༄༅། །ཕྱི་ལོ་ ༡༩༧༩ ཟླ་ ༡༠ ཚེས་ ༢༩ ཉིན་བོད་ཀྱི་གཞོན་ནུའི་འགན་འཛིན་ལྷན་ཚོགས་མཇལ་བཅར་སར་སྩལ་བའི་བཀའ་སློབ།

ཀ༽ བོད་མིའི་ལག་རྗེས་དང་། མི་མཐོང་ཆ་འཇོག

ཁྱོད་རང་ཚོས་སྐད་ཆ་འདྲི་རྒྱུ་འདྲ་ཡོད་དམ། ང་ལ་དམིགས་བསལ་ཤོད་རྒྱུ་དེ་ཙམ་མི་འདུག ད་ལྟ་བར་དུ་གཞོན་ནུ་ཚོས་ཧུར་ཐག་བྱས་པ་རེད། ང་ཚོ་རྒྱ་གར་ནང་གི་གཞོན་ནུ་ཚོ་ཙམ་མ་ཟད། སུད་སིར་ཡོད་པའི་གཞོན་ནུ་ཚོ་ཡང་སེམས་ཤུགས་ཆེན་པོ་ཡག་པོ་འདུག དེ་བཞིན་ཨ་མི་རི་ཀ་དང་། ས་ཁུལ་གཞན་དག་ལ་ཡོད་པའི་བོད་པ་རྒན་གཞོན་ཚང་མ་ནང་ཚགས་རྡོག་འགྲིལ་པོ། བོད་སྤྱི་པའི་སེམས་ཤུགས་ཆེན་པོ་ཡག་པོ་འདུག ཁྱོད་རང་ཚོས་ད་ལྟ་བར་དུ་ཧུར་ཐག་བྱས་པ་རེད། ད་དུང་ཡིན་ན་ཡང་ཧུར་ཐག་བྱེད་དགོས།
ང་རང་ཚོ་དེང་སང་དུས་ཚོད་འགངས་ཆེན་པོ་ཞིག་གི་སྐབས་སུ་སླེབས་ཡོད་སྟབས་ཚང་མས་སྲིད་དོན་གྱི་དོན་དག་ལ་དོ་སྣང་ཆེན་པོ་བྱེད་དགོས། རང་ཉིད་ཀྱི་སྐབས་སུ་གང་བབས་ཀྱི་བསྒྲུབ་བྱ་གང་དང་གང་ཡོད་པ་དེ་དག་ཚགས་ཚུད་བྱེད་རྒྱུ་དེ་གལ་ཆེན་པོ་འདུག ང་ཚོ་མིའི་ལུང་པར་སླེབས་ནས་ལོ་ཉི་ཤུ་ཙམ་སོང་བ་འདིའི་རིང་ལ། ཕྱོགས་གཅིག་ནས་ང་རང་ཚོ་ནང་ཁུལ་སྐད་ཆ་འདྲ་མིན་ལྷགས་ཏེ་བསུན་པོ་ལྟ་བུ་ཞིག་དང་། འགྲིགས་མ་འགྲིགས་ཡོང་གི་ཡོད། ཡིན་ནའང་ཆེ་ས་ནས་བཤད་ན་ལོ་ཉི་ཤུ་ཐམ་པ་འདིའི་རིང་ལ་ང་ཚོས་བྱས་རྗེས་ངེས་ཅན་ཞིག་བཞག་ཡོད།
ང་ཚོ་སྡོད་ས་རང་ཡུལ་མ་ཡིན་པར་མིའི་ལུང་པར་སྡད་ཡོད་པ་དང་། མཐུན་རྐྱེན་གཞན་ལ་རེ་དགོས་ཀྱི་ཡོད་པ། མི་ལ་བསྟུན་དགོས་ཀྱི་ཡོད་པ་སོགས་འགལ་རྐྱེན་དང་། དཀའ་ངལ་དེ་འདྲ་ཞིག་གི་འོག་ནས་ང་ཚོས་གཙོ་ཆེ་ཤོས་སོ་སོའི་མི་རིགས་ཀྱི་ཆོས་དང་ཤེས་རིག་གིས་མཚོན་པའི་སོ་སོའི་མི་རིགས་ཀྱི་རྣམ་པ་མ་ཡལ་བར་རྒྱུན་འཛིན་བྱེད་རྒྱུ་དེ་ང་ཚོས་མིའི་ལུང་པར་ཡག་པོ་བྱས་ཡོད། རང་གི་ལུང་པའི་ནང་བོད་མི་ཚོས་རང་གི་ཆོས་དང་ཤེས་རིག་དང་། སོ་སོའི་གོམས་གཤིས་དེ་དག་ལ་དགའ་ཞེན་མེད་པ་དང་། དེ་ལ་ལྷོད་ཡངས་སུས་བྱེད། དངོས་གནས་དྲང་གནས་ཧ་ལས་པའི་སེམས་ཤུགས་ཡོད་ནའང་། དགའ་ཞེན་བྱེད་སར་སླེབས་དུས་ཁྲིམས་འགལ་ལ་བརྩི་གི་ཡོད། དེ་འདྲའི་དཀའ་ངལ་འོག་ལ་རང་གི་ལུང་པར་མི་རིགས་ཀྱི་རྣམ་པ་རིམ་པས་ཡལ་འགྲོ་བའི་དུས་ཚོད་ལ་སླེབས་ཡོང་གི་ཡོད། ང་ཚོས་མིའི་ལུང་པར་རང་གི་མི་རིགས་ཀྱི་ཆོས་དང་། ཤེས་རིག་སྲུང་སྐྱོབ་བྱེད་རྒྱུའི་ཐོག་ལ་བྱས་རྗེས་ཡག་པོ་བཞག་ཡོད། སྤོབས་པ་དང་བཅས་མི་ལ་ཤོད་རྒྱུ་ཡོད་པ་ཞིག་བྱུང་ཡོད།
དེ་བཞིན་ང་ཚོས་མིའི་ལུང་པའི་ནང་ང་ཚོའི་ཆོས་དང་། ཤེས་རིག་དང་སོ་སོའི་མི་རིགས་ཀྱི་དོན་དག་ཡིན་ཟེར་ནས་ཀླད་པ་གུ་དོག་དང་གཏི་ཐུག་བྱས་ནས་མ་བསྡད་པར། སོ་སོའི་མི་རིགས་ཀྱི་བསམ་བློ་དེ་ཡོད་པའི་ཐོག་ལ་དེང་དུས་དང་མཐུན་པའི་ལམ་ཕྱོགས་སུ་འགྲོ་རྒྱུར་ང་ཚོས་འབད་རྩོལ་བྱས་ཡོད་ལ། དེ་ལྟར་བྱས་པའི་ལག་རྗེས་ལ་ང་ཚོ་རྒྱ་གར་ལུང་པའི་ནང་ལ་ཡིན་ཡང་རུང་། ཕྱི་རྒྱལ་ལུང་པ་ཁག་ནང་ལ་ཡོད་པ་ཚོ་ཡིན་ཡང་རུང་། ལུང་པ་གང་དུ་ཡོད་ཀྱང་ལུང་པ་དེ་གའི་ནང་གི་འཚོ་བ་སྐྱེལ་སྟངས་ཆ་ཚང་ཤེས་ཤིང་། ལུང་པ་དེ་གའི་ནང་གི་མི་རྣམས་དང་ཁྱུ་འདྲེས་ཐུབ་པ་ཞིག་བྱས་ནས་བསྡད་ཡོད།
སྤྱིར་བཏང་བོད་མི་ཚང་མས་རང་རང་སོ་སོ་སྡོད་སའི་ལུང་པ་དེ་གའི་ནང་ལ་སྤྱི་འགྲེ་སྤྱི་མཚུངས་ཀྱི་འགྲོ་རྒྱུགས་འཕེར་བ་བྱས་ནས་བསྡད་ཡོད། དེའི་ཐོག་ལ་ལུང་པ་གང་དུ་ཡིན་ན་ཡང་བོད་པ་ཞེས་བརྗོད་སྐབས་ལྟོ་གོས་འཚོལ་སྒྲུབ་ལ་མགོ་གྲུང་པོ་དང་། སྡུག་དཀའ་ལས་རྒྱག་ཐུབ་མཁན། མི་གཞུང་བཟང་པོ། མི་རྒྱུ་སྤུས་དག་པོ། བོད་མི་ལ་བློས་བཀལ་ན་ཆ་འཇོག་དང་། ཡིད་བརྟན་འཕེར་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་གར་ནང་ལ་ཡང་དེ་འདྲ་ཡོང་གི་ཡོད། འདི་ལོ་གསུམ་བཅུའི་དུས་དྲན་སྐབས་ལ་སྐད་ཆ་བྱུང་བ་ལྟར་རེད། དེ་བཞིན་ཨ་མི་རི་ཀ་དང་། སུད་སིར་ཡང་བོད་པར་ཡིད་ཆེས་འཕེར་བ་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག ང་ཚོ་བོད་མི་སྤྱི་ཡོངས་ཀྱི་གནས་སྟངས་དེ་འདྲ་ཞིག་ཡོད།

ཁ༽ གཞིས་བྱེས་ཀྱི་དཀའ་སྤྱད་དང་། སྤྱི་ཡོངས་ཀྱི་གནས་སྟངས།

གཉིས་ནས་གཞོན་ནུའི་ནང་ནས་སློབ་སྦྱོང་ཐོན་མཁན་དང་། འཛམ་གླིང་འདིའི་སྒང་ལ་སྤྱི་འགྲེ་སྤྱི་མཚུངས་མཐོ་རིམ་སློབ་སྦྱོང་གི་གནས་ཚད་ཡོད་མཁན་སུམ་བརྒྱ་ཙམ་ཞིག་ཡོད། བོད་ལུང་པའི་ནང་ལ་ཆ་བཞག་ན་བོད་མི་ས་ཡ་དྲུག་གི་ནང་ལ་གཞོན་ནུ་ཧ་ཅང་མང་པོ་ཡོད་ན་ཡང་། འཛམ་གླིང་འདིའི་སྒང་གི་སྤྱི་འགྲེ་སྤྱི་མཚུངས་ཀྱི་ཤེས་ཡོན་གནས་ཚད་ཡོད་མཁན་ཧ་ལམ་སྟོན་རྒྱུ་མེད།
གང་ལྟར་འདས་པའི་ལོ་དེ་དག་རིང་ལ་ང་ཚོ་འཛམ་གླིང་ནང་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་ཙམ་གྱི་བཟོ་ལྟ་བུ་ཞིག་ཆགས་པ་དང་། ཕྲ་ཞིག་ཚུགས་ནས་བསྡད་ཡོད། དེ་དག་རྩ་བའི་ཡོང་ས་ང་ཚོའི་ཁ་ནས་ཚིག་སྐམ་པོ་ཞིག་བཤད་ནས་བྱུང་བ་གང་ཡང་མིན། ང་རང་ཚོ་བོད་པ་མི་རེ་ངོ་རེའི་ཆ་ནས་སེམས་ཤུགས་ཆེན་པོས་དཀའ་ངལ་ལ་བཟོད་བསྲན་དང་། དཀའ་ངལ་ལ་གདོང་ལེན་བྱས། སེམས་ཤུགས་མ་ཆག་པར་ལོ་ནས་ལོ་བསྟུད་འབད་རྩོལ་ལུ་གུ་བརྒྱུད་དུ་བྱས་པའི་ལག་རྗེས་ཆགས་ཡོད། དེ་དག་ལམ་སེང་ཡོང་ཆོག་ཆོག་ཅིག་མིན། དེ་དག་ལ་བསམས་ན་བོད་མི་རིགས་དེ་གྱོང་པོ་ཞིག་ཡིན་པ་དང་། བོད་མི་རིགས་དེ་ཀླད་མེད་ནུས་མེད་ཅིག་མིན་པ་གཞི་ནས་སོ་སོའི་སེམས་ལ་ངེས་པ་རྙེད་པ་དང་། ངེས་པ་རྙེད་སྐབས་སྤོབས་པ་སྐྱེད་ཐུབ་པ་ཞིག་ཡོང་གི་འདུག ང་ཚོ་མིའི་ལུང་པའི་ནང་གནས་སྟངས་དེ་འདྲ་ཞིག་བྱས་ནས་བསྡད།
དེ་བཞིན་བོད་ལུང་པའི་ནང་ལ་ཆ་བཞག་ན་རྒྱ་མིས་མནར་གཅོད་དང་གདུག་རྩུབ་ཇི་ཙམ་ཆེན་པོ་ཡོད་ཀྱང་། བོད་མི་ཚོའི་སེམས་ཤུགས་ཧ་ལས་པའི་མཁྲེགས་པོ་བྱས་ནས་བསྡད་ཡོད། དེ་ལྟར་བསྡད་པའི་ཉེར་ལེན་གྱིས་ད་ལྟ་ཕན་ལ་རྒྱ་མིས་བོད་པར་སྡུག་སྦྱོང་གཏོང་རྐྱང་བྱེད་པའི་སྲིད་བྱུས་དེ་ཕལ་ཆེར་འགྱུར་གྱི་ཡོད། བོད་པ་ཚོར་ངོ་གདོང་གསར་པ་ཞིག་བསྟན་ནས་ཐབས་ཤེས་གསར་པ་ཞིག་བཙལ་ན་མ་གཏོགས། ད་ལྟ་ཕན་གྱི་བྱེད་སྟངས་འདི་འགྲོ་ཐུབ་པ་མི་འདུག་བསམ་པ་ཞིག་དྲན་གྱི་ཡོད། རྩ་བ་རྒྱ་ནག་རྒྱལ་ཡོངས་ཀྱི་ནང་ལའང་ཁོ་རང་ཚོའི་སྲིད་བྱུས་འགྱུར་གྱི་ཡོད་ལ། དེ་དང་བསྟུན་པའི་བོད་ནང་ལའང་ད་ལྟ་བར་དུ་བྱས་པ་དེས་དམིགས་ཡུལ་བསམ་ཐོག་དོན་འཁེལ་མི་ཡོང་བ་མཐོང་ནས། ད་ཆ་ངོ་གདོང་གསར་པ་ཞིག་བསྟན་ནས་ཐབས་ཤེས་བྱེད་ཀྱི་ཡོད། དེ་དག་བོད་ཕྱི་ནང་ལ་ཡོད་པའི་བོད་པ་ཚང་མས་སྤྱི་པའི་དོན་དག་ལ་སེམས་ཤུགས་མ་ཆག་པར་བསྡད་པའི་ཉེར་ལེན་ལ་བརྟེན་ནས་བྱུང་བ་རེད་བསམ་གྱི་འདུག
དེར་བརྟེན་ང་རང་ཚོ་ཚང་མས་ད་དུང་སེམས་ཤུགས་སྔར་ལས་ཆེ་བསྐྱེད་བྱེད་དགོས་པ་དང་། ལས་ཁུར་གང་འདྲ་ཞིག་ཐོག་ཏུ་བབས་པ་དང་། གོ་སྐབས་ནམ་བྱུང་ལ་སྐབས་དང་འཚམས་པའི་བྱེད་ཐབས་གང་དང་ཅི་ཞིག་ཡོད་པ་དེ་དག་རྗེས་ལུས་མ་ཐེབས་པ་དང་། ལྷོད་ཡངས་མ་ཤོར་བ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། འདས་པའི་ལོ་ཉི་ཤུའི་རིང་ལ་བྱུང་བའི་ཉམས་མྱོང་ལ་གཞིགས་པས་མ་འོངས་པར་ད་དུང་ང་ཚོས་གང་དང་གང་བྱེད་རྒྱུ་འདུག་གམ། དེ་དག་ལ་བསམ་བློ་གཏོང་དགོས། ཁྱོད་རང་ཚོ་ཚང་མར་བཀྲ་ཤིས་བདེ་ལེགས་ཡོད། ཧུར་ཐག་བྱེད་དགོས། སྐད་ཆ་འདྲི་རྒྱུ་འདྲ་ཡོད་དམ། གང་ཞིག་འདུག་གམ།

༼ཞེས་བཀའ་འདྲི་གནང་བར། གཞོན་ནུའི་ཚོགས་གཙོས། ཉེ་དུས་པེ་ཅིང་ལ་འབྲེལ་བ་གནང་སྟངས་སྐོར་བཀའ་སློབ་ཡོང་བ་ཞུས་པར།༽

ག༽ རྒྱ་བོད་ཀྱི་འབྲེལ་བ་དང་། སྐུ་ཚབ་ཀྱི་གཟིགས་སྐོར།

བར་ལམ་རྒྱ་མི་དང་ང་ཚོ་འབྲེལ་བ་ཆགས་བསྡད་ཡོད། དང་པོ་གྲོས་འགོ་དེ་རྒྱ་མིས་ཚུར་བཏོན་པ་རེད། ང་ཚོའི་རྩོད་པ་བྱེད་སྟངས་སྐོར་ངས་ནམ་རྒྱུན་རྟག་པར་བཤད་མུས་ལྟར། ཚུར་ཙམ་དེར་རྒྱ་གར་ཡིན་ནའང་རུང་། ཕར་ཙམ་དེར་རྒྱ་མི་ཡིན་ནའང་རུང་། དེ་བཞིན་ཨ་མི་རི་ཀ་དང་། ཨུ་རུ་སུ་སོགས་སུ་ཞིག་ཡིན་ན་ཡང་ང་ཚོས་གདོང་དང་གདོང་བསྟན་ནས་རྒྱུ་མཚན་བཤད་དགོས་པ་ཡིན། ང་ཚོས་བོད་དོན་འཐབ་རྩོད་བྱེད་པ་འདི་ངོ་གདོང་བསྟན་མ་ནུས་པ་དང་། བཤད་མ་ནུས་པར་རྒྱབ་ལོགས་ལ་རྒྱབ་བཤད་བརྒྱབ་ནས་བསྡད་དགོས་པ་དེ་འདྲ་ཞིག་མིན། རྒྱ་མིས་ཚུར་ང་ཚོར་འབྲེལ་བ་བྱེད་རྒྱུའི་གྲོས་འགོ་བཏོན་སྐབས། ང་ཚོ་ངོ་གནོང་དགོས་པ་དང་། གདོང་སྦས་དགོས་དོན་མེད་སྟབས། ཚུར་ལག་པ་རྐྱོང་སྐབས་ཕར་ལ་ཡང་ང་ཚོས་སྤོབས་པ་ཆེན་པོའི་ཐོག་ནས་ལག་པ་བརྐྱངས་ཏེ་འབྲེལ་བ་བྱས་པ་རེད།
རྒྱ་མིས་བོད་ནང་ཡར་རྒྱས་ཆེན་པོ་བཏང་ལུགས་དང་། བོད་མི་རྣམས་སྔོན་མེད་བདེ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་ཀྱི་ཡོད་ལུགས་བཤད་པ་ལྟར། དངོས་འབྲེལ་ཡོད་མེད་ང་ཚོས་དངོས་སུ་མཐོང་དགོས་ཀྱི་འདུག་ཅེས་བཤད་དེ་བོད་ནང་ལ་ལྟ་སྐོར་ལ་འགྲོ་རྒྱུའི་གོ་སྐབས་བྱུང་བ་རེད། དེ་ཡང་སྔོན་མ་མི་བརྒྱད་བོད་ལ་ཡོངས་བསྒྲགས་བྱས་ནས་འགྲོ་ཐབས་བྱེད་སྐབས་རྒྱ་མིའི་ས་ནས་ལག་འཁྱེར་ལེན་དགོས་ཀྱི་ཡོད་པ་དང་། ལག་འཁྱེར་ལེན་དགོས་སྟབས་མི་རིགས་བཀོད་སྟངས་ཀྱི་ཐོག་ནས་ང་ཚོར་དཀའ་ངལ་འཕྲད་ཡོང་གི་ཡོད། ད་རེས་ལྟ་སྐོར་ལ་དེ་འདྲའི་ཡོངས་བསྒྲགས་ཀྱི་ཡིག་ཆ་ལེན་མི་དགོས་པར་ཧོང་ཀོང་བར་དུ་ཕྱིན། ཧོང་ཀོང་ནས་རྒྱ་གཞུང་གི་དམིགས་བསལ་སྐུ་མགྲོན་ལྟ་བུ་བྱས་ནས་ཕྱིན་པ་རེད།
རྩ་བའི་ལས་དོན་གྱི་ངོ་བོ་དེ་བོད་ནང་གི་དངོས་ཡོད་གནས་ཚུལ་གང་འདྲ་ཡོད་མེད་ལྟ་རྟོག་བྱེད་རྒྱུ་དང་། བོད་ནང་གི་བོད་མི་ཚོར་འཚམས་འདྲི་བྱེད་རྒྱུ། ང་ཚོ་མིའི་ལུང་པར་ལོ་ཉི་ཤུ་ཐམ་པ་བསྡད་པའི་རིང་ལ་ང་ཚོའི་གནས་སྟངས་གང་འདྲ་ཞིག་ཡོད་མེད། བོད་པའི་ཆོས་དང་། རིག་གཞུང་གི་ཐོག་ལ་ང་ཚོས་ལས་ཀ་གང་འདྲ་ཞིག་བྱས་ཡོད་མེད། སོ་སོའི་མི་རིགས་རྒྱུད་འཛར་བོད་རིགས་གཙང་མ་ཡོང་བའི་དོན་དག་ལ་ང་ཚོས་བསམ་བློ་གང་འདྲ་གཏོང་གི་ཡོད་པ་དང་། ང་ཚོས་ལས་དོན་གང་འདྲ་སྒྲུབ་ཀྱི་ཡོད་པ་དེ་དག་སྟོན་ཐུབ་པའི་དོན་དུ་ཕྱིན་པ་ལས། ལྐོག་ལ་ཕར་ཚུར་འགྲོ་མཁན་གྱི་ས་ནས་ང་ཚོས་གནས་ཚུལ་ཕྲན་བུ་སྒྲུབ་ཐུབ་ཀྱི་ཡོད་ན་ཡང་། ཕར་ཤོད་ཐུབ་པ་ཧ་ཅང་ཁག་པོ་རེད། བཤད་ས་དེ་ཡང་སོ་སོའི་བློ་འཁེལ་བའི་མི་རེ་ཟུང་ལས། རྒྱ་ཆེན་པོ་ཞིག་ལ་ཤོད་ཐུབ་པ་ཁག་པོ་རེད། རྒྱ་མིའི་ཆོག་མཆན་ལྟ་བུ་ཐོབ་ནས་རྒྱ་གཞུང་གི་ངོས་ལེན་ཡོད་པའི་ཐོག་ནས་འགྲོ་ཐུབ་པ་བྱུང་ན་ཇི་ཙམ་མིན་ཟེར་ན་ཡང་ཡོངས་བསྒྲགས་བྱས་ནས་སྐད་ཆ་ཤོད་རྒྱུའི་གོ་སྐབས་དེ་བྱུང་འདུག
རྒྱ་གར་ནང་ལ་ང་ཚོའི་གནས་སྟངས་དེ་དག་བོད་མི་རུབ་རུབ་བོད་ས་དེ་དག་ལ་སྤོབས་པ་ཆེན་པོའི་ཐོག་ནས་གང་ལ་གང་འཚམ་ཤོད་རྒྱུའི་གོ་སྐབས་བྱུང་འདུག དང་པོ་ནས་ལྟ་སྐོར་ལ་གཏོང་རྒྱུའི་བསམ་བློ་དེ་འཁོར་སྐབས་ང་ཚོ་རྒྱ་གར་ལུང་པའི་ནང་ལ་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་ཏེ་སྐྱིད་སྡུག་ལེགས་ཉེས་གང་ཞིག་བྱུང་ཡང་། སྐྱིད་གཅིག་སྡུག་གཅིག་བྱེད་རྒྱུའི་བསམ་ཚུལ་ཡོད་པ་འདི་བོད་ནང་གི་མི་ཚོས་གནས་ཚུལ་གསལ་པོ་ཤེས་དགོས་པ་དེ་གལ་ཆེན་པོ་འདུག བོད་ནང་གི་རྒྱ་ཆེའི་མི་མང་དེ་དག་ལ་ང་ཚོས་རྒྱ་གར་ནང་ཆོལ་ཁ་གསུམ་དབྱེ་བ་མེད་པ་གཅིག་གྱུར་བྱས་ཏེ་བསྡད་ཡོད་པ་དང་། ང་ཚོས་བསམ་ཚུལ་གང་འདྲ་ཞིག་འཁྱེར་གྱི་ཡོད་པ་རྣམས་ཕར་བཤད་ན་གོ་བ་ཞིག་ཆགས་ཐུབ་ཀྱི་རེད། ང་ཚོས་སློབ་གསོ་གཞན་དག་གང་ཡང་རྒྱག་དགོས་པ་མི་འདུག་སྙམ་པ་ང་ཚོའི་བསམ་ཚུལ་དེ་རེད།

ང༽ གཟིགས་སྐོར་དང་པོ་དང་། གསང་རྒྱའི་རྒྱུ་མཚན།

བར་ལམ་ལྟ་སྐོར་བ་རྣམས་པེ་ཅིང་བརྒྱུད་ནས་བོད་ལ་ཕྱིན་པ་རེད། པེ་ཅིང་ལ་རྒྱ་ནག་གི་འགོ་ཁྲིད་ཁ་ཤས་ཐུག་སྐབས་སྐད་ཆ་ཡག་པོ་བྱུང་འདུག དེ་ནས་ཨ་མདོ་ཁུལ་ལ་ལྟ་སྐོར་བྱས་ཤིང་། ཉེ་ཆར་ལྷ་སའི་ཁུལ་ལའང་ལྟ་སྐོར་བྱས། དེང་སང་ཁམས་ཕྱོགས་ལ་སླེབས་བསྡད་མེད་དམ། དེ་ནས་པེ་ཅིང་བརྒྱུད་ཚུར་ལོག་ཡོང་གི་རེད།
དེ་ནས་ལྟ་སྐོར་བའི་མི་འགྲོའི་ཐད་ཕྱོགས་གཅིག་ནས་ལས་འགན་གྱི་བསམ་བློ་དང་། གཉིས་ནས་ཆོལ་ཁའི་བབས་གང་ཅིར་བསམ་བློ་ཏན་ཏན་བཏང་སྟེ་གཏན་འཁེལ་བྱས་པ་ཡིན། གསང་བ་བྱེད་པའི་རྒྱུ་མཚན་ནི་རྒྱ་མིའི་ངོས་ནས་གསང་བ་བྱེད་དགོས་ཀྱི་ཡོད་ཅེས་ང་ཚོར་བརྗོད་དེ་གསང་བ་བྱས་པ་རེད། གསང་བ་བྱེད་པའི་དགོས་དོན་གཙོ་བོ་ང་ཚོའི་ལས་ཀ་དེ་ལྐོག་ལ་བྱེད་དགོས་པ་ཞིག་ཡིན་པའི་དབང་གིས་ང་ཚོས་གསང་བ་བྱས་པ་མ་རེད། དེ་ལ་དགོས་པ་རྒྱུ་མཚན་ཞིག་ཡོད། དགོས་པ་རྒྱུ་མཚན་གང་ཡོད་ཟེར་ན། ཡོངས་བསྒྲགས་བྱས་ནས་འགྲོ་རྒྱུ་བྱས་ན། ཕྱོགས་གཅིག་ནས་རྒྱ་མིའི་ལག་འཁྱེར་ལེན་དགོས་པའི་དཀའ་ངལ་གཅིག་འཕྲད་ཀྱི་ཡོད་ལ། གཉིས་ནས་ཡོངས་བསྒྲགས་བྱས་ཕྱིན་ཆད་ལ་རྒྱ་མིའི་གསར་ཤོག་ཁག་གི་ནང་ལ་གནས་ཚུལ་བཀོད་ཡོང་གི་རེད།
གཙོ་ཆེ་ཤོས་བོད་རིགས་ས་ཁུལ་ཁག་གི་གསར་ཤོག་ཁག་ནང་གནས་ཚུལ་བཀོད་ཡོང་གི་རེད། གསར་ཤོག་ཁང་ནང་རྒྱ་མི་ཁོ་རང་ཚོའི་འདོད་པ་གང་ཡོད་པ་ལྟར། ཁོང་ཚོ་ཀྲུང་དབྱང་ལ་གུས་བཏུད་ཞུ་བར་ཡོང་བ་རེད་ཟེར་བ་དང་། ཁོང་ཚོ་མིའི་ལུང་པར་ཁུངས་མ་འཁྱོལ་བར་འ་ཆད་འུ་ཐུག་གི་ཐོག་ནས་བོད་ལ་ཡོང་གི་ཡོད་ཟེར་བ་ལྟ་བུ་བྲིས་མདོག་ཁ་པོ་རེད། དེ་ལྟར་བྲིས་ན་ང་རང་ཚོའི་མི་རྣམས་རྒྱ་མིའི་གསར་ཤོག་གར་ཁྱབ་སར་སླེབས་ཐུབ་ཀྱི་མ་རེད། ང་ཚོའི་མི་ངོ་མ་སླེབས་པ་དེ་དག་ལ་ཚོས་ཀྲུང་དབྱང་ལ་མཐེ་བོང་ཀེར་ནས་ཡོང་བ་ཡིན་མིན་དང་། ང་ཚོ་རྒྱ་གར་ནང་ཁུངས་མ་འཁྱོལ་བར་འ་ཆད་འུ་ཐུག་གི་བོད་ལ་ཡོང་བ་ཡིན་མིན་ངོ་མ་གདོང་ཐུག་པ་དེ་དག་ཤེས་ཀྱི་རེད། ས་གནས་ས་ཐོག་ལ་ང་ཚོའི་མི་ངོ་མ་སླེབས་མ་ཐུབ་པའི་ས་ཆ་དེ་དག་ལ་བོད་པ་ཚོས་སེམས་ཤུགས་ལ་ཕན་གནོད་ཇི་ཡོང་ཚོད་དཔག་ཁག་པོ་འདུག དེར་བརྟེན་རྒྱ་གཞུང་ནས་གསང་བ་བྱེད་དགོས་བཤད་པ་ལྟར། ང་ཚོའི་ངོས་ནས་ཀྱང་གསང་བ་བྱེད་ཀྱི་ཡིན་ཞེས་ཕྱིན་པ་རེད། འོན་ཀྱང་རྗེས་ལ་གསང་བ་ཡོངས་གྲགས་ཆགས་པ་རེད། ལྟ་སྐོར་བ་རྣམས་རིམ་པས་ཚུར་འཁོར་བའི་མཚམས་ལ་གནས་ཚུལ་གང་དང་ཇི་བྱུང་ཡོངས་གྲགས་ཕྱི་རྒྱལ་གསར་འགོད་མཁན་ཁག་ལ་ཤོད་དགོས་པ་ཡོང་གི་རེད།
དེ་བཞིན་ང་རང་ཚོ་བོད་རིགས་ནང་ཁུལ་ལ་ཡང་ལས་བསྡོམས་ལྟ་བུ་ཤོད་རྒྱུ་ཡོང་མདོག་ཁ་པོ་རེད། ད་ལྟའི་ཆར་ཕྱི་རྒྱལ་ཚགས་པར་རྒྱག་མཁན་ཁག་ལ་ང་ཚོ་རྒྱ་མི་དང་འབྲེལ་བ་ཡོང་གི་ཡོད། ཡིན་ནའང་ད་ལྟའི་དུས་ཚོད་ལ་སྐད་ཆ་ཤོད་རྒྱུ་གང་ཡང་མེད་ཅེས་ཟེར་གྱི་ཡོད། ཨ་མི་རི་ཀ་དང་། སུད་སི་ཁུལ་ལ་གནས་ཚུལ་དེ་ཤེས་ཚར་འདུག ལྷག་དོན་ཨ་མི་རི་ཀར་ཚང་མ་ཡོངས་བསྒྲགས་ལྟ་བུ་ཆགས་ཏེ་ཚགས་པར་རྒྱག་མཁན་ཚོས་ང་ལ་རྟག་པར་སྐད་ཆ་དེ་འདྲི་གི་འདུག་པར། ང་ལ་ཤོད་རྒྱུ་གང་མེད་ཅེས་བརྗོད་ཀྱི་ཡོད། ཕན་ཐོགས་ཡོད་མེད་ལ་ལྟ་དགོས། སྐབས་རེ་སྐད་ཆ་མང་ཙམ་བཤད། འགྲེལ་བཤད་མང་ཙམ་བརྒྱབ་ན་ཕན་ཐོགས་ཡོད་པའི་སྐབས་ཤིག་ཡོང་གི་རེད། སྐབས་རེ་སྐད་ཆ་མང་པོ་མ་བཤད་ན་ཕན་ཐོགས་ཆེ་བ་ཡོང་གི་རེད། ད་ལྟའི་དུས་ཚོད་འདིར་སྐད་ཆ་མང་པོ་མ་བཤད་ན་ལེགས་པ་ལྟ་བུ་འདུག

ཅ༽ འབྲུག་བོད་ཀྱི་དཀའ་རྙོག་དང་། ཕྱི་རྒྱལ་དུ་གནས་སྤོས།

དེང་སང་འབྲུག་ནང་གི་གནས་ཚུལ་དེ་ཛ་དྲག་ལྟ་བུ་ཞིག་རེད། རྒྱ་གར་གཞུང་ནས་རྒྱུ་མཚན་མང་པོ་ཞིག་གི་ཐོག་ནས་རྒྱ་གར་ནང་བོད་མི་ལེན་རྒྱུ་ཧ་ཅང་ཁག་པོ་ཡིན་འདུག ང་ཚོས་ཐབས་ཤེས་གཙོ་བོ་དེ་འབྲུག་གཞུང་རང་གིས་རྒྱབ་ཁབ་ཁག་བདུན་བརྒྱད་ཅིག་ལ་འབྲེལ་བ་གནང་ནས་འབྲུག་ནང་ཡོད་པའི་བོད་པ་འབྲུག་ནང་ལ་སྡོད་འདོད་ཡོད་པ་དེ་དག་ལུང་པ་དེ་གའི་ནང་ལ་སྡོད་ཐུབ་པའི་ཐབས་ཤེས་གནང་བ་དེ་གའི་མཇུག་མཐུད་དེ་ཨ་མི་རི་ཀ་དང་། ཁེ་ན་ཌ། དེ་བཞིན་ཨོ་སི་ཊི་ལི་ཡ། ནོར་ཝེ་སོགས་སུ་མུ་མཐུད་ནས་ཐབས་ཤེས་བྱེད་ཀྱི་ཡོད་པ་ལས། ང་ཚོས་འབྲུག་པར་ངོ་རྒོལ་བྱས་པ་གང་ཡང་མ་རེད།
བོད་པ་འབྲུག་ནང་སྡོད་འདོད་མེད་པ་དེ་དག་ཕྱི་ལོགས་ལ་ཚུར་ཡོང་ཐབས་ཟེར་བ་འདི་སྐོར་ཕྱིན་ཆད་འབྲུག་བོད་གཉིས་དད་པ་དམ་ཚིག་གཙང་མ་ཡོང་བ་ཞིག་དང་། བོད་གཞུང་ལ་རྒྱ་གཅིག་སྒྲིལ་ཡག་པོ་ཞིག་ཡོང་བའི་རྩ་བ་ལ་ཕྱིན་ཆད་འབྲུག་གཞུང་ལ་རྟག་པར་སྙན་བསུན་མི་ཡོང་བ་དང་། འབྲུག་གཞུང་དང་ང་ཚོ་བོད་རིགས་དབར་ལ་ཕྱིན་ཆད་སྐད་ཆ་ཉུང་བ་དང་། རྙོག་དྲ་ཉུང་བ་ཞིག་གི་རྩ་བར་འབྲུག་ནང་སྡོད་འདོད་མེད་པ་རྣམས་འབྲུག་ནས་ཕྱིར་ཐོན་ཆོག་པ་བྱུང་ན་ཡག་པོ་འདུག་ཅེས་བསམ་འཆར་བྱུང་བ་ལས། ང་ཚོས་འབྲུག་གཞུང་ལ་སྐྱོན་བརྗོད་ཀྱི་རྩ་བ་དང་། འབྲུག་གཞུང་ལ་མ་དགའ་བའི་རྣམ་འགྱུར་བསྟན་པ་གང་ཡང་མ་རེད། ཁ་སང་ང་ཨ་མི་རི་ཀར་ཡོད་པའི་སྐབས་ལ་དམིགས་བསལ་གཞུང་འབྲེལ་གང་ཡང་བྱུང་མེད། སྔོན་ལ་སྒེར་གྱི་ངོ་ཤེས་པ་དེ་འདྲ་ཁ་ཤས་ལ་སྐད་ཆ་བྱུང་། ལྡི་ལིར་འབྱོར་ནས་རྒྱ་གར་སྲིན་བློན་མཇལ་འཕྲད་མ་བྱུང་ཡང་། ཁ་སེང་ཕྱི་སྲིད་དྲུང་ཆེར་འགྲེལ་བཤད་བྱེད་རྒྱུ་བྱུང་། རྒྱ་གར་ནང་ལ་ལེན་རྒྱུར་དཀའ་ངལ་ཆེན་པོ་ཞིག་འདུག འབྲུག་ནང་གི་གནས་ཚུལ་དེ་འདྲ་ཞིག་རེད།
འབྲུག་ནང་ཡོད་པའི་བོད་མི་ཚོའི་ཐོག་ལ་ང་ཚོས་སེམས་འཁུར་མ་བླངས་པ་ག་ལ་སྲིད་ཀྱང་། ཨ་མའི་པང་ནས་ཕྲུ་གུ་གཡུགས་པ་ལྟ་བུ་བྱས་བྱུང་ཞེས་འུ་ཐུག་གི་ཡི་གེ་བཏང་ཡོང་གི་འདུག ང་ཚོས་སེམས་འཁུར་བླངས་ནས་ཐབས་ཤེས་མ་བྱས་པ་མིན་ཡང་། འགྲུབ་དང་མི་འགྲུབ་ཟེར་བ་དེ་ང་ཚོའི་ལག་པར་མེད་པར་གཞན་ལ་རག་ལས་ཡོད་སྟབས། ལམ་སེང་བྱ་ཐབས་གང་ཡང་མི་འདུག འབྲུག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་པོ་བྱེད་པ་དང་། རྒྱ་གར་གཞུང་ལ་མཛད་དཀའ་བཟོ་རྒྱུའི་ལས་ཀ་བྱས་ན་དགོས་པ་ཨེ་ཡོད་བསམ་གྱི་འདུག མ་གཞི་ལས་བྱེད་རྣམས་དང་ང་ཚོ་ཚོགས་འདུ་ཞིག་བྱེད་དགོས་མི་ཡོང་ངམ་བསམ་པ་དྲན་བསྡད་ཡོད། ད་ལྟ་ཁྱེད་རང་ཚོ་ཐུག་འཕྲད་བྱུང་སྟབས་ངས་ཕྲན་བུ་བརྗོད་པ་ཡིན།

ཆ༽ སྒྲིག་འཛུགས་ཚགས་ཚུད་དང་། ལས་དོན་གྱི་འགན་འཁུར།

ཁྱོད་རང་ཚོ་གོ་བསྡུར་ཡག་པོ་བྱེད་དགོས། ད་དུང་མུ་མཐུད་ནས་གཞོན་ནུའི་སྒྲིག་འཛུགས་འདི་ཚགས་ཚུད་པོ་ཡོང་བའི་དོན་དག་གང་དང་གང་བྱེད་རྒྱུ་འདུག་གམ། ད་ལྟ་བར་གྱི་ཉམས་མྱོང་ལ་གཞིགས་པའི་ཐོག་ནས་གོ་བསྡུར་ཡག་པོ་བྱེད་དགོས། ངས་བཀའ་ལྟ་བུ་གཏང་ནས་བྱེད་རྒྱུ་གང་ཡང་མེད། སོ་སོས་བསམ་བློ་བཏང་། སོ་སོས་སེམས་འཁུར་བླངས་དགོས། ངས་གནས་ཚུལ་གང་བྱུང་བ་དེ་དག་དང་། ངའི་བསམ་ཚུལ་གང་ཡོད་པ་དེ་དག་ཤོད་ཀྱི་རེད། གཙོ་བོ་སོ་སོས་སེམས་འཁུར་ལེན་དགོས།
ང་ཚོ་སྤྱི་པའི་དོན་དག་འདི་བོད་སྤྱི་བོ་གནམ་བསྟན་ཚང་མས་ཁུར་བླངས་དགོས་པ་ཞིག་ཡིན་པ་ལས། རེ་ཟུང་གིས་བྱེད་རྒྱུའི་ལས་ཀ་གང་ཡང་མ་རེད། ང་ཚོ་སྤྱི་པའི་དོན་དག་ལ་ང་ཚོ་ནང་ཚགས་ཚོགས་འདུ་འཚོགས་པའི་སྐབས་ལ་ནང་ཞོ་དཀྲོག་ནས་དགེ་སྐྱོན་སྦྱང་བཤད་བྱ་རྒྱུ་གང་ཞིག་ཡོད་ཀྱང་གསལ་པོ་བྱས་ནས་བཏང་ན་ཡག་པོ་རེད། ནང་ཁུལ་ཚོགས་འདུ་འཚོགས། གོ་བསྡུར་བྱེད་སྐབས་སྦྱང་བཤད་བཏང་རྒྱུ་གང་ཡང་མ་བྱུང་བར་རྒྱབ་ལོགས་ལ་ཡས་བྱས་འདུག མས་བྱས་འདུག་ཅེས་བཤད་ནས་བསྡད་ན་ཡག་པོ་གང་ཡང་མི་འདུག
དཔེར་ན། ད་ལམ་ཨ་མི་རི་ཀ་ལའང་ངས་དེ་ལྟར་ཤོད་རྒྱུ་བྱུང་། ཚགས་པར་རྒྱག་མཁན་དེ་འདྲ་ནས་ཨ་མི་རི་ཀར་མཐོང་ཚུལ་གང་ཞིག་འདུག་གམ། ལེགས་པའི་ཆ་ནས་མཐོང་ཚུལ་གང་ཞིག་འདུག་གམ། ཡང་ཉེས་པའི་ཆ་ནས་མཐོང་ཚུལ་གང་ཞིག་འདུག་གམ་ཞེས་དྲིས་བྱུང་བར། ང་རང་གི་བསམ་ཚུལ་གང་ཡོད་དྲང་པོ་བྱས་ནས་བཤད་དེ་ལེགས་པའི་མཐོང་ཚུལ་འདི་དང་འདི་ལྟར་འདུག ཉེས་པའི་མཐོང་ཚུལ་འདི་དང་འདི་ལྟར་འདུག་ཅེས་བཤད་པ་ཡིན། དེ་ལ་ཉེས་སྐྱོན་སེལ་ཐབས་བྱེད་རྒྱུ་གང་ཞིག་འདུག་ཅེས་ཟེར་བར། སེལ་ཐབས་ཤོད་རྒྱུ་ཁག་པོ་རེད། སྐྱོན་སྒྲུག་རྒྱུ་ལས་སླ་པོ་ཡིན་ནའང་། སྐྱོན་སེལ་ཐབས་བྱ་རྒྱུ་ཁག་པོ་རེད། ངས་ཤོད་ཐུབ་ཀྱི་མི་འདུག་བརྗོད་པ་ཡིན།
དེ་བཞིན་དུ་ང་རང་ཚོའི་ལས་ཀ་གང་ཞིག་ཡིན་ན་ཡང་ཉེས་སྐྱོན་སེལ་བའི་ཐབས་ཤེས་བྱེད་རྒྱུ་ཧ་ཅང་ཁག་པོ་ཡིན་པས། ང་ཚོ་ཚོགས་འདུ་འཚོགས། གོ་བསྡུར་བྱེད་པའི་སྐབས་ལ་དགེ་སྐྱོན་གང་དང་གང་ཡོད་ལ་གོ་བསྡུར་བྱས། སྐྱོན་ཆ་དེ་དག་སེལ་བའི་ཐབས་ཤེས་གང་ཞིག་ཡོད་མེད་སྐོར་ལ་ངེས་པར་དུ་གོ་བསྡུར་ཡག་པོ་བྱེད་དགོས།
སྔོན་ལ་ངས་ཐེངས་གཅིག་བརྗོད་པ་ཡིན་བསམ་གྱི་འདུག སྐྱོན་རེ་རེ་བཤད་ན་སྐྱོན་དེ་སེལ་བའི་ཐབས་ཤེས་འདི་དང་འདི་འདྲ་བྱེད་དགོས་ཞེས་ཤོད་ཐུབ་ན་ཡག་པོ་འདུག ཉེས་སྐྱོན་སེལ་བའི་ཐབས་ཤེས་འདི་ཡིན་ཞེས་མཛུབ་མོ་འཛུགས་རྒྱུ་མེད་པར་རང་དགར་གང་བྱུང་ཤོད་ཀྱིན་བསྡད་ན་དགོས་པ་མི་འདུག མགོ་འཚོས་མཁན་ཞིག་ཡིན་ན་གནས་ཚུལ་ཐ་དད་རེད། མགོ་མ་འཚོས་མཁན་ཚོས་ངོ་ཐོག་འཐུས་ཤོར་ཆེན་པོ་འགྲོ་གི་མེད་དམ་སྙམ་ནས། མིའི་བསམ་བློ་དཀྲུག་ཐུབ་ཙམ་ལས། ཕན་ཐོགས་གང་ཡང་མི་འདུག ང་རང་ཚོ་རང་གི་ལུང་པ་ཡོད་པའི་སྐབས་ཤིག་ཡིན་ན་གནས་ཚུལ་ཐ་དད་རེད། ང་ཚོ་མིའི་ལུང་པར་གནས་སྟངས་ཁག་པོའི་ངང་བསྡད་ཡོད་པའི་གནས་སྐབས་འདིར་ཡང་བསམ་བློ་གཏོང་དགོས་པ་ཞིག་རེད། དེ་གནད་གལ་ཆེན་པོ་འདུག

ཇ༽ རུ་སུར་འབྲེལ་ལམ་དང་། བོད་རྒྱའི་འབྲེལ་ལམ།

ཁྱོད་རང་ཚོར་ཤོད་རྒྱུ་གང་ཡོད་དམ། ༼ཞེས་བཀའ་འདྲི་གནང་བར། ཨུ་རུ་སུར་ང་ཚོས་འབྲེལ་བ་བྱས་ན་གང་འདྲ་ཡོད་དམ་ཞུས་པར།༽ ཡག་པོ་འདུག གཅིག་བྱས་ན་མ་འོངས་པར་ང་ཚོར་གོ་སྐབས་འདྲ་མི་ཡོང་ངམ། སྒེར་གྱི་རྣམ་པའི་ཐོག་ནས་འབྲེལ་བ་བྱས་ན་སྐྱོན་གང་ཡང་མི་འདུག བར་ལམ་ཨུ་རུ་སུའི་རྩ་བའི་ལྟ་སྟངས་འགྱུར་བ་ཆེན་པོ་ཕྱིན་པ་རེད། ང་ཚོ་བོད་སྤྱི་པའི་དོན་དག་ལ་ཕན་པ་ཞིག་དང་། སྤྱི་པའི་དོན་དག་ལ་རན་པོ་ཡོད་པ་ཞིག་འདུག་ན། རིང་ལུགས་ཀྱི་ཕྱོགས་ནས་རྩོད་པ་གང་ཡང་བྱེད་དགོས་དོན་མེད། མ་འོངས་པའི་བོད་ལ་ཆ་བཞག་ན། རིང་ལུགས་གང་འདྲ་ཞིག་དང་། ལམ་དང་ལུགས་སྲོལ་གང་འདྲ་ཞིག་བྱེད་མིན་དེ་བོད་རྒྱ་ཆེའི་མི་མང་གིས་ཐག་གཅོད་རྒྱུ་ལས། ང་ཚོས་ལུགས་སྲོལ་འདི་བྱེད་ཀྱི་ཡིན། ང་ཚོའི་འགྲོ་སྟངས་འདི་ཡིན་ཞེས་ང་ཚོས་ཤོད་ཐབས་གང་ཡང་མེད།
ང་ཚོས་ད་ལྟ་བར་དུ་ཨུ་རུ་སུར་བསམ་ཚུལ་དེ་འདྲ་ཞིག་འཁྱེར་བའི་ཉེར་ལེན་གྱིས་ཨུ་རུ་སུའི་ཕྱོགས་ནས་ཀྱང་བོད་པར་ལྟ་སྟངས་ལ་འགྱུར་བ་ཕྱིན་ཡོད། ཁ་སང་ང་རང་སོག་ཡུལ་དུ་འགྲོ་རྒྱུའི་གོ་སྐབས་ཤིག་བྱུང་བ་རེད། དེ་ལ་སོག་པོ་ཚོས་དགའ་པོ་བྱེད་ཀྱི་འདུག ཁོང་ཚོར་ཆོས་དད་ཤུགས་ཆེན་པོ་འདུག གཞུང་གི་ཆ་ནས་ཀྱང་བོད་དོན་གྱི་ཐོག་ལ་དོ་སྣང་ཏན་ཏན་བྱེད་ཀྱི་འདུག སྤྱིར་བཏང་ང་ཚོའི་མི་མང་སྒེར་སོ་སོའི་རྣམ་པའི་ཐོག་ནས་འབྲེལ་བ་བྱེད་རྒྱུའི་ཐབས་ཤེས་བྱས་ཡོད། ད་དུང་སྒེར་སོ་སོའི་ངོས་ནས་ཐབས་ཤེས་བྱས་ན་ཡག་པོ་འདུག
ད་ལྟའི་དུས་ཚོད་འདིར་ང་ཚོ་རྒྱ་མིར་འབྲེལ་བ་ཞིག་ཆགས་ཡོད། རྒྱ་མིར་འབྲེལ་བ་བྱས་པའི་ལག་རྗེས་སུ་བོད་ཕྱི་ནང་གཉིས་འབྲེལ་བ་བྱུང་བ་དང་། བོད་ནང་གི་མི་ཚོའི་སེམས་ཤུགས་ཆེ་རུ་འགྲོ་ཐུབ་པ་ཡོང་གི་ཡོད། རྒྱ་མིའི་ངོས་ནས་ཡིན་ན་ཡང་བོད་ནང་ལ་ཕྲན་བུ་ལྷུག་ཏུ་དང་། གུ་ཡངས་སུ་གཏོང་དགོས་པ་ཞིག་བྱུང་ཡོད། མཐའ་མའི་རྩ་དོན་ཐོག་བཟོ་ལྟ་ཆགས་རྒྱུ་ལམ་སེང་དཀའ་ལ། ལོ་གཅིག་གཉིས་ནང་ལ་ཚོད་ཐིག་རྒྱུ་ཁག་པོ་རེད། ཡིན་ན་ཡང་བོད་ཕྱི་ནང་གཉིས་འབྲེལ་བ་བྱུང་བའི་རྐྱེན་གྱིས་བོད་ནང་གི་མི་ཚོས་ང་ཚོ་མིའི་ལུང་པར་ལོ་ཉི་ཤུ་ཐམ་པའི་རིང་ལ་ང་ཚོའི་གནས་སྟངས་གང་འདྲ་ཡོད་མེད་གནས་ཚུལ་མང་བ་ཤེས་པའི་ཚོད་ཀྱིས་སེམས་ཤུགས་འཕེལ་བ་དང་། དགའ་སྤྲོ་ཡི་རངས་སྐྱེ་བ་ལ་ཕན་ཐོགས་བྱུང་ཡོད།
ང་ཚོ་རྒྱ་མི་དང་མཉམ་དུ་འབྲེལ་བ་ཆགས་ཡོང་དུས་ཕྱོགས་ཁ་ཤས་ནས་རྒྱ་མིས་དོགས་པ་དང་། དེ་ལ་མི་དགའ་བ་ཏན་ཏན་ཡོང་གི་རེད། ཁ་སེང་ང་ཨུ་རུ་སུ་བརྒྱུད་ནས་སོག་ཡུལ་ལ་ཕྱིན་པའི་སྐབས་ལ་རྒྱ་མིས་མ་འདོད་པ་ཆེན་པོ་བྱེད་ཀྱི་འདུག དེང་སང་རྒྱ་མི་དང་ཨུ་རུ་སུ་གཉིས་གཅིག་གིས་གཅིག་ལ་དགྲ་ཟླ་དགྲ་གཤེད་ལྟ་བུའི་མཐོང་ཚུལ་ཆགས་ནས་བསྡད་ཡོད་སྟབས་ང་ཚོས་ཐབས་ཤེས་མཁས་པོ་བྱེད་དགོས།

ཉ༽ ཕན་ཚུན་མཐུན་ལམ་དང་། དཀྲོག་གཏམ་ལ་ཡིད་གཟབ།

ང་རང་ཚོས་རྒྱལ་འབྲེལ་གྱི་ཐབས་ཤེས་བྱེད་དགོས་པ་མ་ཟད། ང་ཚོ་བོད་རིགས་ནང་ཁུལ་གྱི་གནས་ཚུལ་ལ་ཡང་ཡིད་གཟབ་བྱེད་དགོས། སྐབས་རེ་གནས་ཚུལ་མགོ་མ་འཚོས་པར་དཀྲོག་གཏམ་དཀྲུག་ཤིང་བྱེད་པ་དང་། མགོ་མ་འཚོས་ཀྱི་གཏམ་འཆལ་སྤེལ་བ་དེ་རིགས་མི་ཡོང་བ་དང་། ཉུང་ཙམ་ཡོང་བའི་དོ་ཁུར་བྱེད་དགོས། ཆོས་ལུགས་ཐོག་ནས་འཐེན་འཁྱེར་མི་བྱེད་པའི་སྐོར་ཡག་ཐག་ཆོད་ཡོད་ན་ཡང་། ད་དུང་དོན་མེད་ཀྱི་སྐད་ཆ་ཕྲན་བུ་ལྷགས་ཡོང་གི་འདུག དཀྲོག་གཏམ་བློ་ལ་ཤར་མི་ཐུབ་པ་དེ་འདྲ་ཡང་བཤད་འདུག ང་ཚོ་བོད་གཞུང་གི་སྒྲིག་འཛུགས་འདི་ལ་བོད་པའི་སྤྱི་ཚོགས་ནང་སྙན་གྲགས་ཅན་གྱི་བླ་མ་དེ་དག་བཀྲོང་རྒྱུའི་ལས་འགན་ཡོད་པ་ལྟ་བུ་དང་། རང་བཙན་ལས་འགུལ་གྱི་དངུལ་སྣེ་སེལ་ཞིག་བསྡུས་པ་དེ་དག་ཀྱང་བླ་མ་བཀྲོང་རྒྱུའི་དོན་དག་ཡིན་པ་ལྟ་བུ་ཤོད་ཀྱི་ཡོད། ང་ཚོས་ཆོལ་ཁའི་འཐེན་འཁྱེར་བྱེད་པ་དང་། ཆོས་ལུགས་ཀྱི་འཐེན་འཁྱེར་བྱེད་ཀྱི་ཡོད་པ། གནས་ཚུལ་ངོ་མ་ཞིག་ཡིན་ན་ཁག་མེད། ནད་མ་ཐེག་པའི་ཐོག་ནས་བཤད་པ་རེད། རྨི་ལམ་ལའང་མེད་པའི་གནས་ཚུལ་དཀྲོག་གཏམ་དེ་འདྲ་ཤོད་སྐབས་ཧ་ཅང་ཐབས་སྐྱོ་པོ་རེད། བསམ་མེད་རེ་ཟུང་གིས་བཤད་པ་དེ་མཐའ་འཁྱོལ་ཐབས་མེད་ན་ཡང་། སྤྱིར་བཏང་མང་ཚོགས་ཀྱི་སེམས་ནང་ལ་གང་ཞིག་ཡིན་ནམ་བསམས་ནས་རྣམ་རྟོག་སྐྱེ་གཞི་དེ་ལྟར་བྱུང་ན་ཐབས་སྐྱོ་པོ་རེད།
ད་ལམ་ཨ་མི་རི་ཀར་མི་ཁ་ཤས་ཀྱིས་དེ་འདྲ་བཤད་བྱུང་། ཁོང་ཚོས་ང་ལ་དགའ་པོ་བྱས་ནས་བཤད་པ་རེད། ངས་གནས་ཚུལ་འདི་དག་ལ་ཁྱེད་རང་ཚོ་དོགས་པ་གཏན་ནས་བྱེད་མི་དགོས། བརྒྱ་ཆ་བརྒྱ་ཐམ་པ་རྩ་བ་ནས་བདེན་པ་མིན་པ་ངས་ཤོད་ཐུབ་ཀྱི་རེད། དེ་ལས་ལྷག་པ་ཁྱེད་རང་ཚོ་རྒྱ་གར་དུ་ཡོང་ནས་ང་ཚོས་གང་འདྲ་ཞིག་བྱེད་ཀྱི་ཡོད་མེད་ལྟ་བར་ཡོང་ན་ཡག་པོ་འདུག་ཅེས་བརྗོད་པ་ཡིན། གཏན་ནས་བློ་ཡུལ་ལ་མ་ཤོང་པའི་དཀྲུག་ཤིང་གི་སྐད་ཆ་འདི་འདྲ་ཤོད་ཀྱི་ཡོད།
འདི་རིགས་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་པ་ལ། ང་ཚོས་རྒྱ་གར་གཞུང་ལ་ཆོག་མཆན་ཞུ་མི་དགོས་ལ། རྒྱ་མིར་ཡང་འབྲེལ་བ་བྱེད་མི་དགོས་པར་ང་ཚོའི་སྤྱི་ཚོགས་ནང་གི་གནས་ཚུལ་ཞིག་རེད། སྐད་ཡིག་གཞན་དག་བེད་སྤྱོད་བྱེད་མི་དགོས་པར་སོ་སོའི་བོད་སྐད་བརྒྱབ་ནས་ཤོད་རྒྱུ་ཞིག་དང་། ང་ཚོ་ངོ་གདོང་བསྟན་ནས་འགྲེལ་བཤད་བྱེད་ཐུབ་པ་ཞིག་རེད། གནད་དོན་འདི་དག་གི་སྐོར་མི་གཅིག་གིས་སྐྱོན་ལྟ་བུ་ཞིག་བཤད་ན། ཁྱོད་རང་ཚོའི་ངོས་ནས་ལམ་སེང་ངར་ངར་ཕད་ཕད་བྱས་ནས་དེ་ལ་སྐྱོན་བརྗོད་བྱེད་པ་དང་། གཅིག་ལན་གཉིས་ལན་འཇལ་བ་ལྟ་བུ་བྱས་ན་དགོས་པ་གང་ཡང་མེད། དྲང་པོ་དྲང་བཞག་དང་། ཞིབ་ཞིབ་མོལ་མོལ་གྱི་སྐད་ཆ་དྲིས་རྒྱུ་དང་། རྒྱུ་མཚན་བཤད་པའི་སྒོ་ནས་རྣམ་རྟོག་སེལ་ཐབས་ཀྱི་འགྲེལ་བཤད་རྒྱག་རྒྱུ་དེ་གལ་ཆེ་མཐོང་གི་འདུག

ཏ༽ དམར་པོའི་ལྟ་བ་དང་། ཕུན་དབང་གི་གནས་སྟངས།

དམར་པོའི་ལྟ་བའི་སྐོར་ལ་སྔོན་མ་ནས་ངས་གཞོན་ནུ་ཚོར་བཤད་ཟིན་པ་ཞིག་རེད། ཁྱོད་རང་ཚོས་དྲན་གྱི་འདུག་གམ། སྔོན་མའི་བསམ་ཚུལ་དེ་ག་རང་ཡིན། གང་ལྟར་འཕྲལ་དང་ཕུགས་ཀྱི་གནས་ཚུལ་མང་པོ་ཞིག་ལ་བསམ་བློ་བཏང་བ་རེད། དེ་སྔ་ཕན་ཆད་ཀྱི་ཉམས་མྱོང་ཡིན་ནའང་ཕལ་ཆེར་ཚོད་ཐིག་པ་ལྟ་བུ་ཞིག་རེད། ཕུན་ཚོགས་དབང་རྒྱལ་གྱིས་མཚོན་པའི་བོད་པ་གུང་བྲན་རྒན་པ་དེ་ཚོར་དངོས་གནས་མི་རིགས་ཀྱི་ཞེན་ཁོག་ཧ་ལས་པ་རེད། ཕུན་ཚོགས་དབང་རྒྱལ་ལ་རྒྱ་གཞུང་གིས་ནག་མེད་ཉེས་འཛུགས་བྱས་ཏེ་ ༡༩༦༠ ལོ་ནས་བཙོན་ཁང་དུ་བཀག་ཉར་མི་ལོ་བཅོ་བརྒྱད་ཙམ་བྱས་འདུག ཁོ་རང་ཡང་ནད་པ་ཆགས། ཕྲུ་གུ་དེ་དག་ལ་ཤེས་ཡོན་སྦྱོང་རྒྱུའི་གོ་སྐབས་མ་བྱུང་བའི་ཁར། འགའ་ཞིག་གློ་ནད་ཀྱིས་མནར་ནས་བསྡད་ཡོད་ཚོད་འདུག ཕྲུ་གུ་དེ་ཚོའི་ཕ་གུང་བྲན་ཏང་ཡོན་རེད། ཆོས་ལ་དད་པ་མེད་པས་ཕྲུ་གུ་དེ་དག་ལ་ཡང་ཆོས་དད་ཡོང་རྒྱུ་ཁག་པོ་རེད། འོན་ཀྱང་མི་རིགས་ཀྱི་ཞེན་ཁོག་ཆེན་པོ་ཡོད། ཅེས་བཀའ་སློབ་སྩལ།། །།