིའི་རིང་ལ་སྐབས་རེ་རྐང་པ་གཡས་པ་སྔོན་ལ་སླེབས་དྲགས་པ་དང་། ཡང་ན་རྐང་པ་གཡོན་པ་སྔོན་ལ་སླེབས་དྲགས་པ། གང་ལྟར་ཡང་སྙིང་གཅིག་བྱེད་དུས་རིང་དྲགས། གཅིག་བྱེད་དུས་ཐུང་དྲགས་ཏེ་གང་ལྟར་ཆ་མ་སྙོམས་པའི་ཟང་ཟིང་ངང་ནས་ལོ་དེ་དག་བསྐྱལ་བ་རེད། རྒྱ་མི་ཁོ་རང་ཚོར་རྒྱུས་མངའ་ཡོད་སའི་རྒྱ་ནག་ལུང་པའི་ནང་ལ་ཁ་ཐབས་དེ་ལས་མེད་པར། སོ་སོར་རྒྱུས་མངའ་མེད་སའི་མི་རིགས་གྲངས་ཉུང་གི་ལུང་པའི་ནང་ལ་ཡར་རྒྱས་གཏོང་རྒྱུ་ཁག་པོ་རེད།
ང་རང་ཚོ་བོད་པར་གོ་སྐབས་ཤིག་སྤྲད་ན་ང་ཚོས་བྱེད་མི་ཐུབ་པ་གང་ཡང་མེད། དཔེར་ན། ང་ཚོ་རང་གི་ལུང་པ་བྲལ་ནས་མི་ཡུལ་གྱི་ས་ཆ་ཞིག་ལ་ང་ཚོས་སོ་སོའི་འཚོ་གོས་ཀྱི་དཀའ་ངལ་སེལ་ཐུབ་པ་ཞིག་དང༌། མི་རིགས་ཀྱི་རྣམ་པ་འཛིན་ཐུབ་པ། ཆོས་དང་རིག་གཞུང་གི་རྩ་བ་དེ་དག་འཛིན་ཐུབ་པ་ཞིག་ང་ཚོས་བྱེད་ཐུབ་ཡོད། ང་ཚོས་སྐད་ཆ་བཤད་མིན་ལ་མ་ལྟོས་པར་ལག་ལེན་ངོ་མའི་ཐོག་ནས་རྒྱ་མི་བོད་ལ་ཡོང་དགོས་དོན་མེད་པའི་རྒྱུ་མཚན་གསལ་པོ་ང་ཚོས་བསྟན་ཡོད། རྒྱ་མི་ཁོ་རང་ཚོའི་ཁེ་གྱོང་ལ་ཐུག་ནས་བོད་ལ་བསྡད་པའི་གནས་ཚུལ་ཞིག་ངོས་ལེན་བྱས་ན་མ་གཏོགས། བོད་པར་ཤ་ཚ་ནས་རྒྱ་མི་བོད་ལ་ཡོང་དགོས་དོན་མེད་པ་ཞིག་ཆགས་ཡོད།
གཙོ་ཆེ་ཤོས་བོད་ནང་ལ་ཡོད་པའི་མི་མང་ལ་མཚོན་ན། དངོས་གནས་སྐད་ཆ་བཤད་ལེགས་ཉེས་ཤིག་དང༌། རྣམ་འགྱུར་སྟོན་ལེགས་ཉེས་ཤིག་ལ་ཁང་པའི་ནང་བསྔོག་བཤེར་བྱེད་མཁན་སུ་སླེབས་ཡོང༌། ལག་པར་ལྕགས་ཐག་བརྒྱབ་ནས་འཁྲིད་མཁན་ད་ལྟ་སུ་སླེབས་ཡོང་བསམ་པའི་དངངས་སྐྲག་བྱེད་དགོས་པའི་ས་ཆའི་ནང་ནས་སེམས་ཤུགས་དེ་ལྟ་བུ་བསྐྱེད། དཀའ་ངལ་དེ་འདྲ་ཞིག་བརྒྱབ། དངོས་གནས་སོ་སོའི་སྲོག་ལ་ཡ་ང་བག་ཚ་མེད་པའི་བྱ་སྤྱོད་སྤེལ་གྱི་ཡོད། ང་རང་ཚོ་མིའི་ལུང་པར་སྡོད་མཁན་འདི་དག་མི་རིགས་གཅིག་དང༌། བོད་སྤྱི་པའི་དོན་དག་གི་འགན་འཁུར་ཡོད་པ་གཅིག་གྱུར་ཡིན། དེའི་ཐོག་ལ་ཆ་རྐྱེན་གང་ཡོད་ཅེ་ན། ང་ཚོ་རང་དབང་ལུང་པའི་ནང་ལ་བསྡད་ཡོད། ང་ཚོས་གཡོ་འགུལ་བྱས་ན་འཛིན་བཟུང་བྱས་དོགས་དང༌། བསྔོག་བཤེར་བྱས་དོགས་ཀྱི་དངངས་སྐྲག་བྱེད་དགོས་དོན་མེད། ང་ཚོས་སྤྱི་དོན་གང་ཡང་བྱས་ཆོག་པའི་གོ་སྐབས་དང༌། འོས་བབས་ཡོད་པར་བརྟེན། ང་ཚོ་སེམས་ཤུགས་ཆག་ཐབས་རྩ་བ་ཉིད་ནས་མེད། ང་ཚོས་ཡ་རབས་དང༌། ལས་རྒྱུ་འབྲས་ཀྱི་བསམ་བློ་བཏང་ནས་བོད་སྤྱི་དོན་ཐོག་སེམས་ཤུགས་བསྐྱེད་དགོས། ད་ལྟ་བར་དུ་ཧུར་ཐག་བྱས་པ་རེད། ད་དུང་ཡང་ཧུར་ཐག་བྱེད་རོགས་ཟེར་རྒྱུ་ཡིན།

ག༽ ཡ་རབས་སྤྱོད་བཟང་དང་། ༸རྒྱལ་བའི་དགོངས་གཞི།

ངོས་ནས་རྟག་ཏུ་བརྗོད་ཀྱི་ཡོད་སྟབས་ཁྱེད་རང་ཚོ་བསུན་སྣང་ཡོང་ཤས་ཆེ། འོན་ཀྱང་ངོས་ནས་མ་བཤད་པར་སྡོད་ཐབས་མི་འདུག ང་རང་ཚོ་མི་ཡིན་པའི་ཆ་ནས་ཡ་རབས་བྱེད་རྒྱུ་འདི་ཧ་ལས་པའི་གལ་ཆེན་པོ་ཡིན། དེང་སང་འཛམ་གླིང་འདིའི་ཐོག་ཏུ་ཡར་རྒྱས་ཧ་ལས་པ་ཞིག་ཡོད་ཀྱང༌། ཡར་རྒྱས་དེས་གོ་མ་ཆོད་པར་མི་མང་པོ་སེམས་ཁྲལ་ནང་ལ་ཚུད་པ་དང༌། མི་མང་པོ་དངངས་སྐྲག་ངང་དུ་སྡོད་དགོས་ཀྱི་ཡོད། དེའི་རྩ་བ་གང་གིས་ལན་ནམ་ཞེ་ན། མིས་མི་ལ་བརྩེ་བ་བྱེད་རྒྱུ་དང༌། མིས་མི་ལ་ཤ་ཚ་བྱེད་པའི་ཡ་རབས་སྤྱོད་བཟང་གིས་ཕོངས་ཏེ་སྡུག་བསྔལ་ཡོང་གི་ཡོད། ང་རང་ཚོ་མིའི་ལུས་གཅིག་བླངས་ཡོད། མི་ལུས་བླངས་པ་འདིའི་རིང་ལ་ཡ་རབས་ཀྱི་བསམ་པ་ཞིག་འཁྱེར་ཏེ་ཡ་རབས་ཀྱི་སྤྱོད་པ་ལ་ཞུགས་པ་དང་། སེམས་བཟང་པོ་དང་སེམས་རྒྱུད་དུལ་པོ་བྱེད་དགོས། དེ་དང་འབྲེལ་བའི་ཡ་རབས་སྤྱོད་བཟང་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད།
སྐབས་རེ་མི་མ་རབས་ཀྱིས་མགོ་བདེ་དྲན་འཕྲུལ་བྱས་ན་འཕྲལ་སེལ་ཁེ་ཕན་ཕྲན་བུ་ཡོང་སྲིད་ཀྱང་། མི་དེའི་སེམས་ནང་སྐྱིད་པོ་གང་ཡང་མེད། ཡ་རབས་ཀྱི་ཐོག་ནས་མི་ཚེ་བསྐྱལ་ན་ཕྲན་བུའི་དཀའ་ངལ་བྱུང་ཡང༌། རང་ཉིད་ཀྱི་སེམས་ནང་གནོང་འགྱོད་གང་ཡང་མེད་སྟབས་སེམས་སྐྱིད་པོ་ཡོང་གི་རེད། དཔེར་ན་ང་རང་ལ་ཆ་བཞག་ན། ཡུལ་ཕྱོགས་མང་པོར་འགྲོ་གི་ཡོད་པ་དང༌། མི་འདྲ་མིན་སྣ་ཚོགས་ཐུག་འཕྲད་ཡོང་གི་ཡོད། ལུང་པ་གསར་པ་གང་འདྲ་ཞིག་ལ་ཕྱིན་ཀྱང༌། མི་གཅིག་མི་ཡུལ་ནས་མི་ཡི་ཡུལ་ཞིག་ལ་འགྲོ་གི་ཡོད་བསམ་པ་དང༌། ལྟ་བ་མི་འདྲ་བ། ཆོས་ལུགས་མི་འདྲ་བ། གོམས་གཤིས་མི་འདྲ་བ། མི་རིགས་མི་འདྲ་བ་གང་ཞིག་ཐུག་ཀྱང་ཐམས་ཅད་མི་ཡིན་པ་གཅིག་པ་རེད། བདེ་བ་འདོད་པ་དང༌། སྡུག་བསྔལ་མི་འདོད་པ་གཅིག་པ་རེད། གཞི་རྩ་དེའི་ཐོག་ནས་མི་དང་མི་ནང་ཁུལ་ཐུག་གི་ཡོད་བསམ་པའི་ཀུན་སློང་དེ་འདྲ་ཞིག་འཁྱེར་ནས་བསམ་པ་རྣམ་དག་གིས་ཐུག་འཕྲད་བྱེད་ཀྱི་ཡོད།
སྤྱིར་བཏང་བཤད་ན་ཁོང་ཚོས་དགའ་པོ་བྱེད་ཀྱི་འདུག གྲོགས་པོ་དང་ཉེ་པོ་ཆགས་ཀྱི་འདུག དེ་ལྟར་བྱེད་དགོས་དོན་ནི། ང་དགེ་སློང་བསྟན་འཛིན་རྒྱ་མཚོར་མིང་གྲགས་བྱུང་ན་བསམ་པ་དང༌། ཟ་རྒྱུ་འཐུང་རྒྱུ་འབེལ་པོ་བྱུང་ན་བསམ་པའི་ཐོག་ནས་བྱས་པ་མིན། ང་རང་ངོས་ནས་སྤྱིར་ནང་པ་སངས་རྒྱས་པའི་ཆོས་དང༌། ཡང་སྒོས་ཐེག་པ་ཆེན་པོའི་ཆོས་ཀྱི་ནང་བྱམས་སྙིང་རྗེ་རྩ་བར་གྱུར་པའི་གཞན་ཕན་བྱང་ཆུབ་ཀྱི་སེམས་ཟེར་བ་དེ་ལ་ཡིད་ཆེས་ཡོད། ཉམས་ལེན་བྱེད་ཀྱི་ཡོད། ཉམས་ལེན་བྱེད་སྟངས་གདན་གྱི་སྒང་ལ་བསྡད་ནས་སྨོན་ལམ་བཏབ་པ་དེ་ཁ་ཞེ་གཉིས་མེད་ཡིན་ན། གོ་སྐབས་ཡོང་བའི་སྐབས་ལ་མི་དང་མིའི་བརྩེ་བ་དང༌། མི་དང་མིའི་ཕན་སེམས་དངོས་སུ་ལག་ལེན་འགེལ་དགོས་པ་ཞིག་རེད་བསམ་པ་དེ་འདྲ་ཞིག་གི་ཐོག་ནས་ཚང་མར་བསམ་པ་རྣམ་དག་གི་ཐོག་ནས་གང་ཕན་ཅི་ཕན་བྱེད་ཀྱི་ཡོད།
ང་རང་ཚོའི་ཆོས་སྐད་ཀྱི་ནང་ལ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཟེར་གྱི་ཡོད་པ་དེ་ནི་སེམས་ཀྱིས་སྦྱོང་རྒྱུ་ལས་དོན་དངོས་ལག་ལེན་ཐོག་ཁག་པོ་རེད། དངོས་སུ་ལག་ལེན་འགེལ་ཐུབ་པ་ནི། འཛམ་བུ་གླིང་འདིའི་སྒང་ལ་ང་ཚོ་མཉམ་དུ་བསྡད་པའི་མི་བདེ་བ་འདོད་པ་དང༌། སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་པ་འདི་རྣམས་ལ་ཚིག་སྐམ་པོ་གཅིག་ལས་མ་བྱུང་ཡང་ཕན་པ་སྒྲུབ་རྒྱུ་བྱུང་ན་དེ་འགྲིགས་པ་རེད། ང་རང་གིས་ཀུན་སློང་འཁྱེར་སོ་དེ་འདྲ་ཞིག་གི་ཐོག་ནས་མི་ཐུག་འཕྲད་དང༌། སྐད་ཆ་ཤོད་ཀྱི་ཡོད། དེས་སོ་སོའི་བསམ་བློའི་ནང་ལ་བདེ་སྐྱིད་མང་བ་དང༌། བག་ཕེབས་པ་ཡོང་གི་འདུག

ང༽ ༸རྒྱལ་བའི་ལམ་སྟོན་དང་། བོད་འབངས་ཀྱི་ཞུ་སྒོ།

ང་རང་ཚོ་བོད་ནང་ལ་༸རྒྱལ་བ་རིན་པོ་ཆེ་བོད་པའི་འགོ་ཁྲིད་ལྟ་བུ་ཞིག་ཆགས་བསྡད་ཡོད། དེ་ནི་ལོ་རྒྱུས་བཤད་པ་ཙམ་མིན་པར། ད་ལྟའི་དངོས་ཡོད་གནས་ཚུལ་ལ་ང་རང་ཚོ་གཅིག་གིས་གཅིག་ལ་སེམས་ཐག་ཉེ་པོ་བྱས་ནས་སྡོད་ཀྱི་ཡོད། ངའི་ངོས་ནས་ཀྱང་ཚང་མར་སེམས་ཐག་ཉེ་པོ་བྱེད་ཀྱི་ཡོད་ལ། ཁྱེད་རང་ཚོ་ཡིན་ན་ཡང་ང་ལ་ཚུར་སེམས་ཐག་ཉེ་པོ་བྱས་ནས་སྡོད་ཀྱི་ཡོད། དེ་ལྟ་བུའི་ཀུན་སློང་དང༌། བསམ་བློ་དེ་གཞིར་བཞག་གི་ཐོག་ནས་སྐད་ཆ་ཤོད་ཀྱི་ཡོད། ང་རང་ཚོ་བོད་རིགས་ནང་ཁུལ་ནས་༸རྒྱལ་བ་རིན་པོ་ཆེས་སྐད་ཆ་དེ་འདྲ་ཤོད་ཀྱི་ཡོད་ཀྱང་། ཞབས་འདྲེན་ང་ཚོས་ཞུས་ཆོག་ཟེར་བ་ལྟ་བུ་བྱས་ན་ཡག་པོ་གང་ཡང་མི་འདུག དཔེར་ན། ངས་ཕྱི་རྒྱལ་ལུང་པར་མི་དེ་འདྲ་ཐུག་སྟེ་སྐད་ཆ་ཤོད་སྐབས་མི་འགའ་ཤས་ཡིད་དབང་འཕྲོག་སྟེ་དངུལ་ཕྲན་བུ་བསགས། བོད་མིར་རོགས་རམ་ཆེད་རྒྱ་གར་ལ་ཡོང་མཁན་ཞིག་བྱུང་ན། ཁོ་རྒྱ་གར་ལ་སླེབས་ནས་བོད་པ་ཚོ་ཐུག་འཕྲད་ཡོང་སྐབས་ཏཱ་ལའི་བླ་མས་ཁ་མཁས་པོ་བཤད་པ་ལས། བོད་པའི་ངོས་ནས་དེ་འདྲ་རང་མི་འདུག་བསམ་པ་དེ་ལྟར་བྱུང་ན་ཡག་པོ་གང་ཡང་མི་འདུག
ད་ལྟ་ཕན་ལོ་ཉི་ཤུ་རྩ་ལྔ་མ་ཟིན་ཙམ་གྱི་རིང་ལ་བོད་པའི་མིང་མ་བརླག་པའི་ཁར་ཕྲན་བུའི་མིང་མཐོང་ཡག་ཏུ་དང་ཆེ་རུ་འགྲོ་བ་འདི་ང་ཚོར་རྒྱུ་དངོས་པོ་འབྱོར་ལྡན་ཡིན་པ་དང༌། ང་ཚོར་དམིགས་བསལ་གྱི་ཤེས་ཡོན་སློབ་སྦྱོང་དང༌། ཉམས་མྱོང་ཅན་གྱི་མི་མང་པོ་ཡོད་པ། པ་ལེ་སི་ཀྲིན་ཟེར་བ་དེ་དག་ལྟར། མིས་དོ་སྣང་སྐྱེས་དགོས་པའི་ལས་ཀ་ཚབས་ཆེན་དེ་འདྲ་ཡང་ཡང་བྱས་པ་སོགས་ཀྱི་ཐོག་ནས་བྱུང་བ་ཞིག་གཏན་ནས་མ་རེད། བློ་གཟུ་བོར་གནས་མཁན་གྱི་མི་ཚོར་འཇོན་ཐང་ཡོད་པ་དང༌། དྲང་པོ་ཡོད་མཁན། མི་ཡ་རབས་ཡིན་པ། ག་དུས་ཡིན་ཀྱང་འཛུམ་ཤིག་ཤིག་བྱས་ནས་སྡོད་མཁན། རང་གི་ལུང་པ་བྲལ་ནས་མིའི་ལུང་པར་དཀའ་ངལ་གྱི་ནང་ལ་ཚུད་ཡོད་ཀྱང༌། རླུང་ལངས་པོ་དང༌། མི་སྲོག་རླུང་འཕར་མཁན་དེ་འདྲ་མིན་པ་ཞིག་ལ་བརྩི་གི་འདུག དེ་འདྲའི་ཐོག་ནས་བོད་པར་དགའ་པོ་བྱེད་པ་དང༌། བོད་པར་མཐོང་ཞིག་སླེབས་ཡོང་གི་ཡོད། ད་བར་བོད་མིའི་ཆེ་མཐོང་དེ་བོད་པའི་ཡ་རབས་སྤྱོད་བཟང་གི་ཐོག་ནས་སླེབས་པར་བརྟེན། འདི་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག

ཅ༽ བཟང་ངན་གྱི་གྲོགས་པོ་དང་། སྲོག་གི་སྙིང་པོ།

ང་རང་ཚོ་མི་སུ་དང་སུ་ཡིན་ནའང་མཐའ་མ་ཤི་རྒྱུ་རེད། ཤི་བའི་ཉིན་མི་སུ་དང་སུ་ཡིན་ནའང་མ་རབས་བྱས་ནས་མི་ཚེ་བསྐྱལ་ན་སེམས་ནང་ལ་སྐྱིད་པོ་ཡོང་ཐབས་མེད། ཆོས་རྒྱ་ཆེན་པོ་ཞིག་བྱེད་ཀྱི་ཡོད་རུང་མེད་རུང༌། གང་ལྟར་ཡང་སྙིང་རང་རང་སོ་སོ་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་ལ་ཉིན་རེ་ཉིན་རེ་སེམས་པ་བཟང་པོ་ཞིག་བྱས་ན་ཕྱི་མར་ཡང་དེས་ཕན་གྱི་རེད། རོགས་པ་ནང་ཚགས་ཚོ་ཡིན་ན་ཡང་དངོས་གནས་རྒྱུ་མཚན་ལྡན་པའི་གྲོགས་པོ་ཞིག་དང༌། རྒྱུ་མཚན་ལྡན་པའི་ངོ་ཤེས་ཤིག་ཡོང་གི་རེད། སོ་སོས་མ་རབས་བྱས་ན་གྲོགས་པོ་ཡོད་ཀྱང༌། དེ་དག་གཅིག་གིས་གཅིག་ལ་མགོ་བརྡུང་རེས་བྱེད་མཁན་ཞིག་ཡོང་རྒྱུ་རེད། ཁོ་ལ་གྲོགས་པོ་བཟོས་ན་རང་ལ་ཁེ་ཕན་གང་འདྲ་ཞིག་ཡོང་བསམ་སྟེ་ཁེ་ཕན་ལ་རྩིས་བརྒྱབ་པའི་གྲོགས་པོ་དེ་རང་བཞིན་སྤྱོད་བཟང་ལྡན་པའི་གྲོགས་པོ་མིན། གྲོགས་པོ་མེད་པའི་གྲོགས་པོ་བྱུང༌། རྡོག་རྡོག་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་པའི་སྐད་ཆ་ཤོད་སྲོལ་ཡོད། སྔར་གྲོགས་པོ་མེད་ས་ཞིག་ལ་སོ་སོར་རྒྱུ་ཅ་ལག་ཕྲན་བུ་མང་དུ་ཕྱིན་པའི་སྐབས་ལ་གྲོགས་པོ་ངོ་ཤེས་གསར་པ་མང་པོ་ཡོང་བ་དེ་དག་རང་ལ་དགའ་ནས་གྲོགས་པོ་བྱས་པ་མིན་པར། རང་གི་རྒྱུ་ནོར་ལ་དམིགས་ནས་གྲོགས་པོ་བྱས་པ་རེད། དེ་འདྲའི་གྲོགས་པོས་ཕན་མི་ཐོགས། ང་རང་ཚོ་མི་ཞིག་ཡིན་པའི་ཆ་ནས་མི་ཚེ་ཡ་རབས་སྤྱོད་བཟང་གི་ཐོག་ནས་བསྐྱལ་རྒྱུ་འདི་མིའི་བདེ་སྐྱིད་ཀྱི་རྩ་བ་ཞིག་ཆགས་ཡོད། འདི་ཤིན་ཏུ་གལ་ཆེན་པོ་རེད།
ང་རང་གི་ངོས་ནས་ཆ་བཞག་ན། ཐེག་པ་ཆེན་པོའི་ཆོས་ནས་བསླབ་བྱ་བཟང་པོ་བཤད་པ་དེ་སོ་སོས་ལག་ལེན་གང་ཐུབ་ཅི་ཐུབ་བྱེད་ཀྱི་ཡོད། དེས་ཕན་ཡོང་གི་འདུག བསོད་ནམས་ཡིན་ནའང་དེས་བསགས་ཡོང་གི་ཡོད། ཚེ་འདི་ལ་ཡང་འདིས་ཕན་གྱི་རེད། ཚེ་ཕྱི་མ་ལ་ཡང་འདིས་ཕན་ཡོང་གི་ཡོད། ནམ་ཞག་གཏན་གྱི་མདུན་མ་དེ་བཟང་པོའི་སྤྱོད་ལམ་གྱི་ཐོག་ནས་འགྲུབ་ཡོང་གི་རེད། ང་ཚོ་བོད་པ་སྤྱི་པའི་དོན་དག་དང༌། རང་རང་སྒེར་སྡེ་སོ་སོའི་ཐོག་ལ་ཡང་འདིས་ཕན་གྱི་ཡོད་པར་བརྟེན་ཁྱེད་རང་ཚོ་ཚང་མས་ཡ་རབས་སྤྱོད་བཟང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དཔེར་ན། རྒྱ་གར་ནང་ལ་ཆ་བཞག་ན། མི་ཡ་རབས་དང༌། མི་མཁས་པ་མང་པོ་ཡོད། སྔོན་བདག་ཅག་གི་སྟོན་པ་ནས་བཟུང་སྟེ་མཁས་པ་དང་གྲུབ་པའི་དབང་ཕྱུག་རིམ་པ་མང་པོ་ཡུལ་འདི་ནས་བྱུང་བ་རེད། དེང་སང་རྒྱ་གར་ནང་ལ་མི་དངུལ་མ་གཏོགས་བསམ་རྒྱུ་མེད་མཁན། ཕར་གྱོང་ཙམ་བྱས་ན་ཚུར་བརྩི་བཀུར་བྱེད་མཁན། དེ་འདྲ་ཁ་ཤས་ཡོང་གི་འདུག དེ་འདྲའི་རིགས་ལ་སྐབས་དང་སྦྱར་བའི་ལན་སློག་སྟངས་ཤེས་དགོས། ཡིན་ནའང་གཞི་རྩའི་རང་གི་ཀུན་སློང་དང༌། རང་གི་ལྟ་བའི་འཁྱེར་སོར་བཟང་པོའི་སྤྱོད་ལམ་ཟེར་བ་འདི་མི་ཚེའི་སྲོག་གི་སྙིང་པོ་ཡིན་བསམ་པའི་ངོས་འཛིན་མ་བརྗེད་པ་བྱེད་དགོས། དཔེར་ན། གཟུགས་པོའི་ན་ཚའི་རྐྱེན་ལ་ལྟོས་ཏེ་སྐབས་རེ་བཙན་དུག་སྨན་དང་སྦྱར་ཏེ་ཟ་དགོས་པ་ཡོང་གི་ཡོད་ཀྱང༌། དེ་རྒྱུ་མཚན་དུ་བྱས་ཏེ་བཙན་དུག་སྨན་ལ་ངོས་འཛིན་བྱེད་སྲོལ་མེད། དཔེ་དེ་བཞིན་དུ་དགོས་པ་དང་བསྟུན་ནས་མི་མ་རབས་ལ་ལན་སློག་དགོས་པ་ཡོང་ངེས་ཡིན། རྩ་བའི་མ་རབས་ཀྱི་བྱ་སྤྱོད་དེ་རྒྱང་ཐག་རིང་པོར་བཞག་རྒྱུ་ལས། བསྟེན་འདྲིས་རྩ་བ་ནས་བྱེད་མི་རུང༌།

ཆ༽ གོམ་བགྲོད་གསར་པ་དང་། རིགས་གཅིག་རྐང་འཛིན།

དེ་ནས་ང་རང་ཚོ་མིའི་ལུང་པར་སླེབས་ནས་ལོ་ཉི་ཤུ་རྩ་ལྔ་འགྲོ་གི་ཡོད། ད་ཆ་ང་ཚོ་རིམ་པ་གསར་པ་ཞིག་ལ་སླེབས་ཀྱི་ཡོད་ལ། ཁ་སང་སུད་ཛ་ལན་ལ་གཞོན་ནུ་ཐུག་པའི་སྐབས་ལའང་ངོས་ནས་དེ་སྐོར་བརྗོད་རྒྱུ་བྱུང༌། དེ་རིང་འདིར་ཡང་བཤད་ན་བསམ་བྱུང༌། ང་ཚོ་རྒྱ་གར་ལ་འབྱོར་འཕྲལ་གྱི་དུས་ཚོད་དེའི་སྐབས་ལ་གཞིས་ཆགས་བྱེད་རྒྱུ་དང༌། སློབ་གྲྭ་ཁག་འཛུགས་རྒྱུའི་ལས་ཀ་བྱས་པ་རེད། དེའི་སྐབས་ལ་དབྱིན་ཇི་ཁྱར་ཁྱོར་ཕྲན་བུ་ཤེས་མཁན་ཞིག་བྱུང་ན་དེས་མི་གོ་གང་ལ་གང་འཚམ་ཆོད་ཀྱི་ཡོད། དེ་ལྟར་བྱས་ཏེ་ད་བར་ཕྱིན་པ་རེད། ད་ཆ་ལོ་ངོ་ཉི་ཤུ་རྩ་ལྔ་ཕྱིན་པའི་སྐབས་འདིར་གནས་ཚུལ་དེ་ཡོལ་ཟིན་པ་རེད། སྤྱིར་བཏང་སློབ་གྲྭ་འགྲིམས་ཏེ་འཛིན་གྲྭ་བཅུ་པ་དང་། བཅུ་གཉིས་ཐོན་པའི་ཤེས་ཚད་ཀྱི་མི་འགྲིགས་པར། ད་ཆ་རིགས་གཅིག་རྐང་འཛིན་གྱི་མཁས་པ་དེ་འདྲ་ཐོན་དགོས་ཀྱི་འདུག
དེང་སང་ང་ཚོ་བོད་པའི་གནས་སྟངས་ཕྲན་བུའི་ཚད་མཐོ་རུ་ཕྱིན་ཡོད། དཔེར་ན། དཔལ་འབྱོར་གྱི་གནས་སྟངས་ལ་མཚོན་ན། ས་ཞིང་དང༌། ལག་ཤེས་ཙག་ཙིག་མིན་པར་གཞི་རྒྱ་ཆེ་བའི་འཆར་གཞི་གསར་པ་བཏིང་རྒྱུ་དང༌། ཐབས་ལམ་གསར་པའི་ཐོག་ནས་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་བསམ་བློ་གཏོང་དགོས་ཀྱི་ཡོད། དེ་བཞིན་བོད་པའི་ཆབ་སྲིད་ཀྱི་འཐབ་རྩོད་ལ་ཆ་བཞག་ན་ཡང༌། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྲོ་སྟངས་ཤེས་མཁན་དང༌། རྒྱལ་སྤྱིའི་ཁྲིམས་ཀྱི་འགྲོ་སྟངས། འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་གི་སྐོར། ལས་ཁུངས་འཛིན་སྐྱོང་གི་ལས་དོན། བཟོ་ལས་འཛུགས་སྐྲུན་སོགས་ལས་རིགས་སྣ་ཚོགས་པ་སོ་སོར་དམིགས་བསལ་གྱི་སློབ་སྦྱོང་བྱས་ཏེ་རིགས་གཅིག་རྐང་འཛིན་པའི་ལས་བྱེད་མཁས་པ་ཐོན་དགོས་ཀྱི་འདུག དེང་སང་ང་ཚོར་དེ་འདྲའི་ནུས་པ་མ་འདང་བའི་དཀའ་ངལ་འཕྲད་ཀྱི་འདུག རིགས་གཅིག་རྐང་འཛིན་པ་ཐོན་རྒྱུར་དོ་སྣང་བྱེད་དགོས་ཀྱི་འདུག དཔེར་ན། ཡོ་རོབ་ནང་ལ་སླེབས་ཟིན་པའི་ཕྲུ་གུ་ཚོའི་ནང་ནས་གཞི་རྩའི་སློབ་སྦྱོང་གི་ཆ་རྐྱེན་ཡག་པོ་ཡོད་པ་དང༌། བློ་རིག་བཀྲ་ཞིང༌། སེམས་ཤུགས་ཡོད་པ་དེ་འདྲ་འདེམས་སྒྲུག་གིས་མཐོ་རིམ་རིགས་གཅིག་མཁས་པའི་སློབ་སྦྱོང་བྱེད་རྒྱུའི་མཐུན་རྐྱེན་སྦྱོར་རྒྱུ་གནད་འགག་ཆེན་པོ་འདུག
དེ་ནས་ང་རང་ཚོའི་གཞོན་སྐྱེས་ནང་ནས་བོད་ཡིག་དང༌། བོད་ཀྱི་རིག་གཞུང་ལ་དོ་སྣང་བྱེད་དགོས་པའི་སྐོར་སྔ་ལོ་ཡང་བརྗོད་རྒྱུ་བྱུང༌ལ། འདི་ཧ་ཅང་གལ་ཆེན་པོ་འདུག བོད་ནང་ལ་བར་ལམ་ལོ་མང་རིང་རྒྱ་མིའི་ངོས་ནས་བོད་པའི་ཆོས་ཤེས་མཁན་ཆོས་པ་ལྟ་ཅི་སྨོས། སྤྱིར་བཏང་བོད་ཡིག་ཡག་པོ་ཡོད་མཁན་ཞིག་ཡིན་ནའང༌། དེའི་རིགས་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་བཟུང་སྟེ། གང་ལྟར་ཤེས་ཡོན་ཅན་དེ་དག་ཉམས་ཉེས་ཆེན་པོ་ཕྱིན་ཡོད། གཞོན་སྐྱེས་འཚར་ལོངས་བྱེད་མཁན་རྣམས་བོད་ཡིག་སློབ་སྦྱོང་འདོད་ཁེངས་བྱེད་ཐབས་མེད་པར། གཙོ་བོ་རྒྱ་ཡིག་གི་ཐོག་ནས་འགྲོ་དགོས་པ་མ་ཟད། བར་ལམ་བདུན་ཅུ་དོན་དགུ་ཚུན་ཆད་ནས་ཕྲན་བུའི་འགྱུར་བ་ཕྱིན་ཡོད་པ་ལས། གཞན་བོད་ནང་ལ་བོད་ཀྱི་སྐད་ཡིག་དང༌། རིག་གཞུང་ཉམས་ཆག་ཤིན་ཏུ་ཆེན་པོ་ཕྱིན་པ་རེད།
ང་རང་ཚོ་མིའི་ལུང་པར་ཡོད་མཁན་ཚོས་སོ་སོའི་སྐད་ཡིག་དང༌། རིག་གཞུང་ལ་སློབ་སྦྱོང་བྱེད་མི་བདེ་བའི་དཀའ་ངལ་གང་ཡང་མེད་པ་རེད། འཕྲལ་སྒང་ང་ཚོ་མིའི་ལུང་པར་བསྡད་ནས་ལྟོ་གོས་ཐབས་འཚོལ་ལ་ཕྱི་རྒྱལ་སྐད་ཡིག་དགོས་མཁོ་ཡོད་པ་དང༌། བོད་ཡིག་དེ་ཙམ་བེད་སྤྱོད་མེད་པ་ལྟ་བུས་ལྷོད་ཡངས་དང༌། འཐུས་ཤོར་འགྲོ་གི་ཡོད། ཐོག་མར་ང་ཚོ་རྒྱ་གར་ལུང་པར་ཐབ་གསར་གཞིས་གསར་འགོ་འཛུགས་སྐབས་ཕྱི་རྒྱལ་སྐད་ཡིག་དགོས་མཁོ་ཆེན་པོ་ཆགས་ཤིང་། ང་ཚོས་ཐབ་གསར་གཞིས་གསར་འཛུགས་པའི་དགོས་པ་དེ་བོད་མི་རིགས་དང༌། བོད་ཀྱི་རིག་གཞུང་གི་དོན་དུ་བཙུགས་པ་ལས་ལྟོ་གོས་གཅིག་པུའི་དོན་དུ་བཙུགས་པ་ཞིག་མིན་པས། ད་ཆ་བོད་ཀྱི་རིག་གཞུང་ལ་དོ་སྣང་བྱེད་དགོས་པ་ཞིག་དང༌། བོད་ཀྱི་རིག་གཞུང་གི་མཁས་པ་མང་པོ་ངེས་པར་དུ་ཐོན་དགོས་ཀྱི་འདུག
ད་ལྟ་བོད་པའི་གཞོན་ནུ་ཚོའི་ནང་ལ་བོད་ཀྱི་རིག་གཞུང་ཐོག་ལ་དོ་སྣང་བྱེད་མཁན་མང་པོ་མི་འདུག ཁ་ཤས་ངས་མ་ཤེས་པ་ཡིན་ལས་ཆེ། དཔེར་ན། དཔེ་མཛོད་ནང་ལས་ཀ་བྱེད་མཁན་བཀྲ་ཤིས་ཚེ་རིང་གིས་བོད་ཡིག་དང༌། བོད་ཀྱི་རིག་གཞུང་དང༌། རྒྱལ་རབས་ལོ་རྒྱུས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་འདུག དེ་མིན་དཀོན་པོ་འདུག བོད་ཀྱི་རིག་གཞུང་ཐོག་ལ་དོ་སྣང་བྱེད་མཁན་དགོས་ཀྱི་འདུག དེ་ཡང་ཕྱོགས་གཅིག་ནས་རྒྱུ་མཚན་གཞན་ཞིག་ལ་བསམ་བློ་བཏང་ན། ང་རང་ཚོ་བོད་མི་རིགས་སྤྱིའི་དོན་ལ་བོད་ཀྱི་རིག་གཞུང་གལ་ཆེན་པོ་ཡིན་པ་སྨོས་མི་དགོས་པ་ཤེས་གསལ་རེད། སོ་སོ་སྒེར་གྱི་ལྟོ་གོས་ཐོག་ལ་ཆ་བཞག་ནའང༌། བོད་ཀྱི་རིག་གཞུང་གིས་ཕན་ཐོགས་ཆེན་པོ་ཡོད།
དཔེར་ན། བོད་ཕྲུག་གིས་དབྱིན་ཇིའི་སྐད་ཡིག་བརྒྱུད་ནས་རིགས་གཅིག་རྐང་འཛིན་གྱི་མཁས་པ་ཞིག་བྱུང་ན་ཡང༌། རྒྱ་གར་ནང་ལ་ལྟོ་གོས་འཚོལ་རྒྱུར་ཕན་ཐོགས་ཡོང་རྒྱུ་ཤིན་ཏུ་ཁག་པོ་རེད། རྒྱ་གར་ནང་ལ་བོད་ཕྲུག་དེ་འདྲ་ཞིག་ལག་འཐོག་གི་མ་རེད། རྒྱ་གར་ནང་ལ་མཐོ་རིམ་སློབ་སྦྱོང་ཐོན་པའི་ཕྲུ་གུ་ཁྲི་ཕྲག་འབུམ་ཕྲག་མང་པོ་ཡོད། དེའི་ནང་ཚན་ནས་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་ཡོད་པ་ཇི་ལྟ་ཇི་སྙེད་ཡོད། དེ་ཚོར་བོད་ཕྲུག་ཚོས་ཁ་གཏད་གཅོག་ཐུབ་ཐབས་མེད།
ཕྱི་རྒྱལ་ལ་ཆ་བཞག་ན། དེ་བས་ཀྱང་ང་རང་ཚོ་བོད་པའི་ཕྲུ་གུ་གང་འདྲ་ཞིག་གིས་ཀྱང་ནམ་འཕང་གཅོད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། དེ་ལས་བོད་ཀྱི་རྒྱལ་རབས་སྐོར་དང༌། བོད་ཀྱི་ནང་པའི་ཆོས་དང་རིག་གཞུང་གི་སྐོར་གང་ལ་གང་འཚམ་ཤེས་པའི་ཐོག དབྱིན་ཇི་འགྲོ་རྒྱུགས་འཕེར་ཙམ་ཞིག་གིས་བོད་ཀྱི་རིག་གཞུང་དང༌། བོད་ཀྱི་ནང་པའི་ཆོས་གཙོ་བོར་གྱུར་པའི་ལས་དོན་བྱས་ན་དགེ་མཚན་ཆེན་པོ་ཡོད། མི་ཐོག་མང་པོ་ཕྱིན་པའམ། ལོ་ལྔ་བཅུ་དྲུག་ཅུ། བརྒྱ་ཕྲག་ཕྱིན་པའི་རྗེས་ལ་གནས་ཚུལ་འགྱུར་བ་གང་འདྲ་ཡོང་མིན་མི་ཤེས་ཀྱང༌། ད་ལྟའི་མི་ཐོག་འདིའི་སྐབས་སུ་བོད་ཀྱི་རིག་གཞུང་ཡག་པོ་ཤེས་མཁན་ཞིག་ཡིན་ན་ཆོས་ཚོགས་འདྲ་མིན་ཡོད་པ་དེ་དག་གི་ནང་དུ་ཕར་ཤོག ཚུར་ཤོག་ཅེས་བརྗོད་མཁན་ཏན་ཏན་ཡོང་གི་རེད། དེས་འཕྲལ་སེལ་ལྟོ་གོས་ལ་ཡང་ཕན་ཐོགས་ཆེ་བ་ཡོང་གི་རེད། ངས་ངོ་ཤེས་པའི་བོད་མི་ཆོས་ཚོགས་ནང་ལ་ལས་ཀ་བྱེད་མཁན་དེ་འདྲ་ཁ་ཤས་ནས། དེ་གོང་རྒྱ་གར་ལ་ཡོད་པའི་སྐབས་དབྱིན་ཇིའི་སྐད་ཡིག་ལ་དང་དོད་བྱས་ནས་སྦྱངས་པ་ཡིན། དེ་ནོར་འདུག དེ་དུས་ནང་ཆོས་ཕྲན་བུ་སྦྱངས་ན་ཕན་ཐོགས་ཆེ་བ་ཡོང་ས་རེད། ད་ཆ་འདི་གར་ནང་ཆོས་དང༌། བོད་ཀྱི་རྒྱལ་རབས་ལོ་རྒྱུས་མ་ཤེས་པའི་སྐབས་ལ་ངོ་ཚ་པོ་ཡོང་གི་འདུག་ཅེས་དེ་འདྲ་ཤོད་མཁན་བྱུང༌། དེ་ཏན་ཏན་རེད། གང་ལྟར་འཛམ་གླིང་ཐོག་དཀོན་པོ་དང༌། རིན་ཐང་ཡོད་པའི་བོད་ཀྱི་ཆོས་དང་རིག་གཞུང་འདི་དག་བོད་པའི་མིང་རྒྱབ་འཁུར་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་རེད་ལ། འཕྲལ་སེལ་ལྟོ་གོས་ཀྱི་ཐོག་ལ་ཡང་ཕན་ཐོགས་ཡོད་པས། གོ་སྐབས་ཡག་པོ་ཡོད་པས་འདི་ལ་དོ་སྣང་བྱེད་དགོས་ཀྱི་འདུག

ཇ༽ བར་ལྡིང་གི་ན་གཞོན་དང་། མདུན་ལམ་གསར་གཏོད།

ཡང་ང་རང་ཚོ་བོད་པའི་ཕྲུ་གུའི་ནང་ལ་སོ་སོ་རང་ཉིད་ཀྱི་ཤེས་རབ་དང༌། རྣམ་དཔྱོད་ཀྱི་ནུས་པས་མ་འདང་བར་ཚད་མཐོའི་སློབ་སྦྱོང་བྱེད་མ་ཐུབ་མཁན་དེ་རིགས་གང་འཚམ་ཞིག་ཡོང་གི་ཡོད་པ་དེ་ཆོས་ཉིད་རེད། འདི་རིགས་ཕྱི་རྒྱལ་གྱི་མི་དང་མཉམ་དུ་རེ་གཉིས་ཡོང་གི་འདུག དེ་དག་ལ་གང་ཞིག་བྱེད་ཀྱི་ཡོད་མེད་འདྲི་སྐབས། ཕྱི་རྒྱལ་གྱི་མི་དང༌། ཕྱི་རྒྱལ་གཞུང་ཚབ་ཁང་སོགས་ཀྱི་གཡོག་པོ་རྒྱུག་གི་ཡོད་ཅེས་བརྗོད་ཀྱི་འདུག དེས་འཕྲལ་སེལ་སོ་སོའི་ལྟོ་གོས་ལ་ཕན་པ་དང༌། ཕྱོགས་གཞན་ཞིག་ནས་ཕྱི་རྒྱལ་གྱི་མི་ངོ་ཤེས་གྲོགས་པོ་ཆགས་ན་དེ་འདྲའི་ཐབས་ལམ་བརྒྱུད་ནས་བོད་པའི་གནས་ཚུལ་ཤེས་མཁན་གྱི་མི་གསར་པ་བཟོ་རྒྱུའི་གོ་སྐབས་ཤིག་ཡོང་གི་རེད།
སྤྱིར་བཏང་བྱས་ན། བོད་པའི་སྤྱི་ཚོགས་དང་ཁ་བྲལ་ཏེ་མི་གཡོག་རྒྱུགས་ནས་བསྡད་ན་ཐབས་སྐྱོ་པོ་ལྟ་བུ་ཞིག་རེད། ན་གཞོན་བུ་བུ་མོའི་ནང་ནས་སྤྱོད་ལམ་གང་བྱུང་བྱེད་མཁན་དེ་འདྲ་འགའ་ཤས་ཡོང་གི་ཡོད་པ་འདི་རིགས་མི་གཅིག་ཡིན་ན་ཡང༌མང་དྲགས་པའི་སྐྱོན་དང་། མི་དགོས་པ་ཞིག་རེད། སློབ་སྦྱོང་གནས་ཚད་མཐོ་པོ་ཐོན་མ་ཐུབ་ལ། ཡང་ང་རང་ཚོའི་བཟོ་ལས་ཁག་དང༌། གཞིས་ཆགས་ཁག་གི་ནང་དུའང་སིམ་མ་ཐུབ་པ་སོགས་ཀྱི་ཐོག་ནས་བར་ལྡིར་ལ་འཁྱམས་ནས་བསྡད། ད་དུང་གྲོགས་པོ་ངན་པས་བསླུས་ཏེ་མ་རབས་ཀྱི་བྱ་སྤྱོད་ལ་ཞུགས་ན་ཕྱོགས་གཅིག་ནས་ང་ཚོ་བོད་མི་སྤྱིའི་མཚན་ཤས་དང་། གཉིས་ནས་བྱེ་བྲག་མི་རང་རང་སོ་སོ་དྲིན་ཆུང་དུ་འགྲོ་གི་ཡོད། འདི་ཚོའི་སྐོར་ལ་གཞི་རྩ་འབྲེལ་ཡོད་ལས་ཁུངས་ཚོ་ནས་བསམ་བློ་བཏང་སྟེ་གང་ཐུབ་བྱེད་ཀྱི་ཡོད་ལ། ཁྱེད་རང་ཚོ་གཞོན་ནུའི་སྒྲིག་འཛུགས་ཀྱི་ཐོག་ནས་ཀྱང་དམིགས་བསལ་གྱི་དོ་སྣང་བྱས་ཏེ་འདི་ཚོའི་རིགས་ལ་མདུན་ལམ་གསར་གཏོད་ཀྱི་ཐབས་ཤེས་བྱེད་རྒྱུ་གང་དང་གང་འདུག་གམ། ངེས་པར་དུ་དོ་སྣང་བྱེད་དགོས་ཀྱི་འདུག

ཉ༽ རྒྱ་ནག་གི་རྩིས་གཞི་དང་། བོད་མིའི་ལ་རྒྱ།

དེ་ནས་ང་རང་ཚོ་བོད་པ་སྤྱི་པའི་དོན་དག་སྐོར། བར་སྐབས་རྒྱ་མི་དང་ང་ཚོ་འབྲེལ་བ་བྱུང་སྟེ་རྣམ་འགྱུར་གསར་པ་ཞིག་བྱུང་ན་ཡང༌། རྒྱ་མིའི་བྱེད་སྟངས་ལ་བལྟས་ན་བོད་མི་གུང་བྲན་ཏང་མི་རྙིང་ཁུངས་དང༌། ལས་བྱེད་རྙིང་ཁུངས་ཡིན་པ། བར་སྐབས་ལས་འགན་ཡང་གང་ལ་གང་འཚམ་འཁྱེར་མཁན། སོ་སོའི་མི་རིགས་ཀྱི་ཤ་ཞེན་ཆེན་པོ་ཡོད་པ་དེ་རིགས་ལས་འགན་ཆེ་ས་ནས་མར་ཕབ་པ་དང༌། རྒྱ་མིའི་བཀའ་གསུང་ཅི་སྒྲུབ་བྱེད་མཁན་དེ་རིགས་གྲལ་མགོར་བསྐྱལ་ཏེ། མི་རིགས་ཀྱི་ལྟ་བ་འཁྱེར་མཁན་དེ་རིགས་ལ་དམིགས་བསལ་གྱི་སྡང་འཛིན་དང༌། དོ་སྣང་ཞིག་བྱེད་ཀྱི་ཡོད་པ་ལྟ་བུ་འདུག་པ་ནི་གནས་ཚུལ་ཡག་པོ་མ་རེད།
སྔོན་མ་ཏིང་ཞའོ་ཕིང་དང་ང་ཚོ་འབྲེལ་བ་བྱེད་སྐབས་ཀྲུང་དབྱང་གི་འགོ་ཁྲིད་མཐོ་རིམ་ཚོའི་ནང་ལ་བསམ་འཆར་ཁག་གཉིས་ཡོང་གི་ཡོད་ལ། བསམ་འཆར་རིགས་གཅིག་གིས་ཏཱ་ལའི་བླ་མར་འབྲེལ་བ་བྱས་ན་ཡག་པོ་འདུག་ཅེས་ཟེར་བ་དང༌། ཁག་གཅིག་གིས་འབྲེལ་བ་བྱས་ནས་ཕན་ཐོགས་མེད་ཅེས་ཟེར་གྱི་ཡོད། གང་ལྟར་མཐར་འབྲེལ་བ་བྱས་པ་རེད། རྒྱ་ཆེའི་མི་མང་གི་ཐོག་ནས་ཀྱང་སྐབས་དེར། དཔེར་ན། ལྟ་སྐོར་ཐེངས་དང་པོ་ཕྱིན་པའི་སྐབས་ལ་རྒྱ་མི་ཁོ་རང་ཚོའི་བསམ་བློའི་ནང་ལ་དེ་སྔའི་སྤྱི་ཚོགས་རྙིང་པ་ཆེས་མུན་ནག་དང་། ཆེས་གདུག་རྩུབ། ཆེས་ཀླ་ཀློའི་སྤྱི་ཚོགས་ཀྱི་ལས་ཀ་བྱེད་མཁན་ཏཱ་ལའི་ལོག་སྤྱོད་པའི་རྗེས་འབྲང་མི་ཞིག་བོད་ནང་ལ་ཡོང་སྐབས་བོད་ནང་གི་རྒྱ་ཆེའི་མི་མང་གིས་ངོ་རྒོལ་བྱེད་ཀྱི་རེད་བསམ་པ་དང༌། ཏཱ་ལའི་བླ་མས་མཚོན་པས་ཕྱི་ལ་བསྡད་པའི་བོད་པ་དེ་དག་མིའི་ལུང་པར་འ་ཆད་འུ་ཐུག་གི་གནས་ལ་གྱར་ནས་ཡོད་སྟབས་རྒྱ་ནག་གཞུང་གི་ཕྱོགས་ནས་སོ་དཀར་འཛུམ་གྱིས་བསུས་ན་དེ་མ་ཐག་ཏུ་ལོག་ཡོང་གི་རེད་བསམ་པའི་རེ་བ་དང་ཡིད་ཆེས་བྱས་པ་རེད།
གནས་ཚུལ་དེ་གཉིས་རྒྱ་མི་ཁོ་རང་ཚོའི་བསམ་ཚུལ་ཙམ་ཡིན་པ་ལས། དངོས་ཡོད་གནས་ཚུལ་རྩ་བ་ནས་མ་རེད། དེ་གཉིས་ཀྱི་ཐོག་ནས་རྩིས་གཞི་འཁྲུག་པ་རེད། བདུན་ཅུ་དོན་དགུ་ཚུན་ཆད་ནས་གནས་ཚུལ་ཕྲན་བུའི་གུ་ཡངས་སུ་ཕྱིན་པའི་སྐབས་ལ་མི་མང་གི་ངོས་ནས་རྒྱ་མིར་མི་དགའ་བའི་རྣམ་འགྱུར་ཤུགས་ཆེན་པོ་ཞིག་རང་བཞིན་གྱིས་ཐོན་པར་བརྟེན། ཡང་བསྐྱར་རྒྱ་མིས་མཁྲེགས་སུ་བཏང་གི་མེད་དམ་སྙམ་པ་ཞིག་འདུག ཁ་ནས་མཁས་པོ་ཤོད་ཀྱི་ཡོད་ཀྱང༌། སྤྱིར་བཏང་འགྱུར་བ་ཞིག་འགྲོ་དུས་ཚོད་མ་ཐིག་པ་ལྟ་བུ་ཞིག་འདུག

ཏ༽ བོད་དུ་ཆིབས་བསྒྱུར་དང་། བོད་འབངས་ཀྱི་སེམས་འཁྲལ།

ཁྱེད་རང་ཚོའི་གྲོས་ཆོད་ནང་ལ་བཀོད་པ་ལྟར། བརྒྱད་ཅུ་གྱ་ལྔ་ལོར་ང་བོད་ལ་འགྲོ་འཆར་གྱི་ཐོག་ལ་ཁྱེད་རང་ཚོས་བློ་གཡེང་བྱེད་ཀྱི་ཡོད་པ་དེར་ཁག་མི་འདུག ངའི་ངོས་ནས་རྒྱ་མིའི་སྲིད་བྱུས་གུ་ཡངས་མུ་མཐུད་ཕྱིན་ན་བོད་ལ་འཁྱུག་ཙམ་ཕྱིན་ཏེ་དངོས་ཡོད་གནས་ཚུལ་གང་འདྲ་ཞིག་ཡོད་མེད་བལྟས། དེ་ནས་རྒྱ་གར་ལ་ཚུར་ཡོང་སྟེ་སོ་སོས་དངོས་སུ་མཐོང་བའི་རྗེས་ལ་སྐད་ཆ་བཤད་ན་ཕྲན་བུ་ཤུགས་ཆེ་བ་ཞིག་ཡོང་གི་རེད་སྙམ། གང་ལྟར་རྩ་བ་བོད་སྤྱི་པའི་དོན་དག་ལ་སྒོ་གང་ས་ནས་ཕན་པ་ཞིག་དང༌། སླེབས་ཆེ་བ་ཞིག་བྱུང་ན་བསམ་པ་ལས། དེ་ལས་ལོགས་སུ་རྒྱུ་མཚན་གཞན་དག་གང་ཡང་མེད།
རང་ཉིད་སོ་སོའི་ལུང་པ་དྲན་དྲགས་ནས་སྔོན་ལ་འཁྱུག་ཙམ་སླེབས་ན་བསམ་པའི་ལྐུག་པ་ཨུ་ཚུགས་ལྟ་བུ་བྱས་པ་རྩ་བ་ཉིད་ནས་མིན། གང་ལྟར་བརྒྱད་ཅུ་གྱ་ལྔའི་ལོར་བོད་ལ་འཁྱུག་ཙམ་འགྲོ་ཐུབ་མིན་དེ་རྒྱ་མིའི་བྱ་སྤྱོད་ལ་རག་ལས་ཤིང་། རྒྱ་མིའི་སྤྱོད་པའི་ངོས་ནས་ལྟ་སྐོར་ལ་འཁྱུག་ཙམ་ཕྱིན་ན་ཕན་ཐོགས་ཡོང་བཟོ་ཡོད་ན་འཁྱུག་ཙམ་འགྲོ་ཐུབ་ན་བསམ་པ་དང༌། འགྲོ་མ་འགྲོ་མི་འདུག་བསམ་པའི་གནས་ཚུལ་ཆགས་ཕྱིན་ཆད་ལ་ངས་ཨུ་ཚུགས་བྱེད་འདོད་གང་ཡང་མེད། ད་ལྟ་བརྒྱད་ཅུ་གྱ་གསུམ་གྱི་ལོ་འཕྲོས་དང༌། བརྒྱད་ཅུ་གྱ་བཞིའི་ལོ་གཞི་ནས་འགྲོ་དགོས། ང་ཚོས་བལྟས་ཆོག་གི་རེད། གང་ལྟར་ངས་ཧོལ་རྒྱུག་དང༌། རྒྱ་མིའི་གཡོ་སྒྱུའི་འོག་ལ་མགོ་འཁོར་ཐེབས་པ་དེ་འདྲ་རྩ་བ་ཉིད་ནས་བྱས་མི་ཡོང༌། ཏན་ཏན་བྱེད་ཀྱི་རེད། ཁྱེད་རང་ཚོ་བློ་བདེ་པོ་བྱས་ཆོག ཁྱེད་རང་ཚོའི་ངོས་ནས་དེ་འདྲའི་སེམས་འཁུར་བླངས་ཏེ་བསམ་ཚུལ་བཤད་པ་དེར། ང་རང་དགའ་པོ་བྱུང་ལ། ཐུགས་རྗེ་ཆེ་ཟེར་གྱི་ཡིན།

ཐ༽ བོད་མིའི་བདེ་སྐྱིད་དང་། སྒྲུབ་པའི་ཐབས་ལམ།

ང་རང་ཚོ་བོད་པར་བདེ་སྐྱིད་དགོས་ཀྱི་ཡོད་ཅེས་བཤད་པ་འདི་ད་ལྟའི་དངོས་ཡོད་གནས་ཚུལ་ལ་རན་པོ་ཞིག་ཡོང་གི་ཡོད། གང་ལྟར་ང་ཚོས་རྒྱ་མིར་འབྲེལ་བ་བྱེད་དགོས་སྟབས། ཕྱོགས་གཅིག་ནས་རྒྱ་མི་ལའང་བསྟུན་དགོས་པ་དང༌། ཕྱོགས་གཅིག་ནས་ང་རང་ཚོ་བོད་སྤྱི་པའི་དོན་དག་ཀྱང་བརྗེད་ཐབས་མེད། རང་དབང་རང་བཙན་ཟེར་བ་དེ་རྒྱ་མིའི་རྣ་བར་འགྲོ་གི་མེད་ལ། རང་སྐྱོང་ཞེས་བརྗོད་ན་ང་རང་ཚོའི་བོད་མི་སེམས་ཤུགས་ཡོད་མཁན་ཚོའི་རྣ་བར་འགྲོ་གི་མེད། བདེ་སྐྱིད་ཟེར་བ་འདི་དངོས་ཡོད་གནས་ཚུལ་ལ་རན་པོ་ཞིག་དང༌། ཕྱོགས་གང་ལའང་ཁྱབ་ཐུབ་པ་དང་གོ་ཆོག་པ་ཞིག་རེད། ང་རང་གི་གཞི་རྩའི་ཡིད་ཆེས་ཀྱང་དེ་ག་རང་ཡིན།
ང་ཚོས་རང་བཙན་ཟེར་བ་དེ་ཆབ་སྲིད་ཀྱི་ཐོབ་ཐང་རྩོད་ལེན་ཡིན་པ་རེད། དེ་གང་གི་དོན་དག་ལ་རྩོད་པ་ཡིན་ཟེར་ན། བདེ་སྐྱིད་ཀྱི་དོན་དག་ལ་རྩོད་པ་ཡིན། རང་བཙན་བྱུང་ན་སྡུག་བསྔལ་བྱུང་ནའང་བྱུང་ཟེར་མཁན་སུ་ཡང་ཡོང་གི་མ་རེད། འཛམ་གླིང་འདིར་ཆོས་ལུགས་འདྲ་མིན་ཡོད་པ་འདི་དག་དང༌། ཆབ་སྲིད་ཀྱི་ལམ་ལུགས། དཔལ་འབྱོར་གྱི་ལམ་ལུགས། སྤྱི་ཚོགས་ཀྱི་ལམ་ལུགས་འདྲ་མིན་མང་པོ་ཡོད་པ་འདི་དག་ཐམས་ཅད་རྩ་བ་མིའི་བདེ་སྐྱིད་ཀྱི་དོན་དག་རེད། འཛམ་གླིང་འདིའི་སྒང་ལ་མི་ཡི་སྲིད་པ་ཆགས་པ་ནས་བཟུང་དུས་ད་ལྟ་བར་འགྱུར་བ་འགྲོ་གི་ཡོད་ལ། སྤྱོད་པ་ཡང་འགྱུར་བ་འགྲོ་གི་ཡོད། སྤྱི་ཚོགས་ཀྱི་གནས་སྟངས་འགྱུར་བ་འགྲོ་གི་ཡོད།
དེ་ལྟར་འགྱུར་བ་འགྲོ་བའི་རྒྱུ་རྐྱེན་མིའི་ཀླད་པའི་ནང་ལ་སྔར་མེད་ཀྱི་དངོས་པོ་གསར་པ་ཞིག་སྐྱེས་པ་སོགས་ཀྱི་ཐོག་ནས་འགྱུར་བ་ཕྱིན་པ་གང་ཡང་མིན། མིའི་བསམ་བློའི་ནང་ལ་རང་གི་ངང་གིས་བདེ་སྐྱིད་འདོད་པ་དང༌། སྡུག་བསྔལ་མི་འདོད་པའི་བསམ་བློ་རང་ཆས་སུ་ཡོད་པ་དེའི་ཐོག་ནས་སྐབས་འཕྲལ་སྐབས་འཕྲལ་གྱི་དངོས་ཡོད་གནས་ཚུལ་ལ་ཐབས་ཤེས་འདི་འདྲ་ཞིག་དང༌། ལམ་ལུགས་འདི་འདྲ་ཞིག་བྱས་ན། མི་ལ་བདེ་སྐྱིད་མང་བ་ཡོང་གི་རེད་བསམ་པ་དང༌། ཐབས་ཤེས་འདི་འདྲ་ཞིག་དང༌། བཅོས་བསྒྱུར་འདི་འདྲ་ཞིག་བྱས་ན་སྡུག་བསྔལ་མང་བ་སེལ་ཐུབ་ཀྱི་རེད་བསམ་པའི་ཡིད་ཆེས་དེའི་ཐོག་ནས་འགྱུར་བ་འགྲོ་གི་ཡོད།
མིའི་སྤྱི་ཚོགས་ནང་ལ་འཕོ་འགྱུར་སྣ་ཚོགས་ཡོང་བ་འདི་དག་གི་རྩ་བ་བདེ་བ་འདོད་པ་དང༌། སྡུག་བསྔལ་མི་འདོད་པའི་བསམ་ཚུལ་འདི་ཉིད་ཀྱི་ཐོག་ནས་ཡོང་བ་ཞིག་ཏན་ཏན་རེད། ང་ཚོར་གང་ཞིག་གལ་ཆེན་པོ་རེད་ཅེ་ན། མི་ལ་བདེ་སྐྱིད་ཡོད་དགོས་པ་དེ་གལ་ཆེན་པོ་རེད། འཛམ་བུ་གླིང་འདིའི་སྒང་གི་དམར་པོའི་ལྟ་བ་ཡིན་ནའང་འདྲ། མ་རྩའི་རིང་ལུགས་ཀྱི་ལྟ་བ་ཡིན་ནའང་འདྲ། ནང་པ་ཡིན་ནའང་འདྲ། གང་ལྟར་ཡང་སྙིང་མི་ལ་དགོས་པ་དེ་གང་ཡིན་ཟེར་ན། བདེ་སྐྱིད་ཡིན། ཐབས་ཤེས་གང་ཞིག་ལ་བརྟེན་ནས་བདེ་སྐྱིད་ཕུན་སུམ་ཚོགས་པ་སྒྲུབ་ཐུབ་པ་དང༌། ཐབས་ཤེས་གང་ཞིག་ལ་བརྟེན་ནས་སྡུག་བསྔལ་མང་བ་སེལ་ཐུབ་པ་ཞིག་ཡོད་ན། དེ་ང་ཚོའི་བླང་བྱ་རེད་བསམ་གྱི་འདུག ང་དེ་ལ་ཡིད་ཆེས་གཙང་མ་ཡོད།
དཔེར་ན། ཅི་སྟེ་ངེས་མེད་ནང་པའི་ཆོས་ལས། ཆོས་གཞན་ཞིག་གིས་བདེ་སྐྱིད་མང་བ་སྤྲད་ཐུབ་པ་དང༌། སྐྱེ་བ་སྔ་ཕྱི་ཁས་བླངས་པ་ལས། སྐྱེ་བ་སྔ་ཕྱི་ཁས་མ་བླངས་པ། དངོས་གནས་བདེ་སྐྱིད་མང་བ་ཞིག་ཡོད་ན། དེ་བྱེད་དགོས་ཀྱི་རེད་བསམ་གྱི་འདུག དཔེར་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཐའ་གཅིག་ཏུ་སེམས་ཅན་ལ་ཕན་པའི་དོན་དུ་ནང་པ་སངས་རྒྱས་པའི་ཆོས་འདི་གསུངས་པ་ལས། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱི་ཁེ་ཕན་དོན་ལ་གསུངས་པ་རྩ་བ་ནས་མིན་པ་དེ་ངས་བརྒྱ་ཆ་བརྒྱ་ཐམ་པ་ཐག་གཅོད་ཐུབ། བཅོམ་ལྡན་འདས་ཀྱིས་མཐའ་གཅིག་ཏུ་གཞན་ལ་ཕན་པའི་ཆེད་དུ་གསུངས་པའི་གཞན་ཕན་གྱི་དགོས་དོན་དེ་ཆོས་སྤངས་པའི་སྒོ་ནས་འགྲུབ་ཀྱི་ཡོད་ན་བཅོམ་ལྡན་འདས་ཀྱིས་ཆོས་སྤོངས་ཤིག་གསུང་གི་རེད་བསམ་པའི་ང་ལ་ཡིད་ཆེས་ཡོད། དེས་ན་ཆོས་དང༌། ལྟ་བ། སྲིད་དོན་གྱི་ལམ་ལུགས་གང་ཡིན་ན་ཡང་རྩ་བའི་དམིགས་ཡུལ་དེ་བདེ་སྐྱིད་ལ་ཐུག་ཡོད། ངས་རྟག་པར་ཕར་ཚུར་འགྲོ་དུས་ཤོད་ཀྱི་ཡོད། སྨོན་ལམ་ཡང་རྒྱག་གི་ཡོད།

ད༽ ས་མཚམས་ཀྱི་དཀའ་རྙོག་དང་། དབུལ་ཕྱུག་གི་བར་ཁྱད།

འཛམ་བུ་གླིང་འདིའི་སྟེང་ལ་ལྟ་བའི་རྣམ་གཞག་མང་པོ་ཞིག་དང༌། རྒྱལ་ཁབ་ཀྱི་ས་མཚམས་མང་པོ་ཕྱེ་བའི་ཉེར་ལེན་གྱིས་མི་མང་པོ་དུས་མ་ཡིན་པར་ཤི་དགོས་པ་སོགས་ཀྱི་དཀའ་རྙོག་དང༌། སྡུག་བསྔལ་མང་པོ་ཡོང་གི་ཡོད། ལུང་པ་ཁ་ཤས་ལ་ལྟོ་ཆས་རྒྱས་སྤྲོས་མང་པོ་བསྒྲིགས་ཏེ་ཟ་མ་ཐུབ་པར་ལྷག་པ་དེ་རིགས་ཆུད་ཟོས་བཏང་ནས་གཡུགས་ཀྱི་ཡོད། དེ་འདྲའི་རིགས་མཐོང་སྐབས་ཨ་ཙི་ཨ་ཧྥི་རི་ཀ་སོགས་ལུང་པ་འགའ་ཤས་ནང་ལ་ཟ་རྒྱུ་མེད་པར་མུ་གེས་ཤི་གི་ཡོད། དེ་རིགས་ལ་འགྲིམ་འགྲུལ་བདེ་པོ་ཞིག་ཡོད་རོགས་བྱས་ན་ཕར་དབོར་རྒྱུ་བྱུང་ན་བསམ་པ་དེ་འདྲ་དྲན་ཡོང་གི་འདུག གང་ལྟར་ལུང་པ་ཕན་ཚུན་ས་མཚམས་དབྱེ་བ་ཕྱེ་བའི་ཉེར་ལེན་གྱིས་གཅིག་གི་ནང་ལ་འབེལ་པོ་ཡོད་པ་དེ་དཀོན་པོ་ཡོད་སར་སྙིང་ཉེ་པོ་དང༌། ཤ་ཚ་པོའི་ཐོག་ནས་སྤྲོད་མཁན་མི་འདུག
ནོར་བཟང་རྒྱལ་པོའི་རྣམ་ཐར་ནང་དུ་བྱང་ཕྱོགས་ལྔ་ལྡན་དང༌། ལྷོ་ཕྱོགས་རིགས་ལྡན་ཞེས་ཡོད་པ་ལྟར། དེང་སང་འཛམ་གླིང་བྱང་ཕྱོགས་དང༌། ལྷོ་ཕྱོགས་བཟོ་ལས་ཡར་རྒྱས་ཆེ་ཆུང་གིས་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཆགས་པའི་དཀའ་ངལ་འདི་དག་རྒྱལ་ཁབ་ཕན་ཚུན་ས་མཚམས་དབྱེ་བའི་ཉེར་ལེན་གྱིས་དཀའ་ངལ་དེ་འཕྲད་ཡོང་གི་ཡོད། དཔེར་ན། འཇར་མན་ཤར་ནུབ་དང༌། ཀོ་རི་ཡ་ལྷོ་བྱང་ལྟ་བུའི་གནས་ཚུལ་དེ་ས་མཚམས་ཕྱེ་བའི་རྐྱེན་གྱིས་བྱུང༌། ས་མཚམས་ཕྱེ་དགོས་པ་ལྟ་བའི་ཐོག་ནས་ཡོང་གི་ཡོད།
མི་རིགས་གཅིག་གྱུར་དང༌། སྐད་ཡིག གོམས་གཤིས་སོགས་གཅིག་གྱུར་ཡིན་ན་ཡང༌། ཕྱོགས་གཅིག་དངངས་སྐྲག་བྱས་ནས་བསྡད་དགོས་ཡོད་པ་དང༌། ཕྱོགས་གཅིག་རང་དབང་བྱས་ནས་སྡོད་ཐུབ་ཀྱི་ཡོད། ལྟ་བ་དེ་ཡིས་མི་ལ་ཕན་རྒྱུའི་ཚབ་ལ་དངོས་སུ་གནོད་པ་སྐྱེལ་གྱི་ཡོད། ཐེག་པ་ཆེན་པོའི་ཆོས་ནས་བཤད་པ་ལྟར། ང་ཚོས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་འབྲལ་བར་གྱུར་ཅིག ཅེས་ཁ་ནས་ཤོད་ཀྱི་ཡོད་ལ། སྨོན་ལམ་ཡང་རྒྱག་གི་ཡོད། དེ་ལ་ཡིད་ཆེས་ཡོད་ན། ཐོག་མར་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ད་ལྟ་བྱེད་མི་ཐུབ་ཀྱང༌། ད་ལྟ་དངོས་སུ་བྱེད་ཐུབ་པ་འཛམ་གླིང་འདིའི་སྒང་ལ་རྒྱལ་ཁབ་ཀྱི་ས་མཚམས་ཕྱེ་བས་རྙོག་དྲ་བཟོ་གི་ཡོད་ན་ག་ལེར་ས་མཚམས་འདི་དག་མེད་པ་ཞིག་དང༌། རྙོག་དྲ་གཅིག་ལྟ་བའི་ཐོག་ནས་བཟོ་གི་ཡོད་ན་ལྟ་བའི་རྙོག་དྲ་མེད་པ་ཞིག དེ་བཞིན་ཆོས་ཀྱི་ཐོག་ནས་རྙོག་དྲ་མང་པོ་བཟོ་གི་ཡོད་ན་དེ་ཡང་སེལ་ཐབས་ཀྱི་བསམ་བློ་ཞིག་གཏོང་དགོས་ཀྱི་འདུག

ན༽ བླ་མེད་ཀྱི་དགོངས་གཞི་དང་། ༸རྒྱལ་དབང་གི་ཐར་པ།

དཔེར་ན། ང་རང་ལ་ཆ་བཞག་ན། ༸རྒྱལ་བ་རིན་པོ་ཆེ་ཡིན་པའི་ཆ་ནས་ཁྲིམས་དང་འགྲོ་སྟངས་ཤིག་གི་ཐོག་ནས་ང་ལ་འགན་འཁུར་མེད་ཀྱང༌། ང་མི་ཞིག་ཡིན་པ་དང༌། སྤྱིར་སངས་རྒྱས་ཀྱི་ཆོས་དང༌། དེའི་ནང་ཚན་ནས་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་ཡོད་མཁན། བྱང་ཆུབ་ཀྱི་སེམས་ལ་མོས་པ་ཡོད་མཁན་གྱི་མི་ཞིག་ཡིན་པའི་ཆ་ནས་ཁུར་བླངས་དགོས་པ་ཞིག་ཆགས་ཡོད་སྟབས། ངས་རྒྱུན་དུ་སྐད་ལོག་རྒྱག་གི་ཡོད། དངོས་གནས་དྲང་གནས་མི་ཚང་མ་གཅིག་པ་རེད། དེ་ཡང་མི་ཚང་མ་བདེ་བ་འདོད་པ་དང༌། སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་པས། ང་ཚོས་ཆེ་ས་དེར་བསམ་བློ་གཏོང་དགོས་པ་ལས། ཆུང་ས་ངའི་ལྟ་བ་དང་། ངའི་ཆོས་ལུགས། ངའི་ལུང་པ། ངའི་མི་རིགས་ཟེར་བ་དེ་ནོར་འཁྲུལ་རེད་ཅེས་ངས་ཤོད་ཀྱི་ཡོད། གཞི་རྩའི་ལྟ་ཚུལ་འདིའི་ཆ་ནས་ངས་མི་ཚང་མར་བདེ་སྐྱིད་ཡོད་དགོས་ཞེས་ཤོད་ཀྱི་ཡོད།
ངའི་ཡིད་ཆེས་དང་རེ་བ་ལ་འཛམ་གླིང་འདིའི་ཐོག་ཏུ་རྒྱལ་ཁབ་ཆུང་ཆུང་དུམ་བུ་མང་པོ་མེད་པར་ཁྲིམས་དང་བདེ་འཇགས་ཐོག་ལྟ་རྟོག་བྱེད་མཁན་སྤྱི་པའི་སྒྲིག་འཛིན་གཅིག་བཙུགས། ལྟ་བ་འདྲ་མིན་ཡོད་མཁན་སྤྱི་པའི་སྒྲིག་འཛུགས་གཅིག་བཙུགས། ལྟ་བ་འདྲ་མིན་ཡོད་མཁན་དེ་དག་རང་རང་སོ་སོའི་ལྟ་བ་མཐུན་པ་དེ་དག་འཚོ་ཁག་འཚོ་ཁག་བྱས་ནས་བསྡད། ཕན་ཚུན་ཐེ་བྱུས་དང༌རྙོག་གླེང་མེད་པར་བསྡད། དཔེར་ན། ང་རང་ཚོས་སྔོན་མ་གཞིས་ཆགས་ནང་ལ་སྤྱི་ཐབ་བཙུགས་པ་བཞིན། སྤྱི་ཐབ་ལ་དགའ་མཁན་རྣམས་སྤྱི་ཐབ་བྱས། དཔག་ཚོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གང་ལ་གང་འཚམ་ཐོན་ཡོང་གི་ཡོད། སྒེར་སོ་སོ་མེ་བཏང་ནས་དགའ་བ་དེ་དག་སྒེར་སོ་སོས་བསྡད་ན་འགྲིགས།
དཔེར་ན། ཨི་སི་རལ་གྱི་ལུང་པའི་ནང་ཆོས་ལུགས་དང༌། ལྟ་བ་མཐུན་པ་ཚོ་རང་རང་གི་བློ་མོས་ལྟར་མཉམ་དུ་བསྡད་པ་དེ་ཧ་ཅང་སྙིང་རྗེ་པོ་རེད། དེ་བཞིན་དུ་འཛམ་གླིང་ཡོངས་རྫོགས་རྒྱལ་ཁབ་བམ། སྤྱི་པའི་སྒྲིག་འཛུགས་གཅིག་གི་འོག་ལ་བསྡད། ལྟ་བ་འདྲ་མིན་དང་། ལམ་ལུགས་འདྲ་མིན་ཡོད་པ་དེ་དག་རང་མོས་ལྟར་མཉམ་དུ་བསྡད་དེ་ཕན་ཚུན་རྙོག་དྲ་མེད་པར་མཛའ་མཐུན་ངང་གནས་པ་ཞིག་བྱུང་ན་སྙམ་པའི་བསམ་བློ་འཁོར་གྱི་ཡོད། ཉེ་ཆར་མི་ཤས་ལ་ཤོད་རྒྱུ་བྱུང༌། ཕྱེད་ཀ་རྩེད་མོ་དང་ཕྱེད་ཀ་དངོས་གནས་ཡིན། ངའི་ཐར་པ་གང་ཡིན་ཟེར་ན། འཛམ་བུ་གླིང་ཡོངས་རྫོགས་མིའི་ཁྱིམ་ཚང་གཅིག་ཏུ་གྱུར་ཅིང་། མི་ཐམས་ཅད་ཕ་མ་བུ་ཕྲུག་ལྟ་བུའི་མཛའ་བརྩེ་དང༌། ཞི་འཇམ་བདེ་སྐྱིད་ཡོད་པའི་ཁྱིམ་ཚང་ཆེན་པོ་གཅིག་བྱུང་ན་དེ་ནི་ངའི་ཐར་པ་ཡིན་ཞེས་ཤོད་ཀྱི་ཡོད། དེ་འདྲ་ཞིག་བྱུང་ན་རྒྱལ་ཁབ་ཕན་ཚུན་གྱི་དོན་ལ་དམག་འཁྲུག་རྒྱག་མི་དགོས་ལ། ཡུལ་གཅིག་ནང་མུ་གེ་བྱུང་ན་གཞན་ཞིག་གིས་ལྟད་མོ་བལྟས་ནས་སྡོད་ཐབས་མེད་ཅིང་། ལྟ་བ་འདྲ་མིན་གྱི་ཐོག་ནས་རྩོད་པ་རྒྱག་དགོས་དོན་ཡང་མེད། དངོས་གནས་མི་ཚེ་གཅིག་གི་ནང་ལ་དགོས་པའི་བདེ་སྐྱིད་ཅིག་ཡོང་ངེས་ཡིན། མི་ལུས་བླངས་པའི་ཉེར་ལེན་གྱིས་ན་རྒྱུ་ཤི་རྒྱུ་ཡོང་གི་རེད། འོན་ཀྱང་མིས་བཟོས་པའི་ཕན་ཚུན་འཁྲུག་པ་རྒྱག་པ་དང༌། གཅིག་གིས་གཅིག་ལ་གནོད་པ་སྐྱེལ་རྒྱུ་དེ་མི་དགོས་པ་ཆགས་ཡོང་གི་རེད། ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་འགོག་བདེན་ལ་ཐར་པ་བཤད་པ་དེ་མི་སྒེར་སོ་སོའི་ཐར་པ་རེད། ངའི་ཐར་པ་འདི་སྤྱི་ཚོགས་ཀྱི་ཐར་པ་ཡིན་ཞེས་ཤོད་ཀྱི་ཡོད།

པ༽ རྒྱ་བོད་མི་རིགས་དང་། ཞི་མཐུན་མཉམ་གནས།

ང་ཚོས་བསམ་བློ་ཡག་པོ་ཞིག་བཏང་ན། བོད་ཀྱི་ལུང་པ་ཆེན་པོ་ཞིག་གི་ནང་ལ་མི་ས་ཡ་དྲུག་འ་འུབ་འདུས་ལ་མ་འདུས་བྱས་ནས་བསྡད་ཡོད་པ་དང༌། རྒྱ་མི་ཁོ་རང་ཚོའི་ལུང་པའི་ནང་ལ་མི་འབོར་ཆེ་དྲགས་ཏེ་བསྡད་ཡོད། མིས་མི་ལ་བརྩེ་བ་ཞིག་དང༌། མིས་མི་ལ་ཕ་མ་ཕྲུ་གུའི་འདུ་ཤེས་དངོས་གནས་དྲང་གནས་ཀྱི་ཕན་ཚུན་རོགས་རེས་ཁ་ཞེ་གཉིས་མེད་བྱས་ན། མཉམ་དུ་སྡོད་མི་ཐུབ་པ་ཞིག་མིན།
ཨུ་རུ་སུ་ལ་ཆ་བཞག་ན། ཡུལ་གྱི་བྱང་ཤར་ཁུལ་ས་ཆ་སྟོང་པ་རྒྱ་ཆེ་ཡོད་ཀྱང༌། མི་ཉུང་དྲགས་ནས་བེད་སྤྱོད་བྱེད་མ་ཐུབ་པར་ལྷག་བསྡད་ཡོད། རྒྱལ་ཁབ་ཕན་ཚུན་གྱི་སྐད་ཆ་དང༌། རྙོག་དྲ་དེ་གཡུགས་བཞག་ནས་དངོས་གནས་དྲང་གནས་མི་དང་མིའི་བརྩེ་བའི་བསམ་བློ་བཏང་ན་བྱེད་ཐུབ་རྒྱུ་ཞིག་ཡོད། དཔེར་ན། འཛམ་གླིང་གི་རྒྱལ་རབས་ནང་ལ་ཆ་བཞག་ན་ཡང༌། མི་རིགས་ཕན་ཚུན་ཐ་དད་ཡིན་པ་གཅིག་གྱུར་ཡོང་གི་ཡོད་ལ། ཡང་མི་རིགས་གཅིག་གྱུར་ཡིན་པ་ཞིག་ཐ་དད་ལ་འགྲོ་གི་ཡོད། དེ་དག་གི་རྩ་བ་བདེ་སྐྱིད་ལ་ཐུག་པ་རེད།
ང་རང་ཚོ་བོད་པར་ཆ་བཞག་ཀྱང་། སྔོན་མ་ནས་བཤད་ཡོད་ལ། ད་ལྟ་ཡང་ཤོད་མུས་ཡིན། བོད་མི་ས་ཡ་དྲུག་རྒྱ་མི་ས་ཡ་སྟོང་ཕྲག་གཅིག་དང་མཉམ་དུ་ཟླ་སྒྲིལ་བཏང་ན་ང་ཚོར་ཁེ་ཕན་ཆེ་བ་ཞིག་དངོས་ཡོད་གནས་ཚུལ་ཐོག་ཡོད་ན། ང་ཚོས་ཁས་ལེན་ཆོག་པ་ཞིག་རེད་བསམ་གྱི་འདུག བཅིངས་བཀྲོལ་བཏང་ལུགས་མིང་སྙན་པོ་གང་ཞིག་བཏགས་རུང་མ་བཏགས་རུང༌། བོད་མི་ས་ཡ་དྲུག་རྒྱ་མི་ས་ཡ་སྟོང་ཕྲག་གཅིག་དང་མཉམ་དུ་ཟླ་སྒྲིལ་བཏང་བའི་འབྲས་བུ་དང་། དོན་དངོས་པོའི་གནས་ཚུལ་ལ་ང་ཚོ་བོད་མི་རྣམས་རྒྱ་མིའི་ཚེ་གཡོག་ལྟ་བུ་ཆགས་ནས་བསྡད་ཡོད་སྟབས། དེ་ང་ཚོ་ནད་ཐེག་གི་མ་རེད། བོད་མི་ས་དྲུག་རྒྱ་མི་ས་ཡ་སྟོང་ཕྲག་གཅིག་དང་མཉམ་དུ་སྡོད་མིན་ཟེར་བ་དེ་རྒྱ་མིར་རག་ལས་པ་རེད། རྒྱ་མིས་བོད་པར་དངོས་གནས་དྲང་གནས་ཀྱི་འགྲོ་བ་མིའི་ཕ་མ་ཕྲུ་གུ་ལྟ་བུའི་བསམ་བློ་ཞིག་དང༌། རྒྱལ་མཚམས་རིས་མེད་རིང་ལུགས་ཀྱི་བསམ་བློའི་ཐོག་ནས་དངོས་གནས་ལག་ལེན་ཚུལ་བཞིན་བསྟར་ན་ཡོང་སྲིད་པ་ཞིག་རེད། ལག་ལེན་ངོ་མའི་ཐོག་ནས་དེ་ལྟར་སྟོན་ཐུབ་ན་ཁ་ནས་བཅིངས་བཀྲོལ་དང༌། སྤུན་ཟླ་སོགས་གང་ཞིག་བརྗོད་ཀྱང་། དེ་ལ་བོད་པ་མགོ་འཁོར་ནམ་ཡང་ཐེབས་ཐབས་མེད་ལ། བོད་པས་ཡིད་ཆེས་བྱེད་མི་ཐུབ།
བོད་མི་ས་ཡ་དྲུག་རྒྱ་མི་ས་ཡ་སྟོང་ཕྲག་གཅིག་དང་མཉམ་དུ་སྡོད་དང་མི་སྡོད་གདམ་ག་བྱེད་རྒྱུའི་ཐོབ་ཐང་ང་ཚོར་ཡོད། ང་ཚོས་རང་དགར་ཆབ་སྲིད་ཀྱི་རྩོད་པ་བྱས་པ་མ་ཡིན་པར་ཆེ་རུང་ཆུང་རུང་བོད་མི་ས་ཡ་དྲུག་གི་བདེ་བ་སྡུག་བསྔལ་གྱི་དོན་དག་ལ་ང་ཚོས་རྩོད་གླེང་བྱེད་ཀྱི་ཡོད་ལ། སྔར་ཆོས་རྒྱལ་ཚོས་རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད། ཅེས་གསུངས་པ་དེ་དངོས་གནས་བདེན་པ་རེད། རྒྱ་མི་བོད་ལ་བཅིངས་བཀྲོལ་གཏོང་བར་ཡོང་བ་ཡིན་ཟེར་གྱི་ཡོད། རྒྱ་མི་བོད་ལ་སླེབས་ནས་རྒྱ་མི་ཁོ་རང་ཚོ་གྲོ་ཞིབ་མང་བ་ཟ་གི་ཡོད། རྒྱ་མི་བོད་ལ་སླེབས་ནས་རྒྱ་མི་ཁོ་རང་ཚོ་གྲོ་ཞིབ་མང་བ་ཟ་གི་ཡོད་སྟབས་བོད་ལུང་པའི་ནང་ལ་དགུན་གྲོ་བཏབ། འདྲ་མིན་མང་པོ་བྱས། བོད་པ་ཁ་ཤས་ནི་མུ་གེས་ཤི། ཁ་ཤས་ནི་གྲོ་རྩམ་བཟས་ནས་བཤལ་ནད་ཐེབས་ཏེ་བསྡད་དགོས་པ་དེ་རིགས་རྙོག་དྲ་རེད།
ང་རང་ཚོ་བོད་བོད་ཡུལ་ལ་སྐྱིད་ཀྱི་རེད། བོད་ལུང་པའི་ནང་ལ་སྐུ་མགྲོན་གསར་པ་མི་དགོས་པའི་ཐོག་ནས་བསྡད་ན། དངོས་པོ་ཡར་རྒྱས་ཕྱིན་པའི་འཕྲུལ་འཁོར་ལ་སོགས་པ་མེད་ན་ཡང༌། རྒྱུན་ཟས་འབྲུ་རྩམ་འདང་ངེས་ཡོད་པ་དང༌། དེའི་ལྷག་མ་འབྲུ་ཆང་ཞིམ་ཐག་ཆོད་བཟོ་རྒྱུ་ཡོད། རྒྱ་རྒྱ་ཡུལ་སྐྱིད་པ་རེད། ཁོང་ཚོ་ས་མཐོ་པོར་ཡོང་སྟེ་དབུགས་མ་འདང་པའི་དཀའ་ངལ་དེ་ཡང་མྱོང་མི་དགོས་ལ། རྒྱ་མི་འབུ་ལ་དགའ་པོ་ཡོད་པས་རྒྱ་མཚོའི་ཉེ་སྐོར་ལ་བསྡད་ན་ཡག་པོ་འདུག ད་ཕན་རྒྱ་མི་བོད་ལ་སླེབས་ནས་ལོ་སུམ་ཅུ་སོ་གྲངས་ཕྱིན་པ་འདིའི་རིང་ལ་སྐད་ཆ་མང་པོ་གང་ཞིག་བཤད་རུང༌། དོན་དངོས་གནས་ཚུལ་ཐོག་རྒྱ་རྒྱ་ཡུལ་ལ་སྐྱིད་པ་དང༌། བོད་བོད་ཡུལ་ན་སྐྱིད་པའི་གནས་སྟངས་འདི་གའི་ཐོག་ཏུ་ཕྱིན་པ་ལས། དེ་ལ་འགྱུར་བ་ཕྱིན་མི་འདུག ངའི་གཞི་རྩའི་བསམ་བློ་དེ་རེད། ཁྱེད་རང་ཚོ་ཚང་མའི་སེམས་ལ་ངེས་སོང་ངམ། ཐུགས་རྗེ་ཆེ། ཧུར་ཐག་བྱེད་དགོས། ཞེས་བཀའ་སློབ་སྩལ།། །།