༄༅། །ཕྱི་ལོ་ ༡༩༨༢ ཟླ་ ༧ ཚེས་ ༢༢ ཉིན་གཞོན་ནུའི་འགན་འཛིན་ལྷན་ཚོགས་སུ་སྩལ་བའི་བཀའ་སློབ།

ཀ༽ འཐེན་འཁྱེར་གྱི་གནས་ཚུལ་དང་། གཉེན་འཕྲད་ཀྱི་ཕན་ཐོགས།

ང་ཚོའི་མཐུན་འབྲེལ་སྐོར་ལ་ཁྱེད་རང་ཚོ་ལ་མཐོང་ཚུལ་གང་འདྲ་འདུག་གམ། ང་ཚོའི་སྤྱི་ཚོགས་ནང་སྐད་ཆ་ལྷགས་པ་རིགས་གཅིག་ཆོས་ཀྱི་ཐོག་ནས་ཡོང་གི་ཡོད། སྔར་ཕྱི་ལོ་ ༡༩༥༩ ནས་ ༡༩༦༥ དེ་དག་གི་བར་དུ་ཆོས་ལུགས་འཐེན་འཁྱེར་ཕྲན་བུ་ཡོད་པ་ལྟ་བུ་ཞིག་བྱུང་ཡང༌། དེང་སང་ཆོས་ལུགས་འཐེན་འཁྱེར་དྲག་ཏུ་ཕྱིན་ཡོད།
བོད་ནས་ཚུར་གཉེན་འཕྲད་ཡོང་མཁན་དང༌། ཕར་འགྲོ་རྒྱུའི་གོ་སྐབས་བྱུང་བ་འདིས་རྐྱེན་བྱས་ཏེ་ང་རང་ཚོ་རྒྱ་གར་ནང་ལ་ཡོད་པའི་སྤྱི་ཚོགས་ནང་ལ་ཕན་ཐོགས་གང་ཞིག་བྱུང་འདུག་གམ། བོད་ནང་གི་མི་ཚོས་དཀའ་ངལ་གང་འདྲ་མྱངས་པ་དང༌། ད་ལྟ་སེམས་ཤུགས་གང་འདྲ་ཡོད་པའི་གནས་ཚུལ་དེ་དག་གོ་ཐོས་ཡོང་སྐབས་ང་ཚོར་སེམས་ཤུགས་བསྐྱེད་པ་དང༌། བསམ་བློ་གསར་པ་འཁོར་རྒྱུར་ཕྲན་བུ་ཕན་གྱི་རེད་བསམ་པ་འདུག
བར་སྐབས་ཆོལ་ཁའི་འཐེན་འཁྱེར་སྐད་ཆ་ཕྲན་བུ་ལྷགས་པ་དེ་རེ་ཟུང་གིས་རྒྱུད་བསྐུལ་བྱས་ནས་སྤྱི་ཚོགས་ནང་མངོན་གསལ་དོད་པོ་ཆགས་པའམ། ངོ་ཐོག་བོད་པའི་སྤྱི་ཚོགས་ནང་ལ་ཆོལ་ཁའི་འཐེན་འཁྱེར་གྱི་བསམ་བློ་ཤུགས་ཆེན་པོ་ཡོད་པ་ཞིག་མཐོང་གི་འདུག་གམ། ཕན་ཚུན་གནས་ཚུལ་གསལ་པོ་མ་རྟོགས་པར་བསམ་བློའི་ནང་དོགས་པ་རྣམ་རྟོག་སླེབས་པ་དང་། འཕྲལ་སེལ་སྐད་ཆ་བཤད་མཁས་མ་མཁས་ལ་ཚིག་གནད་སྒྲུག་རེས་བྱས་པ་སོགས་ཀྱི་རྣམ་འགྱུར་ཐོན་པ་དེ་མངོན་གསལ་དོད་པོ་མཐོང་བ་ལས། ངོ་ཐོག་དོན་དམ་པའི་ཐོག་ནས་བྱས་ན་ཚང་མ་ཡག་ཐག་ཆོད་རེད། དེ་ཙམ་གྱི་འགལ་བ་ངས་མཐོང་གི་མི་འདུག ཡིན་ན་ཡང་འདི་རིགས་ལ་དོ་སྣང་བྱས་ཏེ་ཕྱིན་ཆད་མི་འབྱུང་བའི་ཐབས་ཤེས་བྱེད་དགོས་པ་ཞིག་རེད།

ཁ༽ གཞོན་ནུའི་གལ་གནད་དང་། བཟང་སྤྱོད་ཀྱི་རིན་ཐང་།

སྤྱི་ཚོགས་གང་དུ་ཡིན་ན་ཡང་གཞོན་ནུ་རྣམས་གལ་ཆེན་པོ་རེད། ང་རང་ཚོ་བོད་པའི་གཞོན་ནུ་ཚོ་འཛམ་བུ་གླིང་འདིའི་སྒང་ལ་དངོས་གནས་རང་སྤམ་ཤོར་མི་དགོས་པ་ཞིག་དང༌། ཆ་འཇོག་ཡོད་པ། སྤོབས་པ་སྐྱེ་འོས་པ་ཞིག་ཆགས་ཡོད་པ་ཧ་ཅང་ཡག་པོ་རེད། ཁྱེད་རང་ཚོ་གཞོན་ནུའི་སྒྲིག་འཛུགས་བཙུགས་ནས་ད་བར་གང་ཡོད་ཅི་ཡོང་ཧུར་ཐག་བྱས་པར་བརྟེན། སྤྱིར་བཏང་སྤྱི་ཚོགས་ནང་གཞོན་ནུའི་སྒྲིག་འཛུགས་ལ་ཆ་འཇོག་དང༌། བརྩི་མཐོང་ཇེ་ཆེ་ཇེ་ཆེར་ཕྱིན་པ་ཡག་པོ་བྱུང་འདུག ད་བར་ཧུར་ཐག་བྱས་པ་ལ་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ད་དུང་མ་འོངས་པར་ད་ཕན་དུས་ཚོད་ཕྱིན་པ་ལས་འགྲོ་རྒྱུ་མང་བ་བསྡད་ཡོད། དཀའ་ངལ་ལ་གདོང་ལེན་བྱེད་དགོས་པ་རིམ་པ་མང་པོ་ཞིག་ཡོང་རྒྱུ་ཡིན་པ་ཐག་ཆོད་པ་རེད། ཚང་མས་སྔར་བཞིན་སེམས་ཤུགས་མ་ཆག་པར་ཧུར་ཐག་བྱེད་རོགས་ཟེར་རྒྱུ་ཡིན།
ནམ་རྒྱུན་ངས་མཐོང་ཚུལ་བཤད་མུས་ལྟར། མ་གཞི་ཚང་མས་ཤེས་གསལ་རེད། ང་རང་ཚོ་བོད་པར་སྤྱིར་བཏང་རྗེས་ལུས་ཀྱི་རྣམ་པ་མང་པོ་ཡོད་ཀྱང་། ང་རང་ཚོ་བོད་པ་ཟེར་མཁན་དེ་གཞུང་བཟང་པོ་ཡོད་པ་དང༌། མི་ཡིད་ཆེས་འཕེར་བ་ཞིག་ཡིན་པ་བོད་པ་དང་འབྲེལ་བ་ཡོད་མཁན་མང་པོའི་བསམ་ཚུལ་དང་མཐོང་ཚུལ་ཡོང་གི་ཡོད། འདི་དངོས་གནས་ཧ་ཅང་རྩ་བ་ཆེན་པོ་རེད། ཤེས་བྱ་ཡོན་ཏན་ཡོད་མེད༌དང་། འབྱོར་པ་ཆེ་ཆུང་ཇི་ལྟར་ཡང་། མིའི་ཡ་རབས་སྤྱོད་བཟང་ཞེས་པ་དེ་ནི་རིན་ཐང་བྲལ་བའི་དངོས་པོ་ཞིག་རེད། སྤྱིར་བཏང་བོད་པ་འདྲིས་རྒྱུས་ཡོད་རིགས་དང༌། རྒྱ་མིའི་ནང་ནས་ཀྱང་བོད་མི་རིགས་ནི་སེམས་པ་བཟང་པོ་དང༌། གཤིས་ཀ་ཡག་པོ་རེད་ཅེས་ཤོད་ཀྱི་འདུག ནུབ་ཕྱོགས་རྒྱལ་ཁབ་ནང་དང༌། རྒྱ་གར་ནང་ལ་ཡང་དེ་བཞིན་ཤོད་མཁན་ཡོང་གི་ཡོད། གནས་ཚུལ་དེར་ང་ཚོས་ལྷོད་ཡངས་དང༌། སྣང་ཆུང༌། དོ་སྣང་མེད་པར་འཇོག་རྒྱུ་ཞིག་རྩ་བ་ནས་མིན། ཁ་ནས་བརྒྱ་བཤད་སྟོང་བཤད་ཇི་ལྟར་བྱས་ཀྱང༌། དོན་དག་ཡང་སྙིང་རང་རང་སོ་སོའི་ཀུན་སྤྱོད་དེ་འཛམ་བུ་གླིང་འདིའི་སྒང་ལ་མི་ཡ་རབས་ཀྱི་གྲས་ལ་སླེབ་ཐུབ་པ་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་འདུག
ངོས་རང་ལ་ཆ་བཞག་ན་ཡང༌། ང་རྒྱལ་བ་རིན་པོ་ཆེ་ཡིན། ཆོས་པ་ཡིན། བླ་མ་ཡིན་ཞེས་ཇི་ལྟར་བརྗོད་ཀྱང་། དོན་དག་ཡང་སྙིང་སོ་སོའི་ཉིན་ཞག་ཕྲུགས་གཅིག་གི་སྤྱོད་པའི་ནང་ལ་ཡ་རབས་ཟེར་བ་དེར་ཁ་མིག་ཡར་བལྟ་བྱས་ཏེ་ངས་མ་རབས་མི་བྱེད་བསམ་པ་ཞིག་དང༌། ངས་ཡ་རབས་ལ་འབད་བརྩོན་དང་། འགྱོད་པ་མེད་བསམ་པ་ཞིག་བྱེད་ཀྱི་ཡོད་ལ། ང་རང་ཚོ་རང་གཞན་སུ་ཡིན་ན་ཡང་དེ་ཤིན་ཏུ་རྩ་བ་ཆེན་པོ་རེད། ཤིན་ཏུ་གལ་ཆེན་པོ་རེད་བསམ་གྱི་འདུག མི་ཞིག་ཡིན་ཕྱིན་ཆད་ལ་ཡ་རབས་ཀྱི་སྤྱོད་ལམ་བྱུང་ན་རང་དང་གཞན། ཚེ་འདི་དང་ཕྱི་མ། འཕྲལ་དང་ཡུན་གང་དུ་ཡང་ཕན་ཐོགས་ཡོང་གི་རེད།
ང་ཚོ་བོད་པས་བདེན་པའི་དོན་དག་ལ་རྩོད་པ་རྒྱག་གི་ཡོད། རྩོད་པ་རྒྱག་མཁན་གྱི་མི་དེས་ཡ་རབས་ཀྱི་ཐོག་ནས་སྐད་ཆ་བཤད་ན་ནུས་པ་ཆེ་བ་ཡོད། སོ་སོས་རྒྱུན་དུ་མ་རབས་བྱས་ན་དེའི་ཁ་ནས་སྐད་ཆ་དྲང་བདེན་ཞིག་བཤད་ཀྱང༌དེ་ལ་ཆ་འཇོག་དང༌། རིན་ཐང་མི་འདྲ་བ་ཡོང་ངེས་རེད། དབང་དང་ནུས་ཤུགས་ཀྱི་གནས་ཚུལ་ཐ་དད་རེད། འཛམ་གླིང་འདིའི་སྟེང་དུ་སྤྱིར་བཏང་གཞི་རྩའི་ཆ་ནས་དྲང་བདེན་ཞེས་པ་དེ་གལ་ཆེ་ལ། བདེན་པའི་ཆ་རྐྱེན་གཅིག་ནི། བདེན་པའི་ཚིག་བདེ་སྤྱོད་བྱེད་མཁན་གང་ཟག་རང་ཉིད་བདེན་པ་བདེན་གཏུགས་བྱེད་མཁན་ཞིག་ཡིན་དགོས་ཤིང་། གང་ཟག་རང་ཉིད་ཁྲམ་པ་ཁྲམ་ནག་ཡིན་ན། དེའི་སྐད་ཆར་སུས་ཀྱང་ཆ་འཇོག་མི་བྱེད་པ་ཡིན། ཆོས་ཁས་བླངས་མིན་དང༌། སྐྱེ་བ་ཕྱི་མའི་སྐད་ཆ་བཤད་མིན་ཇི་ལྟར་ཡང༌། མིའི་འཚོ་བའི་ནང་དུ་ཡ་རབས་སྤྱོད་བཟང་བྱེད་རྒྱུ་དེ་ཤིན་ཏུ་རྩ་བ་ཆེན་པོ་རེད། དེ་སྐོར་ངོས་ནས་ཡང་ཡང་བརྗོད་ཀྱི་ཡོད་ཀྱང༌། དོ་སྣང་མ་བྱས་ན་སྡུག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད།
དཔེར་ན་རྒྱ་གར་ནང་ལ་ཆ་བཞག་ན། རྒྱ་གར་ནི་སྟོན་པ་བཅོས་ལྡན་འདས་ཀྱི་འཁྲུངས་ཡུལ་རེད། དེང་སྐབས་སུ་ཡང་རྒྱ་གར་ནང་གི་མི་བོད་པའི་གནས་ཚུལ་ཕྲན་བུ་ཤེས་མཁན་དང་། ཆབ་སྲིད་མཁན་དང༌། ཤེས་ཡོན་ཅན། གྲུབ་མཐའ་སྨྲ་བ། ཆོས་པ་སོགས་གང་འདྲ་ཞིག་ཡིན་ན་ཡང༌། གང་ལྟར་ང་ཚོ་བོད་པར་ཤ་ཚ་ཡོད་པ་དང༌། ང་རང་ཚོར་དགའ་པོ་བྱེད་པ་དང་། ང་ཚོར་རོགས་རམ་དང༌རྒྱབ་སྐྱོར་བྱེད་ཀྱི་ཡོད། དངོས་གནས་དྲང་གནས་བརྩི་བཀུར་འོས་པ་རེད། ཡིན་ན་ཡང་རེ་ཟུང་གི་གཤིས་ཀ་དམར་ཤེད་ཚ་པོ། ཁྱད་མཚར་པོ་དེ་འདྲ་ཡང་ཡོང་གི་འདུག ཕར་གུས་ཞབས་དང་གཉོམ་ཆུང་བྱས་ན། ཚུར་མཐོང་ཆུང་བྱེད་མཁན་ལྟ་བུ་དང་། ཕར་གྱོང་ཙམ་བྱས་ན་གཉོམ་ཆུང་དུ་འགྲོ་གི་ཡོད་པ་དེ་འདྲ་སྐབས་རེ་ཡོང་གི་འདུག འདི་རིགས་ཀྱི་གཤིས་ཀ་ག་ལེར་སྣང་མེད་ཐོག་ནས་བོད་པར་འགོས་ན་ཤིན་ཏུ་ཕངས་པོ་རེད།
ཕར་ཕྱོགས་བོད་ནང་ལ་ཡོད་པའི་མི་ཚོར་རྒྱ་མིའི་གདུག་རྩུབ་དང༌། གཅིག་གིས་གཅིག་ལ་དོགས་པ་རྣམ་རྟོག་བྱེད་པའི་གཤིས་ཀ་གཅིག་འགོས་པ་དང་། ང་ཚོ་འདིར་མི་གཞན་གྱི་ལུང་པར་སྡོད་མཁན་ཚོར་གཡོ་སྒྱུ་ཁྲམ་པ་བྱེད་པའི་གཤིས་ཀ་དེ་འདྲ་འགོས་ན། ང་ཚོས་རང་བཙན་དང་རང་བཙན་ཞེས་སྐད་རྒྱག་གི་ཡོད་ཀྱང༌། ཕྱིན་ཆད་བོད་ལུང་པའི་ནང་སྡོད་མཁན་ཁོ་རང་མ་རབས་རུབ་ཚོགས་ཆགས་ན། རང་བཙན་བྱུང་ནའང་དགའ་རྒྱུ་གང་ཞིག་ཡོད་དམ། གཅིག་གིས་གཅིག་ལ་ཐུབ་ཚོད་བྱེད་པ་དང༌། གསོད་རེས་གཏོང་རྒྱུ་སོགས་ད་ལྟ་ལས་སྡུག་པ་ཞིག་ཡོང་མི་སྲིད་པ་མིན། ང་ཚོས་རང་བཙན་དགོས་ཟེར་བ་དང༌། ང་ཚོ་རྒྱ་མིའི་འོག་ལ་སྡོད་ཀྱི་མིན་ཟེར་བ་འདི་ང་ཚོ་སྐྱིད་པོ་ཞིག་བྱུང་ན་བསམས་ནས་བཤད་པ་ལས། མིང་ཚིག་སྐམ་པོ་ཞིག་གི་དོན་ལ་བརྗོད་ཀྱི་མེད། རྩ་བ་མིའི་སྤྱོད་པ་དང༌། མིའི་བསམ་བློ་དེ་ཡག་པོ་ཞིག་བྱུང་མ་ཐུབ་ན་ཆབ་སྲིད་ཀྱི་རང་བཙན་དང༌། དཔལ་འབྱོར་རང་བཙན་གང་ཞིག་བྱུང་ནའང་ཧ་ལས་རྒྱུ་གང་ཡང་མེད། མིའི་སྤྱི་ཚོགས་ནང་ལ་བདེ་སྐྱིད་གང་འདྲ་ཞིག་ཡོང་མིན་ནི་མིའི་སྤྱོད་ལམ་ལ་རག་ལས་པ་ཡིན་པས། མིའི་ཡ་རབས་སྤྱོད་བཟང་ཚད་ལོངས་པ་ཞིག་དང༌། མིག་དཔེ་བལྟ་འོས་པ་ཞིག་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།
ལག་པར་འཕྲེང་བ་འཁྱེར་ནས་མ་ཎི་བགྲང་མིན་ཇི་ལྟར་ཡང་། གང་ལྟར་ཉིན་རེའི་མི་ཚེའི་ནང་ལ་ཡ་རབས་བྱེད་རྒྱུ་འདི་མིའི་སྲོག་དང་འདྲ་བར་གལ་ཆེན་རེད་སྙམ། ངོས་རང་ས་ཆ་གང་དུ་ཕྱིན་ཀྱང༌། མི་གཞན་ལའང་འདི་རང་བརྗོད་ཀྱི་ཡོད། ང་ཚོ་མི་ཡིན་པ་གཅིག་གྱུར་དང་། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་པས། ཐེག་པ་ཆེན་པོའི་བསླབ་བྱ་འདི་དག་མིའི་སྤྱི་ཚོགས་ནང་བདེ་སྐྱིད་ཀྱི་རྩ་བ་རེད་བསམ་གྱི་འདུག
དེས་ན་རང་ལས་གཞན་གཙོ་ཆེ་བར་བྱེད་པའི་ཡ་རབས་ཀྱི་སྤྱོད་པ་འདི་མིའི་སྲོག་དང་འདྲ་བ་ཡིན་པས་འདི་ཁྱེད་རང་ཚོའི་སེམས་ལ་འཇགས་པ་བྱེད་དགོས། ནམ་ཡིན་ཡང་རང་ཉིད་ཀྱིས་དེའི་ཐོག་ལ་ཞུ་དག་གཏོང་བ་དང་། དེ་དང་ཆབས་ཅིག་སོ་སོའི་བཟའ་ཚང་བུ་ཕྲུག་དང༌། དེ་བཞིན་རང་ཉིད་ཀྱི་དགའ་ཉེ་བློ་དཀར་དག་ལའང་སྤེལ་ཐབས་བྱེད་དགོས། སྤྱིར་བཏང་ང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་དེ་ལྟའི་མིག་ལྟོས་བཟང་པོ་ཡོད་ཀྱང༌། ད་དུང་ཡང་རྒྱུ་མཚན་ལྡན་པའི་གནད་དོན་གལ་ཆེ་འདི་མ་ཉམས་པའི་རྒྱུན་འཛིན་གོང་སྤེལ་ཐུབ་ཐབས་བྱེད་དགོས།

ག༽ མི་རིགས་ཀྱི་སྤོབས་པ་དང་། བོད་མིའི་སྤུས་ཚད།

ང་ཚོ་བོད་མི་རིགས་ཡིན་ཅིང་། བོད་རིགས་ལ་ཐུན་མོང་མ་ཡིན་པའི་རྣམ་པ་ཞིག་ཡོད། དེ་ཡང་ང་ཚོ་སྤོབས་པ་སྐྱེ་འོས་པ་ཞིག་ཡོད་པ་ལས། ངོ་ཚ་དགོས་པ་དང་ཞུམ་དགོས་པ་རྩ་བ་ནས་མིན། བོད་ནང་ལ་ཡོད་པའི་རྒྱ་ཆེའི་མི་མང་རྣམས་ལོ་མང་རིང་དཀའ་སྡུག་གི་འཕྲང་ལམ་འགྲིམས་ནས་ཡོང་བ་ཡིན། དེའི་རིང་ལ་བོད་མི་རིགས་ཀྱི་ཆེ་མཐོང་ཇི་ཙམ་ཡོད་པ་དང༌། བོད་མི་རིགས་ཇི་ཙམ་མཁྲེགས་པོ་ཡོད་པ་དེ་གསལ་པོ་ཆགས་ཡོད། རྒྱ་མིས་བོད་པར་དབང་ཡོད་དང་ཐུབ་ཚོད་ཤོད་ཀྱི་ཡོད་ཀྱང༌། བོད་པ་རྣམས་མཁྲེགས་ལོས་ཇི་ལྟར་ཡོད་མེད་ལ་རྒྱ་མི་ཁོ་རང་ཚོ་ཡང་ཧ་ལས་དགོས་པ་ཞིག་ཆགས་བསྡད་ཡོད།
སྤྱིར་བཏང་ཆབ་སྲིད་ཀྱི་གནས་སྟངས་དང༌། འཛམ་གླིང་འཕོ་འགྱུར་གྱི་གནས་སྟངས་ཐོག་ནས་བལྟས་ན། བོད་ནག་སུབ་འགྲོ་རྒྱུའི་དུས་ལ་སླེབས་ཀྱང་། བོད་པ་ཚོས་དཀའ་ངལ་ལ་གདོང་ལེན་བྱས་ཏེ་ད་དུང་དབུགས་མ་ཆད་པར་གཡོ་འགུལ་བྱས་ཏེ་བསྐྱར་ལངས་ཐུབ་པའི་རེ་བ་ཡོད་པའི་གནས་སྟངས་ཐོག་བསྡད་ཡོད། བོད་པ་གྱོང་ལོས་ཇི་འདྲ་ཡོད་མེད་དེ་བཙོན་ཁང་ནས་ཤེས་རྟོགས་ཐུབ་ཀྱི་འདུག ནམ་རྒྱུན་ཁ་བདེ་པོ་སུས་ཀྱང་ཤོད་ཐུབ་ཀྱང་། དོན་དངོས་ཐོག་རྒྱ་མིས་འཐབ་འཛིང་བཏང༌བ་དང་། བཙོན་དུ་བཅུག་སྟེ་ལོ་ནས་ལོ་སྦྲེལ་ཏེ་སྡུག་སྦྱོང་གཏོང་སྐབས་མི་འགའ་ཤས་ལྕགས་ལྟ་བུར་འགྱུར་བ་མེད་པ་སྡོད་མཁན་ཡོད།
ཡང་མི་འགའ་ཤས་རྣམ་ཀུན་ཆ་འཇོག་འོས་པའི་གྲས་ཡིན་ན་ཡང༌། གང་འཚམ་ཞིག་ནས་སླ་པོ་ཆགས་ཀྱི་འདུག མི་རིགས་གཅིག་ལ་ཆ་མཚོན་ན་མི་རིགས་དེ་མཁྲེགས་ལོས་གང་འདྲ་ཡོད་མེད་དང་། མི་རིགས་དེ་ལ་རིན་ཐང་གང་འདྲ་ཡོད་མེད། དེ་དཀའ་སྡུག་མྱངས་ན་ཤེས་ཀྱི་རེད། ང་ཚོ་བོད་མི་རིགས་ཀྱི་འདས་པའི་ལོ་རྒྱུས་དང༌། དེང་སང་གི་གནས་ཚུལ་གང་ལ་གཞིགས་ཀྱང་རླབས་ཆེན་གྱི་མི་རིགས་ཤིག་ཡིན་ངེས་རེད། དེས་ན་ང་རང་ཚོ་བོད་པ་ཡིན་བསམ་པའི་སྤོབས་པ་བྱེད་ཆོག་པ་ཞིག་རེད། དེ་ནི་མི་གཞན་ལ་མཐོང་ཆུང་བྱེད་པའི་སྐད་ཆ་མིན་ལ། ང་ཚོ་བོད་མི་རིགས་འདི་དངོས་གནས་དྲང་གནས་ཀྱི་རླབས་ཆེན་དང༌། ལོ་རྒྱུས་ལྡན་པ། རིག་གཞུང་དང་བསམ་བློའི་ཐོག་དུས་རབས་མང་པོ་ཞིག་གི་རིང་ལ་ཡར་རྒྱས་ཕྱིན་པའི་མི་རིགས་གཅིག་ཡིན་བསམ་པའི་སྤོབས་པ་དང༌། སོ་སོའི་མི་རིགས་ལ་གཅེས་ཞེན་བྱ་རྒྱུ་གལ་ཆེན་པོ་རེད།

ང༽ མི་རིགས་ཀྱི་ལྟ་བ་དང་། མ་འོངས་པའི་འགྲོ་ལུགས།

མ་འོངས་པར་འཛམ་བུ་གླིང་འདིའི་སྒང་ལ་མི་རིགས་ཀྱི་སྐད་ཆ་མ་བཤད་པར་ཚང་མ་མི་གཅིག་གྱུར་ཡིན་པའི་ལྟ་བ་ཞིག་དང༌། ལྟ་བ་དེ་དང་འབྲེལ་བའི་སྤྱི་ཚོགས་ཀྱི་འགྲོ་སྟངས། དཔལ་འབྱོར་གྱི་འགྲོ་སྟངས། ཆབ་སྲིད་ཀྱི་འགྲོ་སྟངས་ཚང་མ་གཅིག་གྱུར་ཆགས་ན། ང་ཚོ་དགའ་ཞིང་སྤྲོ་བཞིན་དུ་མཉམ་དུ་འགྲོ་རྒྱུ་རེད། ང་ཚོ་བོད་མི་རིགས་དང༌། རྒྱ་མི་རིགས་དང༌། ནུབ་ཕྱོགས་མི་རིགས་ཞེས་བཤད་རྒྱུའི་དུས་ཚོད་རྫོགས་ན་དགའ་བསུ་ཞུ་འོས་པ་དང་། དགོས་པ་ཞིག་ཀྱང་རེད། དེ་ལྟའི་དུས་ཚོད་མ་ཤར་བར་ལུང་པ་ཆེན་པོ་དེ་དག་དང་མཉམ་དུ་བསྡད་ནས་སོ་སོའི་མི་རིགས་ཀྱི་སྐད་ཆ་བཤད་རྒྱུའི་དུས་ཚོད་ཡོད་པའི་རིང་ལ་ང་ཚོས་བོད་མི་རིགས་རྩ་བརླག་འགྲོ་བའི་ཉེན་ཁ་ལས་སྐྱོབ་པའི་ཆེད་དུ་སོ་སོའི་མི་རིགས་ཀྱི་དོན་དག་བསམ་བློ་གཏོང་དགོས་པ་དང༌། སྐད་ཆ་ཤོད་རྒྱུ་དེ་འོས་པ་རེད། རྒྱུ་མཚན་ལྡན་དང་ཞིག་ཡིན་སྟབས། སོ་སོའི་མི་རིགས་ལྟ་བ་དེ་གལ་ཆེན་པོ་རེད།
བོད་ནང་ལ་ཆ་བཞག་ན། མི་རིགས་ཀྱི་ལྟ་བ་འཛིན་མཁན་མང་པོ་ཡོད། སྔོན་མ་ནས་ངས་བཤད་ཡོད་པ་ལྟར། ཕུན་ཚོགས་དབང་རྒྱལ་ལ་སོགས་པ་དེ་རིགས་སོ་སོ་སྒེར་གྱི་ལྟ་བ་དམར་པོའི་ལྟ་བ་རེད། གུང་བྲན་ཏང་ཡོན་རེད། མི་རིགས་ཀྱི་ལྟ་བ་ཤུགས་ཆེན་པོ་ཟིན་ནས་བསྡད་པ་རེད། དེང་སང་ཡང་བོད་ནང་ལ་མི་རིགས་ཀྱི་ལྟ་བ་ཤུགས་ཆེན་པོ་ཡོད་ཚོད་འདུག དེ་སྔ་ཡིན་ན་བོད་དང་བོད་ཆེན་པོ་དབྱེ་བ་འབྱེད་སྐབས་ཆོས་ཀྱི་ཐོག་ནས་གཅིག་གྱུར་གྱི་ནུས་པ་ཐོན་པ་ལས། དཔལ་འབྱོར་གྱི་འགྲོ་སྟངས་དང༌། ཆབ་སྲིད་ཀྱི་འགྲོ་སྟངས་ཐོག་ནས་མི་རིགས་གཅིག་གྱུར་གྱི་བསམ་བློ་ཤུགས་ཆེན་པོ་དེ་ཙམ་མེད་ཅིང་། བར་ལམ་རྐྱེན་ངན་བྱུང་བ་དེ་གྲོགས་ལ་ཤར་བ་ལྟ་བུ་བྱས་ཏེ། དེང་སང་མི་རིགས་གཅིག་གྱུར་གྱི་ལྟ་བ་དེ་དངོས་གནས་ཤུགས་ཆེན་པོ་སླེབས་ཀྱི་འདུག ཨ་མདོ་ཁུལ་དང༌། ཁམས་ཁུལ་ལ་ང་ཚོ་གངས་ཅན་པ་ཟེར་ནས་མི་རིགས་གཅིག་གྱུར་གྱི་ལྟ་བ་ཤུགས་ཆེན་པོ་སླེབས་ཡོང་གི་ཡོད་པ་འདི་རྩ་བ་ཆེན་པོ་རེད། ང་རང་ཚོས་མི་རིགས་ཀྱི་ལྟ་བ་འཛིན་རྒྱུ་གལ་ཆེན་པོ་རེད།

ཅ༽ སྐད་ཡིག་སློབ་སྦྱོང་དང་། རིག་གཞུང་རྒྱུན་འཛིན།

ང་རང་ཚོ་བོད་པ་རེད། སོ་སོས་བོད་པའི་རྣམ་འགྱུར་འཛིན་ཐུབ་པ་དང༌། བོད་པའི་རྣམ་འགྱུར་སྟོན་ཐུབ་པ་ཞིག་བྱེད་དགོས་ལ། རང་ཉིད་ཀྱི་ངོས་ནས་བོད་སྐད་དང་བོད་ཡིག་ཡག་པོ་མ་ཤེས་ཤིང་། བོད་ཀྱི་རིགས་གཞུང་སྐོར་གང་ཡང་མ་ཤེས་ན་ཧ་ཅང་ཐབས་སྐྱོ་པོ་རེད། བོད་ཀྱི་སྐད་ཡིག་ཐོག་དོ་སྣང་ཆེན་པོ་བྱེད་དགོས་ཀྱི་འདུག སྔོན་མ་ང་ཚོ་གཞན་ཡུལ་དུ་སླེབས་སྐབས་དེང་དུས་ཀྱི་ཤེས་ཡོན་ཐོག་ལ་རྗེས་ལུས་ཆེན་པོ་ཐེབས་ཡོད་སྟབས། དེའི་ཐོག་ལ་དོ་སྣང་བྱས་ཏེ་ཤུགས་བསྒྲིལ་བ་རེད། ད་ཆ་ང་ཚོ་གཞན་ཡུལ་དུ་སླེབས་ནས་ལོ་ཉེར་གསུམ་ལྷག་ཕྱིན་ཏེ་སྤྱིར་བཏང་སློབ་གྲྭ་འགྲིམས་པའི་ཕྲུ་གུ་གང་ལ་གང་འཚམ་ཐོན་ཡོང་གི་ཡོད། ནུབ་ཕྱོགས་པའི་སྐད་ཡིག་བརྒྱུད་ནས་ཤེས་ཡོན་ང་ཚོའི་ཆ་རྐྱེན་དང་གནས་ཚུལ་ལ་གཞིགས་པས་ཡག་ཐག་ཆོད་ཡོད། ད་དུང་ཡང་ཡར་རྒྱས་གཏོང་རྒྱུར་མཐའ་མེད་པས་ཡར་རྒྱས་གཏོང་དགོས།
སྤྱིར་བཏང་ཆ་སྙོམས་བྱས་ནས་བཤད་ན། ང་རང་ཚོ་སོ་སོའི་ཆོས་དང་རིག་གཞུང་ཐོག་ལ་དོ་སྣང་བྱེད་མཁན་དཀོན་པོ་འདུག དེ་ནི་ད་ལྟའི་ཆར་ཉིན་རེའི་འཚོ་བའི་ནང་ལ་དེ་ཙམ་དགོས་མཁོ་མེད་པ་ལྟ་བུར་མཐོང་སྟེ་ལྷོད་ཡངས་དང་། སྣང་ཆུང་དུ་སོང་ནས་འཐུས་ཤོར་འགྲོ་གི་མེད་དམ་སྙམ། ཁ་སང་ས་གནས་གཞོན་ནུ་ཚོར་སྐད་ཆ་བྱུང་བ་བཞིན། དེ་ལ་དོ་སྣང་ངེས་པར་དུ་བྱེད་དགོས། ང་ཚོས་རྒྱ་མིར་ཕར་མཛུབ་མོ་བཙུགས་ཏེ་ང་ཚོའི་རིག་གཞུང་རྩ་གཏོར་གཏོང་གི་འདུག་ཅེས་ཤོད་ཀྱི་ཡོད། རྒྱ་མི་ཚུར་ཡོང་སྟེ་ཁྱེད་རང་ཚོས་རིག་གཞུང་ཇི་ཙམ་ཤེས་ཀྱི་ཡོད་ཅེས་དྲིས་ན། མགོ་འཕུར་ནས་སྡོད་དགོས་བྱུང་ན་ངོ་ཚ་པོ་ཆགས་ངེས་ཡིན། བོད་ནང་ལ་བྱེད་མི་ཆོག་པའི་བཀག་སྡོམ་ཡོད་པའི་རྐྱེན་གྱིས་བོད་པ་ཚོས་བོད་ཡིག་དང༌། བོད་ཀྱི་རིག་གཞུང་སློབ་སྦྱོང་བྱེད་རྒྱུར་འཐུས་ཤོར་ཕྱིན་པ་རེད། ང་ཚོ་མིའི་ལུང་པར་བཀག་སྡོམ་བྱེད་མཁན་སུ་ཡང་མེད། བཀག་སྡོམ་བྱེད་མཁན་མེད་པའི་གནས་ཚུལ་འོག་ནས་འཐུས་ཤོར་ཕྱིན་ན། ངོ་ཚ་པོ་དང་གྱོང་ཆེན་པོ་རེད། འདི་ལ་ང་ཚོས་དོ་སྣང་བྱེད་དགོས།

ཆ༽ ཆང་རག་ཉལ་ཐག་དང་། བག་མེད་ཀྱི་རྒྱན་རྩེད།

སྔོན་མ་ནས་ངས་རྟག་པར་བརྗོད་མུས་བཞིན། གཞོན་སྐྱེས་ཚོའི་ནང་ནས་ཐ་མག་གང་བྱུང་འཐེན་པ་དང༌། ཆང་རག་ཤུགས་ཆེ་འཐུང་བ་དེ་རིགས་ལ་ཡིད་གཟབ་བྱེད་དགོས། དེ་དག་ཁྲིམས་འགལ་ལྟ་བུ་མིན་ཡང༌། མིའི་བསམ་བློ་དང་ཀུན་སྤྱོད་ཉམས་བསླད་འགྲོ་གི་ཡོད། ཐོག་མར་ཆང་རག་འཐུང་མཁན་གྱི་གྲོགས་པོ་ངན་པའི་ཤུགས་རྐྱེན་གྱིས་རང་ཉིད་ཀྱིས་དང་པོ་ཆང་ཕྲན་བུ་བཏུང༌། དེ་ཁ་ལ་ཞིམ་པོ་དང་ཡིད་ཚིམ་པོ་ལྟ་བུ་ཞིག་ཡོང་སྐབས། བདུན་ཕྲག་གཉིས་པའི་ནང་ལ་དེ་ལས་ཀྱང་མང་དུ་བཏང༌བ་དང་། དེ་ནས་ཟླ་བ་གཅིག་འགྲོ་སྐབས་དེ་ལས་ཀྱང་མང་བ་བཏུང་། གང་འཚམ་ཞིག་ནས་ཞོགས་ཇ་མ་འཐུང་གོང་ནས་ཆང་རག་འཐུང་དགོས་པ་ཞིག་ཆགས་ན་དགོས་པ་ཅི་ཡང་མེད། དེ་ནི་རང་ཉིད་ཀྱི་དངུལ་ཆུད་ཟོས་དང་། ལུས་པོའི་འཕྲོད་བསྟེན་ལ་འཐུས་ཤོར། སྤྱི་ཚོགས་ནང་ལ་ཁོ་ཆང་སྐྱལ་རེད་ཅེས་འཕྱ་སྨོད་མྱོང་དགོས་པ། སྤྱི་སྒེར་གང་ཅིའི་ལས་ཀར་འཐུས་ཤོར་འགྲོ་རྒྱུར་མ་ཟད། ད་དུང་ར་བཟི་རྗེས་ཁྲིམས་འགལ་བྱེད་པའི་ཉེན་ཁ་ཆེ་བས། ཆང་རག་འཐུང་ཚོད་བྱ་རྒྱུར་དོ་སྣང་ངེས་པར་བྱེད་དགོས།
དེ་བཞིན་ཐ་མག་འཐེན་རྒྱུ་འདི་ཕྱོགས་གཅིག་ནས་གཟུགས་པོར་གནོད་སྐྱོན་ཡོང་བ་ལས་ཕན་ཐོགས་གང་ཡང་མེད་ཁར་འགྲོ་སོང་ཆེ་བ་མ་ཟད། ང་རང་ཚོ་དངུལ་འདང་གི་མི་འདུག་ཅེས་སྐད་རྒྱག་བཞིན་པའི་སྐབས་སུ་དངུལ་མ་འདང་བ་ཕྱེད་ཀ་རང་ཉིད་ཀྱིས་ཆེད་དུ་བཟོས་ན་དགོས་པ་གང་ཡང་མེད། ལྷག་པར་དུ་གཞོན་སྐྱེས་ཁ་ཤས་ཐ་མག་ཉལ་ཐག་འཐེན་མཁན་ཡོད་པ་གོ་ཐོས་ཡོང་གི་འདུག་པ་བདེན་མིན་མི་ཤེས། གལ་ཏེ་དེ་ལྟར་བདེན་པ་ཡིན་ན་ཤིན་ཏུ་ཐབས་སྐྱོ་པོ་རེད། རང་གིས་རང་ཉིད་ཆུད་ཟོས་བཏང་ན་དགོས་པ་གང་ཞིག་འདུག་གམ། དེ་སྔ་བོད་ལ་ཉལ་ཐག་འཐེན་མཁན་དེ་དག་དབུགས་མ་ཆད་པའི་ཤི་རོ་ལྟ་བུ་ཆགས་ནས་སྡོད་ཀྱི་ཡོད། སྤྱིར་བཏང་འཛམ་བུ་གླིང་གི་མཐོང་ཚུལ་ལ་ཆ་བཞག་ན་ཡང༌། ཐ་མག་ཉལ་ཐག་གང་བྱུང་འཐེན་མཁན་དེ་རིགས་ལ་ཁྱད་གསོད་དང་མཐོང་ཆུང་བྱེད་ཀྱི་ཡོད། ང་རང་ཚོ་བོད་མིའི་ནང་ལ་ད་ལྟ་ན་ཚ་མེད་པའི་སྐབས་སུ་ན་ཚ་གསར་པ་ཞིག་ཚུར་ལེན་གྱིན་བསྡད་ན་དགོས་པ་གང་ཡང་མི་འདུག ད་ལྟ་སྔོན་འགོག་བྱེད་པའི་དུས་ཚོད་ཡིན་པས། དེ་དག་ཐོག་དོ་སྣང་བྱེད་རྒྱུ་གནད་གལ་ཆེན་པོ་འདུག
དེ་ནས་མ་ཅང་སོགས་རྒྱན་པོ་འགྱེད་པའི་རྩེད་མོའི་རིགས་ད་ལྟ་ཁྱབ་ཆེན་པོ་ཡོད་མེད་མི་ཤེས་ཀྱང་། གང་ལྟར་དེ་དག་ཀྱང་མི་དགོས་པ་ཞིག་ཡིན་པས་གཟབ་གཟབ་བྱེད་དགོས། འདི་དག་ཡག་པོ་མི་འདུག ང་ཚོས་ཆེ་ས་ནས་བོད་རང་བཙན་སྐོར་ལ་རྟག་པར་ཤོད་ཀྱི་ཡོད་ཀྱང༌། ཆུང་ས་འདི་རིགས་སྣང་མེད་དུ་ལུས་པ་དང་། ལྷོད་ཡངས་ཤོར་ཏེ་ན་ཚ་ལྟ་བུ་ག་ལེར་འགོས་ཟིན་ན་མཇུག་ཏུ་དཀའ་ངལ་ཆེན་པོ་ཡོང་གི་རེད། གང་ལྟར་ན་ཚ་ལྟ་བུའི་སྐྱོན་ཆ་འདི་རིགས་ཆུང་ཆུང་སྐབས་ནས་སྔོན་འགོག་བྱས་ན་དཀའ་ངལ་དེ་དག་ཡོང་གི་མ་རེད།

ཇ༽ ལོ་རྒྱུས་ལ་སློབ་སྦྱོང་དང་། རྒྱ་བོད་ཀྱི་འབྲེལ་མོལ།

ང་རང་ཚོས་ཞར་དང་ཞོར་ལ་བོད་ཀྱི་ཆབ་སྲིད་སྐོར་ལ་སྐད་ཆ་ཤོད་ཀྱི་ཡོད་ལ། རྩ་བ་བོད་མི་རིགས་ཀྱི་ལོ་རྒྱུས་ཇི་ལྟར་ཡིན་པ་དང༌། ཆབ་སྲིད་ཀྱི་ལོ་རྒྱུས་གང་འདྲ་ཡོད་པ། སྤྱིར་བཏང་དཔལ་འབྱོར་གྱི་གནས་སྟངས། བོད་ཀྱི་རྒྱལ་རབས་ལོ་རྒྱུས་གང་འདྲ་ཡོད་པ་དེ་དག་ཤེས་རྟོགས་ཡག་པོ་ཡོང་སླད་སྐབས་རེ་བགྲོ་གླེང་གི་ཚོགས་འདུ་ལྟ་བུ་འཚོགས་ཏེ་ཤེས་མཁན་གྱིས་སྐད་ཆ་བཤད། དྲི་བ་དྲི་ལན་སོགས་དོགས་གཅོད་ལྟ་བུ་བྱས་ན་ཕན་ཐོགས་ཡོང་གི་རེད། གཞོན་ནུ་མི་རེ་ངོ་རེའི་བསམ་བློའི་ནང་ལ། ང་ཚོ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་རགས་རིམ་ཞིག་ངེས་པར་ཤེས་རྟོགས་ཐུབ་པ་དགོས་ཤིང་། སྐབས་རེ་འགྲེལ་བཤད་བྱེད་ཀྱི་ཡོད་ཀྱང༌། བོད་ཀྱི་དེ་སྔའི་ལོ་རྒྱུས་དང༌། ས་མཚམས་ཀྱི་གནས་ཚུལ་དེ་རིགས་བལྟ་བདེ་བའི་ཡིག་ཆ་མེད་པ་ལྟ་བུས་འཐུས་ཤོར་འགྲོ་ཉེན་ཡོད། ཁྱེད་རང་ཚོ་འཛོམས་པོ་དང༌། བྱེད་སྒོ་ཚད་ལོངས་པ་ཞིག་ཡོང་གི་ཨེ་ཡོད་བསམ་གྱི་འདུག་པས་དོ་སྣང་ཆེ་ཙམ་བྱེད་དགོས།
གཞན་དག་བོད་སྤྱི་པའི་དོན་དག་ནི། བར་ལམ་ནས་འགྱུར་བ་ཕྲན་བུ་འགྲོ་གི་ཡོད། དྲག་ཏུ་འགྲོ་གི་རེད་བསམ་གྱི་འདུག གཙོ་ཆེ་བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་རྣམས་དང༌། ལྷག་པར་དུ་གཞོན་སྐྱེས་དེ་དག་སེམས་ཤུགས་ཧ་ཅང་ཆེན་པོ་དང༌། འབད་བརྩོན་ཤུགས་ཆེ་བྱེད་ཀྱི་ཡོད་པར་བརྟེན། རིམ་བཞིན་དྲག་ཏུ་ཕྱིན་ཡོང་བསམ་གྱི་འདུག ད་ལྟ་རྒྱ་མིར་འབྲེལ་བ་བྱེད་ཕྱོགས་ཐད་དེ་སྔ་ཕན་ཆད་ལྟ་སྐོར་གྱི་ཆེད་དུ་ཕྱིན་པ་རེད། ཉེ་ཆར་འགྲོ་མཁན་ཚོ་ལྟ་སྐོར་མིན་པར། མ་འོངས་པར་སྐད་ཆ་བཤད་རྒྱུའི་གཞི་རྩ་གང་འདྲ་ཡོང་མིན་ཉམས་ཞིབ་ལྟ་བུར་ཕྱིན་པ་རེད། རྒྱ་མིའི་ངོས་ནས་ཀྱང་ང་ཚོ་འབྲེལ་བ་བྱས་ནས་སྐད་ཆ་བཤད་རྒྱུའི་འདོད་པ་ཡོད་པའི་རྣམ་འགྱུར་བསྟན་ཡོང་གི་འདུག ང་ཚོའི་ངོས་ནས་ཀྱང་མུ་མཐུད་ནས་འབྲེལ་བ་བྱེད་རྒྱུའི་བསམ་ཚུལ་ཡོད།
ང་ཚོ་ལོ་ཉི་ཤུ་ལྷག་ཙམ་གྱི་རིང་ལ་ཕན་ཚུན་མཐོང་ཚུལ་སྡུག་པོ་ཡོད་པ་རྣམས་ཉི་མ་གཅིག་གཉིས་ནང་ལ་སེལ་ཐུབ་པ་ཡོང་གི་མ་རེད། ཐེངས་གཅིག་གཉིས་ཐུག་འཕྲད་བྱས་ཏེ་བཟོ་ལྟ་ཆགས་པ་ཡོང་ཐུབ་ཐབས་མེད་ཀྱང་། འབྲེལ་བ་མུ་མཐུད་ནས་བྱས་ཏེ་བོད་ཀྱི་དངོས་ཡོད་གནས་ཚུལ་དང་། བདེ་བ་སྡུག་བསྔལ་གྱི་སྐད་ཆ་རྣམས་བཤད་དགོས། ང་ཚོའི་བདེན་པའི་སྐད་ཆ་དང༌། རྒྱུ་མཚན་ལྡན་པའི་སྐད་ཆ་ཡིན་སྟབས་ཇི་ཙམ་མང་བ་ཤོད་ཐུབ་པ་དང༌། དུས་ཚོད་ཡུན་རིང་བ་ཤོད་རྒྱུ་བྱུང་ན། དེའི་ཚོད་ཀྱིས་རྒྱུ་མཚན་གསལ་དུ་འགྲོ་རྒྱུ་དང༌། ཕ་རོལ་པོ་བློ་གཟུ་བོར་གནས་པ་ཞིག་ཡིན་ན། རིམ་པས་ཡིད་ཆེས་མང་དུ་རྙེད་རྒྱུ་ཞིག་ཡོང་གི་རེད། ང་ཚོའི་འབྲེལ་བ་ཇི་ཙམ་མང་བ་བྱུང་བ་དེ་ཙམ་གྱིས་ཕན་ཚུན་འབྲེལ་བ་ཉེ་རུ་ཕྱིན་པ་དང་། ནང་གཙང་དུ་ཕྱིན་པའི་ཐོག་ནས་ང་ཚོས་དངོས་ཡོད་ཀྱི་རྒྱུ་མཚན་ཤོད་རྒྱུའི་གོ་སྐབས་ཤིག་ཡོང་གི་རེད། ཐུག་འཕྲད་དང་འབྲེལ་བ་མ་བྱས་པར་བསྡད་ན། ང་ཚོར་རྒྱུ་མཚན་ཤོད་སའི་གོ་སྐབས་ཡོང་ཐབས་མེད། ངའི་བསམ་ཚུལ་དང་བལྟ་ཚུལ་ལ་རྒྱ་མིར་འབྲེལ་བ་ཇི་ཙམ་མང་བ་བྱེད་ཐུབ་པ་དང༌། ཇི་ཙམ་འབྲེལ་བ་སངས་པོ་བྱུང་ན་ང་ཚོར་དགེ་མཚན་ལས་གྱོང་མི་འདུག་བསམ་གྱི་འདུག
ལྷག་དོན་པེ་ཅིང་དུ་པཎ་ཆེན་རིན་པོ་ཆེ་དང༌། ང་ཕོད། ཕུན་ཚོགས་དབང་རྒྱལ་ཁོང་ཚོའི་གྲས་སྔོན་མ་ནས་འབྲེལ་བ་ཡོད་མུས་ལྟར་ཉེ་དུས་ཐུག་འཕྲད་བྱུང་སྐབས་ང་ཚོའི་བསམ་ཚུལ་དང༌། བོད་ནང་ཡོད་པ་ཁོང་ཚོའི་བསམ་ཚུལ་མ་བགྲོས་བསམ་པ་གཅིག་མཐུན་དང༌། མཐོང་ཚུལ་གཅིག་གྱུར་ལྟ་བུ་ཆགས་ཡོང་གི་འདུག་པས། ང་རང་ཡང་བློ་བདེ་པོ་བྱུང༌། གང་ལྟར་ག་ལེར་ཏན་ཏན་ཡག་ཏུ་འགྲོ་གི་རེད་བསམ་གྱི་འདུག
ང་རང་ཚོ་རྒྱ་གར་ནང་ཡོད་པའི་བོད་རིགས་ཀྱི་ཁྲོད་ནས་བསམ་ཚུལ་འདྲ་མིན་མང་པོ་ཡོང་གི་ཡོད་པ་འདི་དག་ནི་ལེགས་པའི་རང་བཞིན་རེད། བོད་མི་རིགས་ཀྱི་ཁེ་ཕན་སྙིང་པོར་བཟུང་བའི་གཞི་རྩའི་བསམ་ཚུལ་གཅིག་གྱུར་ཡིན་པའི་ཐོག་ལ། ཐབས་ཤེས་ཀྱི་བསམ་ཚུལ་འདྲ་མིན་མང་པོ་སྟོན་ཐུབ་པ་བྱུང་ན། ང་རང་ཚོས་བསམ་བློ་གཏོང་ཕྱོགས་དང༌། ཉམས་ཞིབ་དང་གོ་བསྡུར་བྱེད་ཕྱོགས། ཐབས་ཤེས་ལག་ལེན་བྱེད་ཕྱོགས་སོགས་མ་འོངས་པར་འགྱོད་པ་མི་ཡོང་བའི་བརྟན་པོ་དང་། སྤུས་དག་ཡོང་རྒྱུར་ཕན་ཐོགས་ཡོང་གི་རེད། རྒྱ་གར་རང་དབང་ལུང་པའི་ནང་ཡོད་པའི་བོད་པ་རྣམས་ནས་༸རྒྱལ་བ་རིན་པོ་ཆེས་བཤད་པའི་སྐད་ཆར་ཆ་མ་བཞག་པར། རྩ་བ་བོད་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་གི་ཐོག་ནས་རང་རང་སོ་སོའི་བསམ་ཚུལ་འདྲ་མིན་གང་ཡོད་གསལ་པོར་བཤད་པ་འདི་དག་གིས་རྒྱ་མིའི་མཐོང་ཚུལ་ལའང་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག

ཉ༽ གཞོན་ནུ་ཚོགས་པ་དང་། བསྒྲུབ་བྱའི་དམིགས་ཡུལ།

སྐད་ཆ་དྲི་རྒྱུ་ཡོད་ན་དྲིས་དང༌། (གཞོན་ནུའི་ཚོགས་མི་རྣམས་ནས་བཀའ་འདྲི་ཞུས་པར། ང་ཚོའི་ལས་ཀ་བྱེད་སྟངས་ཐོག་ལ་སྲིད་དོན་རང་གི་མིང་འཁྱེར་ནས་བྱས་པ་དང༌། སྲིད་དོན་གྱི་མིང་མ་འཁྱེར་བར་བྱེད་སྟངས་གཅིག་ཡོད། དཔེར་ན། ང་ཚོར་གཞོན་ནུའི་སྒྲིག་འཛུགས་ཡོད་པ་འདིས་སྲིད་དོན་ཚོགས་པའི་མིང་འཁྱེར་ནས་ལས་ཀ་བྱས་པ་དང༌། སྲིད་དོན་ཚོགས་པའི་མིང་མ་འཁྱེར་བར་གཞོན་ནུའི་དམིགས་ཡུལ་དེ་རང་གི་ཐོག་ནས་ལས་ཀ་བྱས་པ་དགེ་མཚན་གང་ཆེ་བ་ཡོད་དམ། སྲིད་དོན་མིང་འཁྱེར་ནས་ལས་ཀ་བྱེད་དུས་དཀའ་ངལ་མང་པོ་ཞིག་འཕྲད་ཡོང་གི་ཡོད།)

བཀའ་ལན། ད་ལྟ་ཕན་ལ་སྲིད་དོན་ཚོགས་པའི་རྣམ་པ་ཞིག་ཐོན་གྱི་ཡོད། དཔེར་ན། ཏིང་ཤའོ་ཕིང་གིས་གསལ་པོར་བརྗོད་ཡོད། ཕྱི་རྒྱལ་ནང་ཡོད་པའི་བོད་རིགས་གཞོན་ནུའི་ནང་ལ་གཡས་ཕྱོགས་པའམ། མཁྲེགས་བཟུང་བྱེད་པའི་བསམ་ཚུལ་ཡོད་མཁན། ཏཱ་ལའི་བླ་མའི་ཞི་འཇམ་གྱི་བསམ་ཚུལ་ལ་རྒྱབ་འགལ་བྱེད་མཁན་དེ་འདྲ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་སྲིད་དོན་ཚོགས་པ་ཞིག་ལ་ངོས་འཛིན་བྱས་པ་རེད། དངོས་སུ་ལག་ལེན་ཐོག་ལའང་སྲིད་དོན་གྱི་ལས་འགུལ་ད་བར་བྱས་པ་རེད་ལ། ད་དུང་ཡང་བྱེད་དགོས་པ་ཡོང་གི་རེད། གཞོན་ནུའི་སྒྲིག་འཛུགས་གར་ཡོད་སར་སྤྱི་ཚོགས་ཀྱི་ནང་ལ་ཐད་ཀར་སྲིད་དོན་དང་འབྲེལ་བ་མེད་པའི་ལས་དོན་མི་རིགས་ཡ་རབས་ཀུན་སྤྱོད་སྐོར་དང༌། སྤྱི་ཚོགས་ཀྱི་ཞབས་འདེགས་ཞུ་རྒྱུའི་རིགས་ཡོང་གི་རེད། ད་ལྟ་སྲིད་དོན་སྒྲིག་འཛུགས་ཀྱི་རྣམ་པ་ཐོན་པ་འདི་སྒྱུར་བཅོས་གཏོང་དགོས་དོན་ཨེ་ཡོད། ད་ལྟ་ཡོད་པ་འདི་ཡག་པོ་མིན་ནམ།

(བཀའ་འདྲི། སྲིད་དོན་གྱི་མིང་ཞིག་འཁྱེར་ཡོང་དུས་ལྟ་བ་འདྲ་མིན་ཡོང་གི་རེད། གཞོན་ནུའི་ནང་ལའང་ལྟ་བ་འདྲ་མིན་ཡོད། ལྟ་བ་འདྲ་མིན་གྱི་ཐོག་ནས་གཞོན་ནུ་ཚང་མ་སྒྲིག་འཛུགས་གཅིག་གི་འོག་ཏུ་ལས་ཀ་བྱེད་རྒྱུར་དཀའ་ངལ་མི་ཡོང་ངམ།)

བཀའ་ལན། དེ་སྔོན་མ་ནས་ང་ཚོ་སྐད་ཆ་བྱུང་ཡོད། བོད་པའི་གཞོན་ནུའི་སྒྲིག་འཛུགས་ཡོད་པ་འདི་རྩ་བ་བོད་སྤྱི་པའི་དོན་དག་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་སྤྱི་པའི་དོན་དག་གི་ཐོབ་ཐང་རྩོད་མཁན་སྒྲིག་འཛུགས་ཤིག་ཡིན་ཅིང་། དེ་ལྟའི་གཞོན་ནུའི་སྒྲིག་འཛུགས་སྤྱི་ཡོངས་ཀྱི་ལྟ་བ་དེ་དམར་པོའི་ལྟ་བ་དང༌། ནུབ་ཕྱོགས་པའི་ལྟ་བ་སོགས་གང་ཡང་མིན་པར། ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་མི་ས་ཡ་དྲུག་གི་བདེན་དོན་རྩོད་མཁན་གྱི་སྒྲིག་འཛུགས་ཤིག་རེད། འདི་ནི་གཞི་རྩ་ཨ་མ་ལྟ་བུ་དེ་ཡིན། རྩ་དོན་འདི་ལ་གཞོན་ནུ་ཡོངས་རྫོགས་ཀྱི་བརྩི་བཀུར་དང་ལེན་བྱེད་དགོས། ཨ་མ་འདིའི་འོག་ཏུ་ནང་གསེས་ཀྱི་ཡན་ལག་ལྟ་ཚུལ་མི་འདྲ་བ་ཡོད་ཆོག མ་འོངས་པར་བོད་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་སྟངས་དང༌། ཆབ་སྲིད་སྐྱོང་སྟངས། ཡུལ་ལུང་འཛུགས་སྐྲུན་བྱེད་སྟངས་རིང་ལུགས་འདི་འདྲ་ཞིག་ལ་བརྟེན་ན་ལེགས་པ་དང༌། ཚགས་ཚུད་པ་ཡོང་གི་རེད་བསམ་པའི་བསམ་ཚུལ་དང༌། ལྟ་ཚུལ་འདྲ་མིན་སྣ་ཚོགས་ཡོད་ན་ལེགས་བསམ་གྱི་འདུག
སྔོན་མ་ང་ཚོ་སྐད་ཆ་བྱུང་བ་དྲན་གྱི་འདུག་གམ། དམར་པོའི་ལྟ་བ་འཁྱེར་མཁན་རིགས་གཅིག་བྱུང་བ་དེ་ལ་ང་ནི་རྒྱབ་སྐྱོར་ཡོད། དེ་བསྡུ་གསོག་བརྒྱབ་པ་ལ་ང་ཕངས་ནས་བསྡད་ཡོད། དཀའ་ངལ་གང་ཞིག་ཡིན་ནའང་ཡོང་གི་རེད། ང་ཚོས་ལྟ་བ་འདྲ་མིན་ངེས་པར་དུ་དགོས་པ་ཞིག་རེད། གཞོན་ནུའི་སྒྲིག་འཛུགས་འདིའི་དམིགས་ཡུལ་གཙོ་བོ་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་སྤྱི་པའི་བདེན་དོན་རྩོད་རྒྱུ་རྩ་བར་བཟུང་ནས་ཕྱིན་ན། དམིགས་ཡུལ་འདི་གཞི་ལ་བཞག་སྟེ་ལྟ་བ་འདྲ་མིན་ཚང་མ་དེའི་ནང་གཅིག་གྱུར་སླེབས་ཡོང་གི་རེད། འདི་ཡང་ཞིབ་ཚགས་པོ་དང༌། གཟབ་གཟབ་མ་བྱས་ན་གཞོན་ནུའི་སྒྲིག་འཛུགས་ལ་གནོད་འགལ་བྱུང་ན་འགྲིག་གི་མ་རེད།

ཏ༽ དམར་པོའི་ལྟ་བ་དང་། ཚོགས་པའི་མིང་གསར།

(བཀའ་འདྲི། གལ་སྲིད་དམར་པོའི་ལྟ་བ་བསྐྱར་དུ་འཛུགས་མཁན་བྱུང་ན། ༸རྒྱལ་བ་རིན་པོ་ཆེའི་དགོངས་བཞེད་གང་འདྲ་ཡོད་དམ།)

བཀའ་ལན། ལོ་གཉིས་གསུམ་རིང་གསར་པ་བཙུགས། ཡང་དགོངས་པ་ཞུས་ཏེ་སྐྱེ་ཐེངས་བརྒྱ་དང་ཤི་ཐེངས་བརྒྱ་བྱས་ཀྱང་འགྲིག་གི་འདུག ང་དགའ་བསུ་ཡོད། ཁ་སང་སྐད་ཆ་བྱུང་བ་བཞིན། མ་གཞི་ལྷག་བསམ་ཡིན་གྱི་རེད། འོན་ཀྱང་མིང་གསར་པ་ཁྱུང་འབྲུག་ཚོགས་པ་ཞེས་འདོགས་མཁན་དེ་དག་ལ་དགོས་པ་མི་འདུག འཛམ་གླིང་འདིའི་ནང་ལ་མིང་གྲགས་ཤིང་གྲུབ་པ་གུང་བྲན་ཟེར་བ་ཞིག་ཡོད་པ་དེ་གའི་མིང་ཐོག་ལ་ཕྱིན་ན་འགྲིགས། ཁོང་ཚོ་བོད་ནང་ལ་ལྟ་སྐོར་ཐེངས་རེ་ཟུང་ཕྱིན་ཡོད། བོད་རིགས་གཞོན་ནུའི་ནང་ལ་དེ་འདྲའི་ལྟ་བ་ཡོད་པ་ཉུང་ཤས་ཡོད་བཟོ་འདུག ང་རང་ཚོ་རང་དབང་ལུང་པའི་ནང་ལ་རང་མོས་ཀྱི་ཐོག་ནས་དམར་པོའི་ལྟ་བ་འཁྱེར་མཁན་བྱུང་ན་དགེ་མཚན་འདུག

ཐ༽ སྤྱི་ཚོགས་ཀྱི་ཞབས་ཞུ་དང་། སྐད་ཡིག་གི་གནས་ཚད།

(བཀའ་འདྲི། བོད་རིགས་གཞོན་ནུའི་སྒྲིག་འཛུགས་ཐོག་ནས་སྤྱི་ཚོགས་ནང་བོད་ཀྱི་རིག་གཞུང་གི་ཐོག་ལ་ཡར་རྒྱས་གཏོང་རྒྱུའི་ཐབས་ཤེས་གསར་པ་ཇི་ཡོད་བཀའ་སློབ་གནང་རོགས་ཞུ་རྒྱུ།)

བཀའ་ལན། ཁྱེད་རང་ཚོས་བསམ་བློ་གཏོང་རྒྱུ་རེད། དུས་རྒྱུན་ནས་དོ་སྣང་བྱས་ཏེ་དོ་སྣང་ཞིག་སླེབས་ན། དེའི་རྗེས་འབྲེལ་ཐབས་ཤེས་བྱེད་རྒྱུ་ཡོང་གི་རེད། གཞི་རྩ་དེ་ལྟར་བྱས་ན་ཡག་པོ་འདུག ང་ཚོའི་བོད་ཡིག་ནང་ནས་ཀློག་དེབ་དེ་རིགས་དཀོན་པོ་འདུག སྔོན་མ་རྩོམ་སྒྱུར་དང༌། དཔེ་མཛོད། ཤེས་རིག དྲིལ་བསྒྲགས་སོགས་ནས་དོ་སྣང་བྱས་ཡོད་ཀྱང་ལག་ལེན་གནད་འཁེལ་པོ་ཞིག་ཡོང་གི་མེད། དམིགས་བསལ་གྱི་ལམ་སྟོན་འདི་ཞེས་བརྗོད་རྒྱུ་དྲན་གྱི་མི་འདུག ང་རང་ཚོ་དཔེར་ན་ཚོགས་འདུ་སོགས་ཀྱི་སྐབས་ལ་བོད་སྐད་ཡག་པོ་མེད་ན་ཐབས་སྐྱོ་པོ་འདུག ཁ་སང་བུ་གསོ་ཁང་དུ་པདྨར་བརྗོད་རྒྱུ་བྱུང་། ལྷ་ས་ནས་ཡོང་མཁན་ཁ་ཤས་ཀྱིས་འདི་ནས་ཚུར་བོད་རིགས་གཞོན་སྐྱེས་ཚོ་བོད་སྐད་དང༌། བོད་ཡིག་གནས་སྟངས་སྐྱོ་པོ་འདུག་ཅེས་བསམ་ཚུལ་དང་མཐོང་ཚུལ་ཤོད་མཁན་ཡོང་གི་འདུག

ད༽ གཉེན་འཕྲད་འགྲོ་འོང་དང་། ཁེ་གྱོང་གི་ལྕི་ཡང་།

(བཀའ་འདྲི། བོད་ནང་གཉེན་འཕྲད་དང༌། ཚོང་ལ་འགྲོ་མཁན་མང་པོ་ཞིག་གིས་རྒྱ་མིའི་ལག་འཁྱེར་བླངས་ཏེ་འགྲོ་གི་ཡོད་པ་འདི་ལ་དགེ་སྐྱོན་གང་འདྲ་ཡོད་དམ།)

བཀའ་ལན། གཉེན་འཕྲད་དང༌། ཚོང་ལས་འགྲོ་མཁན་ཚོས་དེ་འདྲའི་གོ་སྐབས་ཟིན་ནས་འགྲོ་གི་ཡོད་པས་ང་ཚོས་བཀག་ཐུབ་ཀྱི་མ་རེད། ཕྱོགས་བསྡོམས་བྱས་ནས་ཁེ་གྱོང་ལྕི་ཡང་བལྟས་ན། ཕལ་ཆེར་བོད་ཕྱི་ནང་འགྲོ་འོང་གི་གོ་སྐབས་བྱུང་བ་འདིས་ང་ཚོར་ཕན་ཐོགས་ཡོད་པ་ཞིག་མཐོང་གི་འདུག བོད་ནང་ལ་འགྲོ་མཁན་ཇི་ཙམ་མང་བ་བྱུང་བའི་ཚོད་ཀྱིས་རྒྱ་གར་ནང་གི་དངོས་ཡོད་གནས་ཚུལ་རྣམས་བོད་ནང་གི་མི་ཚོས་མང་བ་ཤེས་ཐུབ་པ་དང༌། དེས་ཁོང་ཚོའི་སེམས་ཤུགས་འཕར་བསྐྱེད་ཡོང་རྒྱུར་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག ཡང་རེ་ཟུང་དཀྲོག་གཏམ་དང་མགོ་མ་འཚོས་ཀྱི་སྐད་ཆ་ཤོད་མཁན་ཡང་ཡོང་སྲིད། བདེན་དོན་ཤོད་མཁན་མང་བ་དང༌། དཀྲོག་གཏམ་ཤོད་མཁན་ཉུང་བར་བརྟེན་མང་བའི་ཕན་ནུས་ཆེ་བ་ཡོང་གི་རེད།
དེ་བཞིན་བོད་ནས་ཚུར་ཡོང་མཁན་རྣམས་ནས་འདི་ཁུལ་གྱི་དངོས་ཡོད་གནས་ཚུལ་རྣམས་མཐོང༌བ་དང་། ང་རང་ཚོས་ཀྱང་དམིགས་བསལ་གྱི་གནས་ཚུལ་འགྲེལ་བཤད་རྒྱག་དགོས་པ། གནས་ཚུལ་སྟོན་དགོས་པ་ཁག་སྟོན་རྒྱུའི་གོ་སྐབས་ཤིག་ཡོང་གི་ཡོད་སྟབས། རྩ་བ་གཉེན་འཕྲད་འགྲོ་འོང་གི་གནས་ཚུལ་འདིས་ང་ཚོར་ཕན་ཐོགས་འདུག བོད་ནང་ནས་ཚུར་ཡོང་མཁན་ཚོས་དཀའ་ངལ་མྱོང་མྱོང་དང༌། མུ་གེས་ཤི་ཤི་མ་གཏོགས་ཤོད་རྒྱུ་མི་འདུག་པ་དེ་ནི་དངོས་ཡོད་གནས་ཚུལ་རེད། ཁོང་ཚོས་སོ་སོའི་ལུང་པའི་ནང་དཀའ་ངལ་དེ་ལྟ་བུ་མྱངས་པ་དང༌། རྒྱ་གར་ནང་ལོ་ཉེར་གསུམ་ལྷག་ཙམ་རིང་གི་དངོས་ཡོད་གནས་ཚུལ་བོད་ནང་ལས་ལྷག་ཙམ་ཞིག་ཡོད་པ་མཐོང་སྐབས་བསམ་བློའི་ནང་ལ་གཡོ་འགུལ་ཞིག་ཐེབས་ཀྱི་ཡོད།
བོད་ནས་ཡོང་མཁན་ཚོའི་ནང་དུའང་རེ་ཟུང་གི་མཐོང་ཚུལ་མི་འདྲ་བ་ཡོང་སྲིད་ཀྱང་། ཆ་སྙོམས་བྱས་ནས་བཤད་ན་ཕན་ཐོགས་ཆེ་བ་བྱུང་ཡོད། གང་འདྲ་འདུག་གམ། བོད་ལ་འགྲོ་མཁན་གྱི་ལག་ཁྱེར་སྐོར་ཁྲིམས་དང༌། ཐོབ་ཐང་གི་སྐད་ཆ་གང་ཞིག་བཤད་ཀྱང༌། ད་ལྟའི་ཆར་དངོས་ཡོད་གནས་ཚུལ་ལ་བོད་རྒྱ་མིས་ཟིན་ནས་བསྡད་ཡོད། རྒྱ་མིའི་ལག་པ་མ་འགྲིམས་པར་བོད་ནང་ཐར་ཐབས་མེད། ཕྱོགས་ཚང་མར་བལྟས། ཁེ་གྱོང་གི་ལྕི་ཡང་བཏེག བལྟ་བཞིན་བྱས་ནས་ཁེ་ཕན་གང་ལོན་བྱེད་རྒྱུ་རེད། གོ་བསྡུར་མང་པོ་བྱུང་ཡོད། ང་ཚོ་གཞུང་འབྲེལ་གྱི་ལྟ་སྐོར་སྔ་རྗེས་ཐེངས་གསུམ་ཕྱིན་པ་དེ་དག་ནི་དམིགས་བསལ་གྱི་ལམ་ནས་ཕྱིན་པ་རེད།
ཉེ་དུས་བལ་ཡུལ་གཞུང་ནས་གཅིག་ལག་ལེན་བྱེད་ཀྱི་འདུག་པ་དེ་ཇི་ཙམ་བྱེད་ཐུབ་ཀྱི་ཡོད་དམ། ཁག་པོ་རེད། ད་བར་བོད་དུ་ལྟ་སྐོར་གཉེན་འཕྲད་ལ་འགྲོ་མཁན་ཕལ་ཆེར་སྟོང་ཕྲག་ལྷག་ཙམ་བྱུང་ཡོད། ཁོང་ཚོས་རྒྱ་མིའི་ཁུངས་ཡིན་ཟེར་བའི་ལག་ཁྱེར་བླངས་ནས་ཕྱིན་པ་རེད། ཁོང་ཚོའི་སེམས་ནང་དངོས་གནས་རྒྱ་མིར་དགའ་པོ་ཡོད་དམ་ཟེར་ན་རྩ་བ་ནས་མེད། འཕྲལ་སེལ་རྒྱ་མིས་ཚུར་མགོ་སྐོར་བཏང་བ་བཞིན་ཕར་ཡང་མགོ་སྐོར་བཏང་བ་འདྲ་པོ་ཞིག་རེད། ད་བར་བོད་ལ་གཉེན་འཕྲད་འགྲོ་མཁན་ཆིག་སྟོང་ལྷག་ཙམ་ཡོད་པའི་ནང་ནས་བོད་ལ་གཏན་འཇགས་སྡོད་མཁན་བཞི་བཅུ་ཞེ་གྲངས་ཤིག་འདུག ཧ་ཅང་ཉུང་ཉུང་རེད། དེ་དག་ལའང་ཞིབ་འཇུག་བྱས་ན་སྤོའོ་དང༌། རྨོའོ་རྒན་འཁོགས་མང་བ་ཆགས་ཡོད། ཚེ་ལྷག་ལོ་ངོ་རེ་ཟུང་འདིའི་རིང་སོ་སོའི་བུ་ཕྲུག་དང་མཉམ་དུ་སྡོད་རྒྱུ་བྱུང་ན་བསམ་པ་ལྟ་བུ་དང་། དོ་བདག་སོ་སོའི་དམིགས་བསལ་གྱི་གནས་ཚུལ་འོག་ནས་འཕྲལ་སེལ་སོ་སོ་བློ་བཞག་ས་ཞིག་ལ་བརྟེན་ནས་བོད་ནང་སྡོད་ཀྱི་ཡོད་པ་ལས། བོད་སྤྱི་ཡོངས་ཀྱི་གནས་ཚུལ་འདོད་པ་ཁེངས་པའི་ཡར་རྒྱས་བྱུང་བ་ལྟ་བུའི་ཐོག་ནས་བསྡད་པ་གང་ཡང་མ་རེད།
ལྷ་སའི་ཁྱབ་བསྒྲགས་ནང་ལྟ་སྐོར་ལ་ཡོང་མཁན་དང༌། གཉེན་འཕྲད་ལ་ཡོང་མཁན་རྣམས་ཀྱི་ནང་ནས་མང་པོ་ཞིག་གཏན་སྡོད་བྱས་ལུགས་བཤད་པ་ལས་གྲངས་ཀ་ཁ་གསལ་ཤོད་ཀྱི་མི་འདུག ཡང་ལྷ་སའི་དྲིལ་བསྒྲགས་གཞན་ཞིག་ནང་བོད་ལ་གཏན་འཇགས་སྡོད་མཁན་མི་གྲངས་བརྒྱ་དང་བདུན་ཅུ་དོན་གཉིས་བཤད་འདུག རྒྱ་མི་ཁོ་རང་ཚོས་བཏོན་པའི་ཐོ་ཞིག་གི་ནང་ལ་གཏན་སྡོད་མི་གྲངས་མི་བཞི་བཅུ་ཞེ་གྲངས་ཤིག་འཁོད་འདུག གང་ལྟར་དོ་བདག་སོ་སོའི་ངོས་ནས་བསམ་བློ་ཡག་པོ་གཏོང་དགོས་པ་ཞིག་རེད། མི་ཁ་ཤས་ནི་སོ་སོའི་སྒེར་གྱི་ཁེ་ཕན་དོན་གཉེར་བྱེད་ཀྱི་ཡོད། ད་ནི་གང་ཞིག་བྱེད་དགོས་སམ། སྙིང་རྗེའི་ཡུལ་མ་ཡིན་ནམ།

ན༽ རྒྱ་དམར་གྱི་འགྱུར་འགྲོས་དང་། བོད་མིའི་གོམ་སྟབས།

(བཀའ་འདྲི། ཏིང་ཞའོ་ཕིང་གི་ཤོག་ཁའི་རིང་ལ་ལོ་ཤས་རིང་བོད་གཞིས་བྱེས་འབྲེལ་བ་བྱུང་བ་དང༌། བོད་ལ་སྲིད་བྱུས་ཕྲན་བུ་གུ་ཡངས་བྱུང་ཡོད་ཀྱང་། ཏིང་གི་ཤོག་ཁའི་རྗེས་ལ་ཤོག་ཁག་གཞན་དག་དེ་འདྲ་བྱུང་ན། ད་ལྟའི་སྲིད་བྱུས་ལ་འགྱུར་བ་འགྲོ་རྒྱུའི་ཉེན་ཁ་མེད་དམ་བསམ་གྱི་འདུག་པས། དགོངས་ཚུལ་གང་འདྲ་ཡོད་དམ།)

བཀའ་ལན། དེ་ཡོང་སྲིད་ཀྱི་རེད། རྒྱ་མི་ཁོ་རང་ཚོའི་ནང་ནས་དེ་འདྲ་ཤོད་ཀྱི་འདུག ད་ལྟའི་སྲིད་གཞུང་བརྟན་པོ་མེད་ལ། ཤོག་ཁག་གཞན་དག་ད་ལྟ་ཡིབ་ནས་བསྡད་དེ་དུས་ཚོད་དང་གོ་སྐབས་བཙལ་ནས་སྡོད་མཁན་ཡོད། ཡང་སྒྱུར་བཅོས་སྡུག་པོ་དེ་འདྲ་ཡོང་སྲིད་ཀྱི་རེད་ཅེས་རྒྱ་མི་ཁོ་རང་ཚོའི་ནང་ནས་ཞེད་སྣང་བྱེད་ཀྱི་འདུག ང་ཚོར་དེ་འདྲ་ཤོད་མཁན་བྱུང༌། རྒྱ་མིའི་སློབ་ཕྲུག་ངོ་ཤེས་པ་དེ་དག་ནི་དངོས་གནས་ཟོལ་མེད་རེད། དཔེར་ན། ང་བོད་ལ་རྩ་བ་ནས་འགྲོ་མི་རུང༌། ད་ལྟའི་དུས་ཚོད་འདི་བརྟན་པོ་མེད། ད་ལྟ་རྒྱ་ནག་སྲིད་གཞུང་གིས་ཁས་ལེན་འདྲ་ཆགས་པོ་ཇི་ཙམ་ཡོད་ནའང་ཁས་ལེན་བྱེད་མཁན་ཁོ་རང་ཚོ་གནས་མ་གནས་ཏན་ཏན་མེད་སྟབས། ཧ་ཅང་ཉེན་ཁ་ཆེན་པོ་རེད་ཅེས་ང་ལ་དེ་ལྟར་ཤོད་མཁན་ཡོང་གི་འདུག
འོན་ཀྱང་བར་ལམ་ཕྱི་ལོ་ ༡༩༧༩ ནས་གནས་ཚུལ་འགྱུར་བ་ཕྱིན་པ་དང་། མིའི་བསམ་བློའི་ནང་ཚོར་བ་གསར་པ་ཞིག་སླེབས་ཟིན་པར་བརྟེན་བསྐྱར་དུ་ཧ་ཅང་དམ་པོས་དམ་བཅིངས་བྱེད་རྒྱུ་ལས་སླ་པོ་མེད། སྤྱིར་བཏང་བྱས་ན་སྔར་མའོ་ཙེ་ཏུང་ཡོད་སྐབས་ལྟར་གདུག་རྩུབ་ཆེན་པོ་དེ་ལྟར་བསྐྱར་ལོག་བརྒྱབ་ཨེ་ཡོང་བསམ་གྱི་འདུག འདི་ཡང་བསམ་ཚུལ་ལས་ཐག་གཅོད་མི་ཐུབ། གང་ལྟར་ང་ཚོའི་ཕྱོགས་ནས་ད་བར་གོམ་པ་སྤོས་པ་འདི་དག་ཐལ་དྲགས་པ་གང་ཡང་མེད་པར་གནས་སྟངས་འཚམས་པོའི་སྒང་ལ་བསྡད་ཡོད།

པ༽ དམར་ནག་གི་དཀྲུག་ཤིང་དང་། བོད་མི་བེད་སྤྱོད།

(བཀའ་འདྲི། བོད་རིགས་ནང་ནས་རྒྱ་མི་དམར་པོ་དང༌། གོ་མིང་ཏང་གི་ལས་ཀ་བྱེད་མཁན་ཡོང་སྲིད་ཀྱི་རེད། འདི་ཚོའི་ཐོག་ལ་བོད་གཞུང་གིས་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད་དམ།)

བཀའ་ལན། དོ་སྣང་བྱེད་ཀྱི་ཡོད། ཁ་སང་བོད་ནང་འགྲོ་མཁན་བོད་རིགས་གཉིས་གཞིས་ཀ་རྩེ་ནས་རྒྱ་མིས་འཛིན་བཟུང་བྱས་ཏེ་པར་ཆས་སོགས་ཐོན་པ་རེད། ཁག་བཞག་ས་ནི་དྷ་རམ་ས་ལ་ནས་བཏང་བྱུང་ཞེས་བཤད་འདུག བདེན་པ་ཡིན་མིན་མི་ཤེས། གནས་ཚུལ་དེ་ལྟར་གོ་རྒྱུ་འདུག ང་ཚོས་དེ་རིགས་རྩ་བ་ནས་བྱེད་ཀྱི་ཡོད་པ་མ་རེད། གཏོང་མཁན་ཕྱོགས་གཞན་དག་ནས་རེད། ཕལ་ཆེར་གོ་མིང་ཏང་མིན་ནམ། དེ་འདྲ་དེ་སྔོན་ལའང་བྱུང་ཡོད། བོད་ནང་གི་མི་ལ་༸རྒྱལ་བ་རིན་པོ་ཆེས་བཏང་བྱུང་ཞེས་མ་བརྗོད་ཚེ་ཡིད་ཆེས་བྱེད་ཀྱི་མེད་སྟབས། ༸རྒྱལ་བ་རིན་པོ་ཆེའི་མིང་བེད་སྤྱོད་བྱེད་པ་དང་། དོན་ལ་ལུང་པ་གཞན་ནས་གནས་ཚུལ་སྒྲུབ་མཁན་གཏོང་གི་ཡོད། མང་ཆེ་བ་བལ་ཡུལ་ནས་འགྲོ་གི་ཡོད་པ་ལྟ་བུ་ཞིག་འདུག ང་ཚོས་གང་ཡོང་ཅི་ཡོང་གིས་དོ་སྣང་བྱེད་ཀྱི་ཡོད།
འགྲམ་དུ་བལ་ཡུལ་ནས་མི་གཅིག་བཙུགས་ཡོད་པ་ཁོ་པས་ཧུར་ཐག་བྱེད་ཀྱི་འདུག ལྷ་ས་ནས་ཡོང་མཁན་མི་མང་པོ་ཞིག་གིས་འགྲམ་ལ་ཡོད་པའི་བུ་དེ་ཡག་པོ་ཞིག་འདུག ཕན་ཐོགས་ཆེན་པོ་འདུག་ཟེར་གྱི་འདུག གང་ཐུབ་ཅི་ཐུབ་བྱེད་ཡོད་ཀྱང༌། མ་ཁྱབ་པ་དང༌། མ་འདང་བར་བྱ་ཐབས་མི་འདུག སྣེ་ལེན་བྱེད་མཁན་དེ་རིགས་ལ་ད་དུང་མུ་མཐུད་ནས་ཤུགས་རྒྱག་དགོས་ཀྱི་འདུག མ་གཞི་དཔལ་འབྱོར་ལའང་རག་ལས་ཀྱི་འདུག བལ་ཡུལ་ནང་བར་ལམ་བོད་པ་ནང་ཁུལ་ནས་ཞལ་འདེབས་བསྡུས་ཏེ་སྣེ་ལེན་བྱེད་སྒོ་ཡར་རྒྱས་གཏོང་ཐབས་བྱེད་ཀྱི་ཡོད་པ་ཡག་པོ་བྱུང་འདུག བོད་ནས་ཚུར་ཡོང་མཁན་ཚོས་དངོས་གནས་དཀའ་སྡུག་ཆེན་པོ་མྱངས་ཡོད་པ་དང༌། ངས་རྟག་པར་བཤད་མུས་ལྟར། དོན་གྱི་བདག་པོ་ཁོང་ཚོ་ཆགས་ཡོད། ང་ཚོ་མིའི་ལུང་པར་སྡོད་མཁན་ཚོས་མ་འགྲུབ་ན་མ་གཏོགས། གང་ལས་མེད་པའི་ཧུར་ཐག་བྱས་ཏེ་ཁོང་ཚོར་སྣེ་ལེན་དང་ལྟ་རྟོག་བྱེད་དགོས་པ་དེ་ང་ཚོའི་ལས་འགན་རེད། ད་དུང་གང་ཡོང་ཅི་ཡོང་བྱེད་རྒྱུའི་སྐོར་རྟག་པར་སྐད་ཆ་ཡོང་མུས་རེད།

ཕ༽ བོད་ཀྱི་ཆོས་རིག་དང་། རུ་སུའི་འབྲེལ་ལམ།

(བཀའ་འདྲི། ཆོས་དང་རིག་གཞུང་གི་ཐོག་ནས་ཕྱིའི་རྒྱལ་ཁབ་མང་པོ་དང་མཉམ་དུ་ང་ཚོ་འབྲེལ་བ་ཡོང་གི་ཡོད། དེ་བཞིན་ཆབ་སྲིད་ཀྱི་ཐོག་ལ་ང་ཚོར་རོགས་རམ་གནང་མཁན་རྒྱལ་ཁབ་གང་དག་ཡོད་དམ། ཨུ་རུ་སུ་ལ་ཡང་ཆོས་ཀྱི་ཐོག་ནས་འབྲེལ་བ་ཆེན་པོ་ཡོད། འོན་ཀྱང་སྲིད་དོན་ཐོག་ལ་གང་འདྲ་ཡོད་དམ།)

བཀའ་ལན། ཆོས་ཐོག་ནས་འབྲེལ་བ་མང་ཆེ་བ་སྒེར་གྱི་ཐོག་ནས་ཡོང་གི་ཡོད། ཆོས་ལ་དོ་སྣང་ཡོད་མཁན་སྒེར་པ་དང༌། ཁ་ཤས་ཆོས་དང་རིག་གཞུང་གི་ཚོགས་པ་དེ་འདྲའི་ཐོག་ནས་དོ་སྣང་བྱེད་ཀྱི་ཡོད་ལ། འབྲེལ་བ་བྱེད་བདེ་ཡོང་གི་ཡོད། ཆབ་སྲིད་ཀྱི་ཐོག་ལ་དོ་སྣང་ཡོང་མཁན་དེ་ཁོ་རང་ཚོ་གཞུང་སོ་སོའི་སྒྲིག་འཛུགས་དང་སྲིད་བྱུས་ཀྱི་ཐོག་ནས་ཡོང་དགོས་པར་བརྟེན། དེ་ནི་གནས་ཚུལ་ཐ་དད་རེད། ཨུ་རུ་སུ་ནས་སྤྱིར་བཏང་བོད་པའི་ཐོག་ལ་མཐོང་ཚུལ་སྔར་དང་མི་འདྲ་བར་བསྒྱུར་བཅོས་ཆེན་པོ་ཕྱིན་ཡོད་ཀྱང༌། བོད་པའི་ཐོག་ལ་ཁ་ཡོད་ལག་ཡོད་ཀྱི་རོགས་རམ་ཇི་ཙམ་བྱེད་ཐུབ་ཀྱི་ཡོད་མེད་ཚོད་མི་ཐིག དམིགས་བསལ་ཤོད་རྒྱུ་མེད། དོ་སྣང་ནི་བྱེད་ཀྱི་འདུག

བ༽ བོད་ཀྱི་ཆབ་སྲིད་དང་། རུ་སུའི་འབྲེལ་ལམ།

(བཀའ་འདྲི། བོད་གཞུང་གིས་ཨུ་རུ་སུར་ཆབ་སྲིད་ཐོག་ལག་པ་བཏང་ཡོད་མེད་གང་འདྲ་ཡིན་ནམ།)

བཀའ་ལན། ཆབ་སྲིད་ཐོག་ལག་པ་བཏང་བ་མེད། སློབ་ཕྲུག་ལྟ་བུ་གཏོང་གི་ཡོད། ལག་པ་བཏང་ནས་ཚུར་དོན་དག་སྟོང་པ་རང་མིན་ཙམ་དགོས་ཀྱི་རེད། སྔོན་ལ་ཚོད་ཅིག་མ་ཐིག་ན་སྙིང་པོ་འདུག་གམ། གནས་ཚུལ་མང་པོ་ཞིག་ལ་བལྟ་དགོས་ཤིང་། ང་ཚོས་རྒྱ་མིར་འབྲེལ་བ་བྱེད་མུས་ཡིན་ཅིང་། དེང་སང་ཨུ་རུ་སུ་དང་རྒྱ་ནག་གི་འབྲེལ་བར་འགྱུར་བ་ཕྲན་བུ་འགྲོ་བཞིན་པ་ལས། བར་སྐབས་དགྲ་དགྲ་ནག་བྱས་ནས་བསྡད་ཡོད། སྔོན་མ་ང་ཨུ་རུ་སུ་དང༌། སོག་ཡུལ་ལ་འགྲོ་རྒྱུ་གཏན་འཁེལ་སྐབས་པེ་ཅིང་མི་རིགས་ལས་ཁུངས་ཀྱི་འགོ་བྱེད་མཁན་ཨུ་ལན་ཕུ་ཟེར་བ་ད་ཆ་དགོངས་པ་ཞུས་ཟིན་འདུག ཁོང་གིས་དེ་དུས་རྒྱལ་ལོ་དོན་གྲུབ་པེ་ཅིང་ལ་ཡོད་སྐབས་སུ་ང་ཨུ་རུ་སུར་ཕྱིན་ན་མི་འགྲིགས་པའི་སྐོར་སྐད་ཆ་བཤད་འདུག
དེ་དུས་གྷི་རི་སིའི་རྒྱལ་སྲས་པི་ཀྲར་ཡང་པེ་ཅིང་ལ་ཡོད་པའི་སྐབས་འཁེལ་ཏེ། ཁོང་ལ་ཨུ་ལན་ཕུ་ནས་ཧ་ཅང་ནན་པོ་བཤད་འདུག ངས་ཨུ་རུ་སུར་ཕྱིན་ན་རྩ་བ་ནས་འགྲིག་གི་མ་རེད། གལ་ཏེ་ཨུ་རུ་སུར་ཕྱིན་ན་ང་དང་རྒྱ་ནག་གཞུང་གི་འབྲེལ་བ་གཅོད་ཀྱི་ཡིན་ཞེས་གསལ་པོ་བཤད་འདུག ང་ནི་ཆོས་དང་རིག་གཞུང་གི་དོན་ལ་གཙོ་བོ་སོག་ཡུལ་ལ་འགྲོ་གི་ཡོད་པ་ལས། ཨུ་རུ་སུར་འགྲོ་གི་མེད། སོག་ཡུལ་ལ་པེ་ཅིང་བརྒྱུད་ནས་འགྲོ་ཐབས་མེད་པར་བརྟེན། ཨུ་རུ་སུ་བརྒྱུད་ནས་མ་ཕྱིན་ཀ་མེད་རེད། ཨུ་རུ་སུར་ལམ་ཞོར་དུ་སླེབས་པ་རེད། ང་ཨུ་རུ་སུ་དང༌། སོག་ཡུལ་ལ་སླེབས་སྐབས་ཨུ་རུ་སུའི་གསར་འགོད་པ་དག་གིས་རྣམ་འགྱུར་སྟོན་སྟངས་ལ་བལྟས་ན་ངས་མཐའ་གཅིག་ཏུ་རྒྱ་ནག་ལ་སྐྱོན་བརྗོད་དང་། ངོ་རྒོལ་བྱེད་དགོས་པ་ལྟ་བུ་ཞིག་འདུག་ཀྱང༌། ང་ཚོར་སོ་སོའི་བོད་མི་རིགས་ཀྱི་ཁེ་ཕན་བསྒྲུབ་རྒྱུའི་ལྟ་བ་དང་བསམ་ཚུལ་ཞིག་ཡོད་པ་ལས། ཡུལ་གཞན་ཞིག་གི་རྗེས་སུ་འབྲངས་ནས་རྒྱ་ནག་ལ་ངོ་རྒོལ་བྱེད་ཀྱི་མེད་སྟབས། ཨུ་རུ་སུ་དང་རྒྱ་ནག་གཉིས་སྲིད་དོན་འགལ་ཟླ་འཐབ་རྩོད་ཆེན་པོ་ཡོད་པ་དེའི་ནང་ལ་ང་ཚོ་འཛུལ་དགོས་དོན་མེད། ང་རང་ཚོར་སོ་སོའི་ལྟ་བ་ཞིག་ཡོད་པ་དེ་ཟིན་ནས་སྡོད་ཀྱི་ཡོད། ལྟ་བ་འདི་གཞི་བཞག་ལ་ཨུ་རུ་སུ་ནས་རྒྱབ་སྐྱོར་ཡོད་ན་ཐུགས་རྗེ་ཆེ་ཞུ་རྒྱུ་རེད། ཡག་པོ་རེད། ཕན་པ་རེད། ང་རང་གི་ལྟ་བ་འདི་ཡིན། ལྟ་བ་འདི་རང་འཁྱེར་ཏེ་བསམ་པ་རྣམ་དག་གི་སྒོ་ནས་ཨུ་རུ་སུ་དང་སོག་པོའི་གསར་འགོད་པ་དང་། སོག་པོའི་མི། སྤྱིར་བཏང་ཆོས་ཚོགས་སོགས་ཀྱི་མི་སྣ་ཐུག་འཕྲད་སྐབས་བསམ་ཚུལ་འདི་རང་གསལ་པོ་བྱས་ནས་ཤོད་ཀྱི་ཡོད།
ཡང་ཟླ་བ་འདིའི་ནང་ལ་སོག་ཡུལ་དང་ཨུ་རུ་སུར་འགྲོ་རྩིས་ཡོད། སོག་པོ་ཚོ་དངོས་གནས་དྲང་གནས་དད་པ་ཧ་ཅང་ཆེན་པོ་རེད། ཏཱ་ལའི་བླ་མ་དང་སོག་པོའི་འབྲེལ་བ་སྔར་ནས་ཡོད་པ་ལྟར། ང་སྔོན་མ་སོག་ཡུལ་དུ་འགྲོ་སྐབས་སོག་པོ་ཚོའི་རྣམ་འགྱུར་སྟོན་སྟངས་དང༌། དགའ་པོ་བྱེད་སྟངས་ཐུན་མོང་མ་ཡིན་པ་ཞིག་འདུག ང་ཚོས་སོག་པོར་འབྲེལ་བ་བྱེད་པ་འདི་ནི་རྩ་བ་རྒྱལ་རབས་ལོ་རྒྱུས་ནང་དམིགས་བསལ་གྱི་འབྲེལ་བ་ཡོད་པ་དེ་གཞི་བཟུང་བྱས་པ་ལས། ངས་མཐའ་གཅིག་ཏུ་སྲིད་དོན་གྱི་གནས་ཚུལ་ཐོག་ནས་ང་འགྲོ་གི་མེད། ཡང་སྐད་ཆ་ཕྱི་ནང་གཉིས་བཤད་པའང་མིན། ༸རྒྱལ་བ་རིན་པོ་ཆེ་དང༌། སོག་ཡུལ། ཨུ་རུ་སུའི་ཁུངས་ལ་ཡོད་པའི་སོག་རིགས་ནང་པ་ཚོའི་བར་དུ་འབྲེལ་བ་ཇི་ཙམ་ཡག་པོ་བྱུང་བ་དེ་ཙམ་གྱིས་མ་འོངས་པར་སྤྱིར་བཏང་ས་ཁུལ་འདི་དག་གི་གནས་སྟངས་ལ་ཕན་པ་ལས་གནོད་སྐྱོན་མེད། དཔེར་ན། ད་ལྟ་ཨུ་རུ་སུས་སོག་པོ་ལ་རྒྱབ་སྐྱོར་གཙང་མ་བྱས་ནས་སོག་པོ་དང་རྒྱ་ནག་གཉིས་འགྲིག་གི་ཡོད་པ་མ་རེད། དེ་བཞིན་དུ་ཨུ་རུ་སུ་དང་རྒྱ་ནག་འགྲིག་གི་ཡོད་པ་མ་རེད། ཡིན་ན་ཡང་རྒྱ་ནག་དང༌། ཨུ་རུ་སུ། སོག་ཡུལ་བཅས་སྔར་སྲིད་པ་ཆགས་པ་ནས་ད་བར་ཁྱིམ་མཚེས་སུ་གནས་པ་དང༌། མ་འོངས་པར་ཡང་དེ་བཞིན་དུ་སྲིད་པ་མ་སྟོངས་བར་དུ་ཁྱིམ་མཚེས་བྱས་ནས་སྡོད་རྒྱུ་ཡིན་སྟབས། གཅིག་གིས་གཅིག་ལ་དགྲར་འཛིན་བྱེད་པ་འདིར་སྙིང་པོ་ཅི་ཡང་མེད། སྔ་ཕྱི་མ་གཏོགས་ཨུ་རུ་སུ་དང༌། རྒྱ་ནག་འཆམ་དགོས་ལ། འཆམ་ན་ལེགས།
དེ་བཞིན་སོག་པོ་དང་རྒྱ་ནག་འཆམ་དགོས་པ་ལས་མ་འཆམ་པར་བསྡད་ཚོད་མེད། དེ་ལྟར་བསྡད་ན་ཕན་ཚུན་གཉིས་གྱོང་རེད། དཔེར་ན། ཏཱ་ལའི་བླ་མ་དང་སོག་རིགས་འབྲེལ་བ་ཡག་པོ་བྱུང་ན་མ་འོངས་པར་ཕན་ཐོགས་ཡོང་སྲིད་ཀྱི་རེད། གནད་དོན་འདི་དག་ང་ཚོས་པེ་ཅིང་ལ་འགྲེལ་བཤད་བྱེད་ཀྱི་ཡོད། མ་འོངས་པར་དེ་འདྲ་བཤད་བསམས་ནས་བསྡད་ཡོད། ང་ཨུ་རུ་སུར་ཕྱིན་ནས་རྒྱ་ནག་ལ་ངོ་རྒོལ་བྱེད་དགོས་དོན་མེད་ལ། ནམ་ཞིག་རྒྱ་ནག་ལ་ཕྱིན་ནས་ཨུ་རུ་སུར་ངོ་རྒོལ་བྱེད་དགོས་དོན་མེད། དངོས་གནས་ཕན་ཚུན་མཐུན་པ་ཞིག་དང༌། བདེ་བ་ཞིག་བྱུང་ན་བསམ་པ་དང༌། བསམ་བློའི་ནང་གི་ཁྲོ་སེམས་ཞི་ཐུབ་པ་ཞིག་བྱུང་ན། ཕྲན་བུ་ཞིག་ལས་མེད་ཀྱང་ཕན་ན་ཕན་པ་རེད། ངའི་བསམ་ཚུལ་དང་ལྟ་བ་དེ་ཡིན།
བོད་ནང་གི་ལས་བྱེད་པ་སོ་སོར་ཤེས་ཡོན་གང་ཡང་མེད་པ་ཉུང་ཤས་ཀྱིས་རྒྱ་མིར་སྤྲེལ་ལད་འཁྲབ་སྟེ་རྒྱུགས་ཁྱི་ལྟ་བུ་བྱེད་མཁན་ཡོད་པ་ནི་སྙིང་རྗེ་ཡུལ་རེད། གཞི་རྩའི་བསམ་བློ་གཏོང་རྒྱུ་ཡོད་མཁན་དེ་ཚོའི་གྲས་ནི་མི་རིགས་ཀྱི་ལྟ་བ་ཤུགས་ཆེན་པོ་རང་བཞིན་གྱིས་སླེབས་ཡོང་གི་ཡོད། ཁ་ནས་གསལ་པོ་ཤོད་ཐུབ་དང་མ་ཐུབ་ནི་གནས་ཚུལ་ཐ་དད་རེད། སྤྱིར་བཏང་ཆ་སྙོམས་བྱས་ན་བོད་ནང་གི་རྒྱ་ཆེའི་མི་མང་གི་སེམས་ཤུགས་ཧ་ཅང་ཡག་པོ་རེད། ཁྱེད་རང་གཞོན་ནུ་ཚོས་ཧུར་ཐག་བྱེད་དགོས། ཞེས་བཀའ་སློབ་སྩལ།། །།