༄༅། །ཕྱི་ལོ་ ༡༩༧༨ ཟླ་ ༩ ཚེས་ ༢༩ ཉིན་ལྡི་ལིར་གནས་འཁོད་རང་རིགས་གཞོན་ནུ་ཁག་གཅིག་མཇལ་བཅར་སྐབས་བཀའ་འདྲི་ཞུས་ཁག་གི་བཀའ་ལན་དང་། བཀའ་སློབ།

ཀ༽ སྤྱི་འཐུས་ཀྱི་འོས་འདེམས་དང་། གཟུགས་མེད་གྲིབ་གཟུགས།

ས་གནས་གཞོན་ནུའི་ཚོགས་གཙོ་ནས་བཀའ་འདྲི་ཞུས་སྙིང་། ད་ལྟ་བར་དུ་གཞོན་ནུ་ལྷན་ཚོགས་ནས་ང་ཚོའི་སྤྱི་འཐུས་འོས་འདེམས་བྱེད་ཕྱོགས་ཐད་ལ་འགྱུར་བ་གཏོང་དགོས་ཀྱི་འདུག་ཅེས་གྲོས་ཆོད་སྔ་རྗེས་བཞག་ནས་བཀའ་ཤག་དང་། སྤྱི་འཐུས་ལྷན་ཁང་ལ་འགྱུར་བ་གཏོང་དགོས་པའི་སྙན་སེང་ཞུས་ཀྱང་། ད་ལྟ་བར་དུ་དམིགས་བསལ་གྲུབ་འབྲས་ཐོན་པ་གང་ཡང་བྱུང་མ་སོང་། དེའི་སྐོར་༸རྒྱལ་བ་རིན་པོ་ཆེ་ནས་བཀའ་སློབ་གསལ་བཤད་གནང་རོགས་གནང་ཞུ་རྒྱུ་ཡིན།

བཀའ་ལན། དེ་སྐོར་གཞོན་ནུ་ཚོར་བསམ་འཆར་སྔ་རྗེས་བྱུང་ཡོད། བསམ་འཆར་དེ་དག་ལྷག་བསམ་གྱི་ཐོག་ནས་བྱུང་བ་རེད། ལྷག་བསམ་ཙམ་མ་ཟད་དེ་ལ་རྒྱུ་མཚན་ཡོད། དེ་དངོས་སུ་ལག་ལེན་འགེལ་ཕྱོགས་སྐོར་ལ་ཁ་སང་རྒྱུན་ལས་ཚོགས་འདུའི་ཐོག་ལ་གོ་བསྡུར་བྱས་པ་རེད། རྒྱུན་ལས་ཚོགས་འདུའི་ཐོག་ལ་གོ་བསྡུར་བྱས་པ་དེ་དག་ཆ་ཚང་བཀའ་ཤག་དང་། ཚོགས་གཙོ་གཉིས་བཅས་ང་ཚོ་སྐད་ཆ་བྱུང་། ཁྱེད་ཚོའི་བསམ་འཆར་དེ་དངོས་སུ་ལག་ལེན་འགེལ་བ་ལ་དཀའ་གནད་ཕྲན་བུ་ཡོད་པ་ཞིག་རེད། བར་ལམ་ཁྱེད་རང་ཚོས་རོབ་ཙམ་ཤེས་ཡོད་ཤས་ཆེ། དེང་སང་མདོ་སྟོད་སྨད་གཉིས་ལ་དགོས་དབང་གི་ཐོབ་ཐང་ཉུང་དུ་གཏོང་གི་འདུག་བསམ་པའི་གཟུགས་མེད་གྲིབ་ཆགས་ཀྱི་མཐོང་ཕྱོགས་ཡོད་མུས་རེད། འདི་འདྲའི་དུས་སྐབས་ཤིག་འཁེལ་གྱི་ཡོད་སྟབས་གནས་སྐབས་ད་ལྟའི་བྱེད་སྟངས་དེ་གར་བཞག་ན་ལེགས་པ་འདུག་ཅེས་ཐག་ཆོད་པ་རེད། དེ་ཡང་ང་ཚོ་ཚང་མ་གོ་བསྡུར་ཏན་ཏན་བྱས་ནས་ཐག་བཅད་པ་རེད། ང་རང་གི་བསམ་ཚུལ་ཡང་དེ་ག་རང་ཡིན།

ཁ༽ བོད་ཀྱི་དམར་ཤོག་དང་། ཐུན་མིན་གྱི་དམར་ཤོག

དྲི་བ། ཉེ་བའི་ཆར་གཞོན་ནུ་འགའ་ཤས་ཤིག་གིས་བོད་ཀྱི་དམར་པོའི་ཚོགས་པ་ཞིག་དགོས་པ་རེད་ཟེར་ནས་བསམ་ཚུལ་ཤུགས་ཆེན་པོ་ཡོང་གི་འདུག་དེའི་སྐོར་ལ་བཀའ་སློབ་ཅིག་གནང་རོགས།

བཀའ་ལན། དམར་པོའི་ཚོགས་པ་དགོས་ཀྱི་རེད་བསམ་གྱི་འདུག གལ་ཆེན་པོ་རེད། ང་ཚོས་ད་ལྟ་རྒྱ་མིར་འཐབ་རྩོད་བྱེད་པ་འདི་ལྟ་བའི་ཐོག་ནས་མིན་ལ། ལམ་ལུགས་ཀྱི་ཐོག་ནས་མིན་ཞེས་ཟེར་གྱི་ཡོད་པ་འདི་འདྲ་ཆགས་བཤད་པ་དེ་འདྲ་མ་རེད། ཕལ་ཆེར་ཁྱེད་རང་ཚོས་ཤེས་ཡོད་ཤས་ཆེ། དེ་སྔ་ནས་ཕུན་ཚོགས་དབང་རྒྱལ་གྱིས་མཚོན་པའི་བོད་རིགས་གུང་བྲན་ཏང་མི་ཡིན་པ་གང་ལ་གང་འཚམ་ཞིག་ཡོད་ལ། གང་འཚམ་ཞིག་ངོས་ནས་ངོ་ཤེས་ཀྱི་ཡོད། སོ་སོ་སྒེར་གྱི་ལྟ་བ་དམར་པོའི་ལྟ་བ་རེད། ཁོང་ཚོས་བོད་རིགས་ལ་ཞབས་འདེགས་ཞུ་རྒྱུའི་ཐབས་ལམ་དྲག་ཤོས་དེ་དམར་པོའི་ལྟ་བའི་ཐོག་ནས་ཡོང་གི་རེད་བསམ་པའི་བསམ་ཚུལ་དེ་འཁྱེར་གྱི་ཡོད་ལ། ཡིད་ཆེས་ཀྱང་བྱེད་ཀྱི་ཡོད། དེ་འདྲ་ཞིག་གི་ཐོག་ནས་རྒྱ་མི་མཉམ་དུ་ལས་ཀ་བྱས་པ་རེད། འདིའི་སྐོར་སྔོན་མ་ནས་སྐད་ཆ་བྱུང་ཡོད་པ་ཁྱེད་རང་ཚོས་ཤེས་གསལ་རེད། དེར་བརྟེན་ཐ་མ་སོ་སོའི་མི་རིགས་ཀྱི་དོན་དུ་ཁོང་ཚོ་རྒྱ་མིས་ལས་བྱེད་ནང་ནས་གནས་དབྱུང་བཏང་། ཁ་ཤས་ནི་ཧ་ལམ་བརླག་པ་ལྟ་བུ་ཡང་བྱུང་ཡོད།
དེ་བཞིན་དེང་སང་ང་རང་ཚོས་གོ་མིན་ཏང་གི་ཐོག་མཁྲེགས་པོ་བྱེད་ཀྱི་ཡོད། སྤྱིར་བཏང་བྱས་ན། ང་ཚོས་ལྟ་བའི་ཆ་ནས་གུང་བྲན་ལ་ངོ་རྒོལ་བྱ་རྒྱུ་ཁོ་ན་ཡིན་ཚེ་གོ་མིན་ཏང་ལ་ང་ཚོས་ཧ་ལམ་འཐབ་ཕྱོགས་གཅིག་གྱུར་བྱས་ནས་ལག་པ་བརྐྱངས་འོས་པ་ཞིག་རེད། ཡིན་ན་ཡང་ང་ཚོའི་འཐབ་རྩོད་ཀྱི་ངོ་བོ་ནི་ལྟ་བའི་ཐོག་ནས་མིན་པའི་རྟགས་གསལ་པོར་སྟོན་རྒྱུའི་དོན་དག་ལ་གོ་མིན་ཏང་གི་ཐོག་ལ་ཡིན་ནའང་ང་ཚོས་ཁ་གཏད་གཅོག་གི་ཡོད།
རྒྱ་གར་ནང་རང་དབང་དུ་གནས་པའི་བོད་རིགས་ཀྱི་སྤྱི་ཚོགས་འདིའི་ནང་ལ་སོ་སོའི་རང་དབང་གི་ཐོག་ནས་དམར་པོའི་ལྟ་བ་ལ་དགའ་མོས་དང་། ཡིད་ཆེས་ཡོད་པའི་ཐོག་ནས་ཚོགས་པ་བཙུགས་ན། དེ་ནི་ང་ཚོའི་ལྟ་ཚུལ་ཁུངས་སྐྱེལ་ར་སྤྲོད་ལ་ཕན་ཐོགས་ཡོད་པ་ཞིག་རེད། ང་ནི་ཡག་པོ་རེད་བསམ་པ་དྲན་གྱི་འདུག ཡིན་ན་ཡང་དེ་འདྲ་ཆགས་ཆགས་དང་། རྫུན་བཤད་པ་ལྟ་བུ་མིན་པ་ཞིག་དགོས། ཁ་ནས་དམར་པོ་ཡིན་པ་ལ་ལག་ལེན་ངོ་ཐོག་བྱེད་དུས་ངས་འཇོན་པ་མི་འདུག་ཟེར་བ་དེ་འདྲ་མིན་པ་ཞིག་དགོས་ཀྱི་རེད།
ལྷག་དོན་ངའི་བསམ་ཚུལ་ལ་ནང་པའི་ཆོས་དང་དམར་པོའི་ལྟ་བ་མཉམ་དུ་ཡོད་པ་དེ་འདྲ་ཞིག་བྱུང་ན་བསམ་པ་དྲན་གྱི་འདུག ང་རང་ཚོའི་བོད་རིགས་དམར་ཤོག་ཚོགས་པ་དེ་ཐུན་མོང་མིན་པའི་དམར་ཤོག་ཅིག་དགོས་ཀྱི་རེད། དཔེར་ན་རྒྱ་གར་བའི་གུང་བྲན་ནང་ཧིན་དྷུའི་ལམ་ལུགས་དེ་དག་ཆ་ཚང་རྩི་མཁན་དེ་འདྲ་འདུག ང་ལ་སེ་ལོན་གྱི་གྲྭ་པ་ཞིག་ཐུག་མྱོང་། ཁོ་རང་ཐེག་དམན་གྱི་དགེ་སློང་རེད། དགེ་སློང་ཡིན་མུས་ལ་དམར་པོའི་ལྟ་བ་ཡོད་པ་ཞིག་རེད། ཁོང་གིས་སེ་ལོན་ནང་ནང་པའི་ཆོས་དད་ཡོད་མཁན་ལ་ལྟ་བའི་ཐོག་ནས་དམར་པོའི་ལྟ་བ་ཡིན་པའི་མི་མང་པོ་ཡོད་ཟེར་གྱི་འདུག དེ་འདྲ་ཡིན་ན་སྙིང་རྗེ་པོ་རེད།
ང་ཚོས་ཀྱང་ནང་པའི་ཆོས་ཀྱི་གཞི་རྩ་བྱས། ནང་པའི་ཆོས་སྤྱི་དང་། ཐེག་པ་ཆེན་པོའི་ཆོས་ཀྱི་བསམ་བློ་ཡོད་མཁན་དེའི་ཐོག་ལ་མི་ཚེ་གཅིག་སྤྱི་ཚོགས་ཀྱི་ལྟ་བ་དང་། དཔལ་འབྱོར་གྱི་འགྲོ་སྟངས་དམར་པོའི་ལྟ་བ་འཁྱེར་མཁན་བྱུང་ན་དམར་པོ་ཐུན་མོང་མིན་པ་ཞིག་ཆགས་པ་རེད། བོད་ཀྱི་དམར་ཤོག་གི་རྟགས་ལ་ཟོ་ར་དང་ཐོ་བའི་ཐོག་སྣོན་མ་མི་འདྲ་བ་ཞིག་རྒྱག་ཆོག་གི་རེད། ང་དེ་འདྲ་དྲན་གྱི་འདུག

ག༽ བོད་རྒྱའི་དཀའ་རྙོག་དང་། གཉེན་འཕྲད་ཀྱི་འགྲོ་འོང་།

བཀའ་འདྲི། དེང་སང་ཡོ་རོབ་རྒྱལ་ཁབ་ལྔ་ཙམ་ནང་བོད་ཀྱི་ཟློས་གར་ཚོགས་པ་ཡིན་ཟེར་བ་ལྷ་ས་ནས་ལྟར་སྐོར་ལ་བཏང་བ་དང་། དེ་བཞིན་ཉེ་ཆར་བལ་ཡུལ་ནང་ལ་བོད་ལྗོངས་མཛའ་འབྲེལ་མཐུན་ཚོགས་ཟེར་བ་ཞིག་བཏང་འབྱོར། དེ་བཞིན་རླུང་འཕྲིན་ཁག་ནང་སྔོན་མ་མི་བཞི་ཤོག་ཚོགས་ལ་ཁ་འཕངས་དང་། ད་ཆ་སྤྱིར་སོ་སོའི་ནང་ལ་རྒྱུ་ནོར་རང་བདག་ཡོང་གི་རེད་ཟེར་ནས་ཁྱབ་བསྒྲགས་བྱས་པ་དེ་དག་གང་འདྲ་ཡིན་ནམ།

བཀའ་ལན། རྒྱ་མིས་ཕྲན་བུ་གུ་ཡངས་སུ་གཏོང་གི་ཡོད་པའི་རྣམ་འགྱུར་ཞིག་སྟོན་གྱི་འདུག བོད་ནང་དུ་ཡང་ཕྲན་བུ་གུ་ཡངས་སུ་འགྲོ་གི་ཡོད་པ་ལྟ་བུ་འདུག དེང་སང་སྤྱིར་འཛམ་གླིང་གི་འགྲོ་སྟངས་དང་། བྱེ་བྲག་རྒྱ་མིའི་བྱེད་སྟངས་ལ་གཞིགས་པའི་ང་ཚོའི་སྲིད་བྱུས་གང་འདྲ་ཞིག་འཛིན་གྱི་ཡོད་དམ་ཟེར་ན། གནས་སྐབས་རྒྱ་མིས་ཕྲན་བུ་གུ་ཡངས་གཏོང་གི་ཡོད་པའི་གོ་སྐབས་དེ་ཟིན་ནས་ང་ཚོས་བོད་ནང་ལ་ཕར་རང་དབང་བྱས་ནས་འགྲོ་རྒྱུ་ཡོད་པ་ཞིག་དང་། ཚུར་ཡང་རང་དབང་བྱས་ནས་ཡོང་རྒྱུ་ཡོད་པ་ཞིག་བྱུང་རོགས་བྱས་ནས་བསམ་པ་དེ་དྲན་གྱི་འདུག དཔེར་ན་བལ་ཡུལ་ནང་ཁོ་ཚོ་ལྟ་སྐོར་ལ་ཡོང་མཁན་ཁོ་ཚོའི་གྲས་ལ་རྒྱ་མི་འགའ་ཤས་ཡོད། ཡིན་ནའང་རྩ་བའི་བོད་ཀྱི་སྐུ་ཚབ་ཚོགས་པ་ཟེར་བའི་མིང་ཞིག་བཏགས་པར་བརྟེན་ང་ཚོས་དེ་གའི་མིང་ནས་ཟིན་ཏེ་དྷ་རམ་ས་ལ་ནས་ཁོང་ཚོ་རྒྱ་གར་ནང་ལྟ་སྐོར་ལ་གདན་ཞུའི་ཏར་ཞིག་བཏང་བ་རེད། ཡོང་ཐུབ་ཀྱི་ཡོད་མེད་མི་ཤེས།
ཁ་སང་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་ནང་ལ་བརྗོད་པ་ལྟར་རྒྱ་མིས་བོད་ནང་ལ་ཡར་རྒྱས་བཏང་ཡོད་ན་སྦས་དགོས་དོན་མེད་པ་དང་། བསྟན་འོས་པ་ཞིག་ཡོད་ན་བོད་མི་ཕར་བཏང་། བོད་ནང་གི་མི་ཚུར་བཏང་ན་མི་སུ་ཡིན་རུང་སྐྱིད་ས་དེ་འདེམས་ངེས་ཡིན་པ་ལས། སྡུག་ས་དེ་འདེམས་ཀྱི་མ་རེད། བོད་ནང་དངོས་གནས་སྐྱིད་པོ་ཡོད་ན་ཕར་འགྲོ་མཁན་ཚོ་བོད་ནང་སྡོད་མདོག་ཁ་པོ་རེད། བོད་ནང་གི་མི་གཅིག་རྒྱ་གར་ལ་ལྟ་སྐོར་དུ་ཡོང་ན་ཡང་བོད་ནང་ལ་སྐྱིད་པ་ཡོད་ན་ཁོ་རང་ཕྱིར་ལོག་བྱེད་པ་ལས་རྒྱ་གར་ཚ་བའི་ལུང་པར་སྡོད་ཀྱི་མ་རེད། ང་ཚོས་བདེན་པའི་ཐོག་ནས་རྩོད་པ་བྱེད་དགོས་པར་བརྟེན་ཁ་སང་བསམ་ཚུལ་དེ་འདྲ་བཤད་པ་རེད།
དེ་གཞི་ལ་བཞག་པའི་སྟེང་ནས་འབྲེལ་བ་ཞིག་བྱེད་ཐུབ་ན་བསམ་པ་དྲན་གྱི་ཡོད། རྒྱ་མི་དང་འབྲེལ་བ་བྱས་ནས་གདོང་ཐུག་པའི་ཉིན་མོ་དེ་གར་རང་བཙན་དང་། རང་སྐྱོང་གི་རྩོད་རྙོག་སྐད་ཆ་ཤོད་དགོས་ཀྱི་མ་རེད། སྔོན་ལ་གང་ཞིག་ཤོད་དགོས་སམ་ཞེ་ན། རྒྱ་མིས་བོད་ནང་ལ་དཀའ་ངལ་འདུག་ཟེར་གྱི་ཡོད། སྔོན་ལ་དཀའ་ངལ་ཡོད་མེད་དེ་ང་ཚོར་སྟོན་དང་། བོད་ནང་ས་ཆ་གང་སར་སླེབས་ཐུབ་པའི་གོ་སྐབས་སྤྲོད་མདོག་ཁ་པོ་མ་རེད། ཡིན་ན་ཡང་ང་ཚོའི་ངོས་ནས་དེ་འདྲའི་གོ་སྐབས་དགོས་ཀྱི་ཡོད་ཅེས་བརྗོད་རྒྱུ་རེད། དེ་བཞིན་བོད་ནང་ལ་ཡོད་པའི་བོད་མི་རྒྱ་གར་ནང་ཕ་མ་སྤུན་མཆེད་ཡོད་པ་འཕྲད་འདོད་དང་། ཡོང་འདོད་ཡོད་པ་ཏན་ཏན་ཡོང་གི་རེད། དེ་འདྲའི་རིགས་ཚུར་ཡོང་ཆོག་པ་བྱུང་ན་དེ་མཚམས་ང་ཚོས་གནས་ཚུལ་གང་འཚམ་ཤེས་ཀྱི་རེད། གཞི་རྩ་ད་ལྟ་བར་ལོ་ཉི་ཤུའི་རིང་ལ་ང་ཚོས་བོད་ནང་གི་གནས་ཚུལ་མང་པོ་ཞིག་ལྐོག་དང་ངོས་བྱས་ནས་སྒྲུབ་ཀྱི་ཡོད།
ང་ཚོ་འདིར་མིའི་ལུང་པའི་ནང་ལས་ཀ་བྱེད་སྟངས་དེ་རྩ་བའི་བོད་ནང་གི་རྒྱ་ཆེའི་མི་མང་གི་བསམ་ཚུལ་གཞི་ལ་བཞག་པའི་སྟེང་ནས་ལས་ཀ་བྱེད་དགོས་ཀྱི་ཡོད། དེ་ལྟར་བྱེད་ཀྱི་ཡང་ཡོད་པ་ལས་༸རྒྱལ་བ་རིན་པོ་ཆེའི་ཐོབ་ཐང་གི་སྐོར་ནས་ང་ཚོས་བོད་ལ་རྩོད་ཀྱི་མེད། རྒྱ་ཆེའི་མི་མང་ས་ཡ་དྲུག་གི་འདོད་པ་ཁེངས་པ་ཞིག་བྱུང་ན་ང་ཚོ་སྟོང་ཕྲག་བརྒྱ་སྐོར་དེ་འདོད་པ་ཤུགས་ཀྱི་ཁེངས་ཀྱི་རེད། གལ་སྲིད་འདོད་པ་མ་ཁེངས་ན་ཡང་སོ་སོ་སྡུག་གྱོང་ཡིན་པ་ལས་དེ་ལས་ལྷག་པའི་རིན་ཐང་རྩི་རྒྱུ་གང་ཡང་མེད། དེར་བརྟེན་བོད་ནང་གི་བདེ་བ་སྡུག་བསྔལ་གང་འདྲ་ཞིག་ཡོད་མེད་ང་ཚོས་ཤེས་དགོས་པ་ལྟར། ད་ཕན་ལོ་ཉི་ཤུའི་རིང་ལ་བོད་ནང་གི་གནས་ཚུལ་གང་ཐུབ་སྒྲུབ་ཀྱི་ཡོད་ལ། ད་ཆ་དེའི་ཐོག་ལ་དངོས་སུ་རྒྱ་མིས་བཀག་འགོག་མེད་པའི་ཐོག་ཕྱི་རྒྱལ་ནས་བོད་ནང་ལ་ཕར་འགྲོ་ཐུབ་པ་ཞིག་དང་། བོད་ནང་ནས་ཚུར་ཡོང་ཐུབ་པ་ཞིག་བྱུང་ན་ང་ཚོས་གནས་ཚུལ་ཇེ་གསལ་དུ་ཤེས་པ་ཞིག་དང་། མང་དུ་ཤེས་པ་ཞིག་ཡོང་ངེས་རེད། བོད་ནང་ཕར་འགྲོ་ཚུར་ཡོང་བྱེད་ཡུན་ལོ་གཅིག་གཉིས་ཤིག་བྱུང་ན་དེ་ནས་གང་འདྲ་ཞིག་འདུག་གམ་ང་ཚོས་བལྟས་ཆོག་གི་རེད།
ང་ཚོས་ད་ལྟ་བར་དུ་གནས་ཚུལ་སྤྲད་པ་ལས། གལ་སྲིད་རྩ་དོན་ངོ་མའི་ཐོག་རྒྱ་མིས་བརྗོད་པ་བཞིན་བོད་ནང་ཡར་རྒྱས་ཕྱིན་ཏེ་བོད་མི་ཚོས་རྒྱ་མིར་དགའ་མོས་ཡོད་པ་དང་། རྒྱ་མིའི་འོག་ལ་བསྡད་ན་སྐྱིད་པོ་འདུག་བསམ་པ་ཞིག་ཡོད་ན་ང་ཚོའི་ལས་ཀ་བཞག་རྒྱུ་རེད། ང་ཚོས་ད་དུང་བོད་ནང་གི་རྒྱ་ཆེའི་མི་མང་རྣམས་རྒྱ་མིར་དགའ་གི་མ་རེད་བརྗོད་དེ་རྩོད་པ་བརྒྱབ་ན་དེ་སྐྱག་རྫུན་རེད། དེ་བཤད་ནས་དགོས་པ་མི་འདུག ང་དེ་འདྲ་དྲན་གྱི་འདུག ང་དྲང་པོ་དྲང་བཞག་ཡིན། འོན་ཀྱང་ཐག་གཅོད་དེ་རྗེས་ལ་བྱེད་རྒྱུ་རེད།

ང༽ རྒྱ་བོད་ཐ་དད་དང་། དངོས་ཡོད་ཀྱི་དཀའ་ངལ།

དེ་སྔ་བོད་ཀྱི་རྒྱལ་རབས་ལ་གཞི་བཞག་ན། ང་ཚོ་རང་བཙན་རེད། རྒྱ་བོད་གཉིས་རྩ་བ་ནས་ཐ་དད་རེད། ད་དུང་གཙོ་གལ་ཆེ་ཤོས་གང་ཡིན་ཟེར་ན། ད་ལྟའི་ཉིན་རེ་ཉིན་རེའི་ཁ་ཡོད་ལག་ཡོད་ཀྱི་གནས་ཚུལ་དེ་ཡིན་པ་རེད། ཁ་ཡོད་ལག་ཡོད་ཀྱི་ཉིན་རེ་ཉིན་རེའི་གནས་ཚུལ་ལ། ང་ཚོའི་མི་རྣམས་སྔར་གྲོད་ཁོག་རྒྱག་གི་ཡོད་པ་ཞིག་དེང་སང་རྒྱག་གི་མེད་པ་དང་། སྔ་མོ་གྱོན་གོས་དང་དངུལ་ཡོད་ན་སོ་སོས་རྣམ་དཔྱོད་འདོན་རྒྱུ་དང་། རང་དབང་དུ་སྤྱོད་རྒྱུ་ཡོད་པ་དེ་དེང་སྐབས་མེད་པ། དོན་སྙིང་སྲིད་དོན་གྱི་རང་དབང་དང་། གཏམ་བརྗོད་ཀྱི་རང་དབང་། ཆོས་དད་རང་མོས་སོགས་ཀྱི་སྐད་ཆ་ཕར་བཞག་ནས། ཉིན་རེ་ཉིན་རེའི་མིའི་གྲོད་པ་མི་འགྲངས་པ་དང་། ད་ལྟའི་གནས་སྐབས་ལ་རྒྱ་མིའི་འོག་ལ་བསྡད་ནས་ང་ཚོར་ཁེ་ཕན་མི་འདུག དེ་ལ་བརྟེན་ནས་བོད་མི་མང་ཆེ་བ་ཚོ་རྒྱ་མིའི་འོག་ལ་སྡོད་འདོད་བྱེད་ཀྱི་མི་འདུག རྒྱ་མིར་དགའ་གི་མི་འདུག རྒྱ་མིར་ཡིད་ཆེས་བྱེད་ཀྱི་མི་འདུག
ལྟ་བའི་ཐོག་ལ་དམར་པོའི་ལྟ་བ་དང་། མང་གཙོའི་ལྟ་བ་འཁྱེར་མཁན་ཡོང་གི་རེད། ལྟ་བ་གང་ཞིག་འཁྱེར་གྱི་ཡོད་རུང་མེད་རུང་། མདོ་དོན་ཡང་སྙིང་རྒྱ་མིའི་འོག་ལ་བསྡད་ནས་ཁེ་ཕན་མེད་པའི་དབང་གིས་རྒྱ་མིའི་འོག་ལ་སྡོད་འདོད་མེད་པའི་གནས་ཚུལ་དངོས་ཡོད་ལ་བརྟེན། ང་ཚོས་འདིར་ལས་ཀ་བྱེད་དོན་དང་། བྱེད་དགོས་པའི་རྒྱུ་མཚན་དེ་རེད། ད་བར་དུ་ལས་ཀ་འདི་དག་༸རྒྱལ་བ་རིན་པོ་ཆེས་གསར་བརྗེ་བྱས་ནས་བྱས་པ་མིན་བསམ་པ་དྲན་གྱི་འདུག མི་སྟོང་ཕྲག་བརྒྱ་སྐོར་ཞིག་གི་འགྲོ་སྟངས་ཀྱི་དོན་དག་ལ་སྐད་བརྒྱབ་པ་མིན་བསམ་པ་དྲན་གྱི་འདུག བོད་ནང་གི་རྒྱ་ཆེའི་མི་མང་གི་དེ་ཚོའི་ཆེད་དུ་བསམས་ནས་སོ་སོས་དངོས་གནས་བློ་བདེ་པོ་བྱས་ནས་ལས་ཀ་བྱེད་ཀྱི་ཡོད།
ཆོས་ཀྱི་ཐོག་ནས་བསམ་བློ་བཏང་ན་ཡང་མི་ཚེ་བློས་བཏང་ནས་རི་ལ་སྒྲུབ་པ་ཉམས་ལེན་བྱེད་མ་ཐུབ་རུང་། མི་ས་ཡ་དྲུག་གི་བདེ་བ་སྡུག་བསྔལ་གྱི་དོན་དག་ལ་ལས་ཀ་བྱེད་ཀྱི་ཡོད་པ་འདི་ཆོས་ལྡན་གྱི་ལས་ཀ་རེད། སྤྱོད་འཇུག་སྐབས་ནས་གསུངས་པ་བཞིན་གཞན་ཕན་གྱི་བྱ་བ་རེད། སྔོན་གྱི་སྐྱེས་བུ་དམ་པའི་ནང་ལ་སོ་སོ་བུག་སྒོ་འདག་སྦྱར་དུ་བསྡད་ནས་ཚེ་བློས་བཏང་གིས་སྒྲུབ་པ་བྱས་ནས་འཚང་རྒྱ་མཁན་གྱི་རིགས་གཅིག་དང་། རིགས་གཅིག་སྤྱི་ཚོགས་ནང་ལ་འདྲེས་ནས་གཞན་ཕན་སྒྲུབ་མཁན་རིགས་གཅིག་བྱུང་ཡོད། ང་རང་ནས་ད་ལྟ་སེམས་ཤུགས་དེ་འདྲ་ཞིག་འཁྱེར་ནས་བསྡད་ཡོད། ད་ལྟ་ང་ཚོའི་བོད་ནང་གི་རྒྱ་ཆེའི་མི་མང་ཚོ་འདོད་པ་མ་ཁེངས་པར་བསྡད་ཡོད་པའི་སྐོར་ཡིད་ཆེས་འཕེར་བའི་གནས་ཚུལ་ཕྱོགས་མང་པོ་ཞིག་ནས་ཡོང་གི་ཡོད།
ཕྱོགས་གཞན་ཞིག་ནས་ང་ཚོས་བོད་རང་བཙན་གྱི་ཐོབ་ཐང་ལ་རྩོད་པ་བྱེད་ཀྱི་ཡོད། ད་ལྟའི་གནས་སྐབས་འདིར་ང་ཚོ་བོད་ནང་ལ་ལྟ་སྐོར་ལ་འགྲོ་གི་ཡིན་ཟེར་བ་འདིས་ང་ཚོའི་རྩ་དོན་དེའི་ཐོག་ལ་འགྱུར་བ་གང་ཡང་འགྲོ་གི་མ་རེད། རྒྱ་མིས་བོད་ནང་ཡར་རྒྱས་ཆེན་པོ་ཡོད་ཚུལ་བཤད། དེའི་ཐོག་ལ་རྒྱ་མི་ཁོ་རང་ཚོའི་དགའ་པོ་ཉེ་པོ་ངོ་ཤེས་པ་ཁ་ཤས་བསྒྲུགས་ནས་བོད་ནང་ལ་འཁྲིད། དུས་ཡུན་ཐུང་ཐུང་ཞིག་གི་ནང་ལ་ཁོ་ཚོར་འདྲ་ཆགས་པོ་ཞིག་བསྟན། ཁོང་ཚོས་ཕྱེད་ཀ་རྒྱ་མིར་གྲོད་པ་ཚོང་བའི་སྒེར་གྱི་དོན་དག་ཀྱང་བྱས། ཕྱེད་ཀ་དེ་སྔའི་བོད་ཀྱི་གནས་ཚུལ་ཀྱང་མ་ཤེས། བསམ་བློ་ཡང་ཇི་བཞིན་མ་བཏང་། སོ་སོའི་བསམ་བློའི་ནང་ལ་གང་ཤར་ཡོད་མེད་ལ་མ་ལྟོས་པར་ཡག་པོ་འདུག་ཟེར་མཁན་མང་པོ་ཡོང་གི་ཡོད།
དེ་ལྟར་ཡོང་སྐབས་ང་ཚོས་ཁྱོད་རང་ཚོས་མཐོང་བ་དེ་བདེན་པ་མ་རེད། ང་ཚོས་བཤད་པ་འདི་བདེན་པ་ཡིན་ཞེས་བརྗོད་ན་བྱབ་ཆུང་ལྟ་བུ་ཞིག་འདུག དེ་ལ་ལན་གང་ཞིག་རྒྱག་དགོས་སམ་ཞེ་ན། འགྲིགས་འདུག ཁྱེད་རང་ཚོར་ཡག་པོ་ཡོད་ན་ང་ཚོར་སྟོན་དང་བརྗོད་ན་ཡག་ཤོས་རེད། སྟོན་སྐབས་ཡག་པོ་ཡོད་ན་ནི་ང་ཚོས་ཁ་ཞེ་གཉིས་མེད་ཀྱིས་ཁས་ལེན་བྱེད་རྒྱུ་རེད། སྟོན་སྐབས་ཡག་པོ་མེད་ན་ཁོ་ཚོ་ཕམ་རྒྱུ་རེད། དེ་འདྲ་ཡིན་སྟབས་བར་ལམ་ངས་བོད་ཀྱི་སྒོ་ཕྱེ་དགོས་ཟེར་དོན་དེ་རེད།

བཀའ་འདྲི། རྒྱ་མིས་༸གོང་ས་མཆོག་བོད་ལ་ཕེབས་ན་ཕེབས་སྒྲིག་ཞུ་གི་ཡིན་ལུགས་བརྗོད་སྐོར་དགོངས་བཞེས་གང་ཡོད་དམ།

བཀའ་ལན། ང་ཕར་ཤོག་ཟེར་གྱི་ཡོད་པ་ལྟ་བུ་ཞིག་འདུག འོན་ཀྱང་ད་ལྟ་ང་ལོག་སྤྱོད་པའི་གྲས་ལ་བསྡད་པ་རེད། སྔོན་ལ་ལོག་སྤྱོད་པ་དེ་བཀྲུས་ཏེ་གཙང་མ་བཟོ་དགོས། ལོག་སྤྱོད་པ་མ་རེད་ཡར་ཐོན་པ་རེད་ཅེས་བརྗོད་ན་ཕྱིན་ཆོག་གི་རེད། ཡག་པོ་འདུག་ན་ཡག་པོ་འདུག ཡག་པོ་མི་འདུག་ན་ཡག་པོ་མི་འདུག་ཟེར་རྒྱུ་རེད། དེ་ནི་ད་ལྟ་བསམ་བློའི་ནང་གི་རྣམ་རྟོག་ཙམ་ལས་དུས་ཚོད་ལ་དངོས་སུ་སླེབས་མེད། དེ་གང་ཡང་བྱེད་ཀྱི་མ་རེད།

ཅ༽ རྒྱ་དཀར་ནག་དང་། རྒྱ་གར་གྱི་གཟིགས་སྐྱོང་།

བཀའ་འདྲི། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་རྒྱ་ནག་ལ་གཟིགས་སྐོར་ཕེབས་སྐད་ལྟར། གལ་སྲིད་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་རྒྱ་ནག་ལ་ཕེབས་ན་བོད་དོན་ཐོག་ཁྱད་པར་གང་ཞིག་ཡོད་དམ།

བཀའ་ལན། ཁྱད་པར་དེ་ཙམ་ཕྱིན་ཨེ་ཡོང་སྙམ། རྩ་བ་བོད་རྒྱ་འོག་རེད་ཅེས་དེ་གོང་ནས་བཤད་ཟིན་པ་རེད། རྒྱ་མིར་དགའ་དྲགས་ནས་བཤད་པ་ནི་མ་རེད། དེ་འདྲ་ཞིག་མ་གཏོགས་བྱེད་ཐབས་མེད་པའི་གནས་ཚུལ་ཞིག་ཆགས་ནས་ཁས་ལེན་བྱས་པ་ཞིག་རེད། རྩ་བ་རྒྱ་གར་བར་གནས་ཀྱི་སྲིད་བྱུས་ཐོག་ནས་སུ་དང་སུ་ཡིན་ནའང་གྲོགས་པོ་སྒྲིག་དགོས་ཀྱི་ཡོད། ལྷག་པར་དུ་ཁྱིམ་མཚེས་ཚོ་དང་གྲོགས་པོ་སྒྲིག་རྒྱུ་ནི་འཛམ་གླིང་སྤྱི་དང་མཐུན་པ་ཞིག་རེད་ལ། རྒྱ་གར་གྱིས་ཀྱང་དེའི་ཐོག་ལ་ཤུགས་རྒྱག་གི་ཡོད། དོན་ངོ་མའི་ཆ་ནས་ཡིན་ནའང་རྒྱ་ནག་ལ་རྒྱ་གར་གྱིས་དམག་རྒྱག་མདོག་ཁ་པོ་མ་རེད། དམག་རྒྱག་འདོད་མེད་པ་ཞིག་ཡིན་ན་ཁུངས་འཁྱོལ་པོ་ཡོང་གི་ཡོད་རུང་མེད་རུང་ཞི་འགྲིགས་མ་བྱས་རང་བྱས་ཡིན་པ་ལས། དེ་མིན་པའི་ལམ་ཁ་གསུམ་པ་ཞིག་འདེམས་རྒྱུ་གང་ཡང་མེད། འཆམ་པ་ཡིན་ཟེར་ལྟ་རྒྱུ་མེད་མཁན། མ་འཆམ་པ་ཡིན་ཟེར་བ་ཡང་མེད་མཁན་དེ་འདྲ་ཞིག་ལ་གནས་མདོག་ཁ་པོ་རེད།
ང་ཚོ་བོད་དོན་ཐོག་ཆ་བཞག་ན་རྒྱ་གར་རྒྱ་ནག་གཉིས་ཕྱི་འབྲེལ་གྱི་ཐོག་ནས་འབྲེལ་བ་ཞིག་བྱུང་། ཕར་ཚུར་གདོང་བསྟན་རེས་བྱས། ཕར་ཚུར་སྐད་ཆ་ཤོད་རེས་བྱས་ན་དེའི་ཐོག་ནས་མཐུན་ལམ་འདྲ་ཡོང་སྲིད་ཀྱི་རེད། རྒྱ་དཀར་ནག་གཉིས་འབྲེལ་བ་བཟང་དུ་ཕྱིན་ན་དེ་ལ་ང་ཚོས་དགའ་བསུ་ཞུ་རྒྱུ་ལས་སྐྱོན་ཨེ་ཡོད་བསམ། དཔེར་ན་རྒྱ་དཀར་ནག་གཉིས་འབྲེལ་བ་ཡག་པོ་བྱུང་བའི་མཚམས་ལ་རྒྱ་གར་གྱིས་བོད་དོན་རྩ་བ་ནས་བརྗེད་ཀྱི་རེད་བསམ་པའི་བློ་གཡེང་གང་ཡང་མི་འདུག ཕྱི་སྲིད་ལས་ཁུངས་ནས་བོད་རིགས་སྡོད་ས་ཁག་མང་པོ་ཞིག་ནས་ཡི་གེ་མང་པོ་ཞིག་འབྱོར་ཡོང་གི་འདུག ཡི་གེའི་ནང་ལ་རྒྱ་གར་ཕྱི་སྲིད་བློན་ཆེན་རྒྱ་ནག་ཕེབས་རྒྱུའི་སྐོར་དང་། བོད་དོན་ཐོག་རྒྱ་གར་གཞུང་གིས་རྒྱབ་སྐྱོར་བྱེད་ཀྱི་མི་འདུག་ཟེར་བའི་སྐྱོན་བརྗོད་མང་པོ་བྱས་ཚུལ་ནང་ཚགས་བྱས་ནས་གསལ་པོ་ཤོད་ཀྱི་འདུག
རྒྱ་གར་གཞུང་གིས་ད་ལྟ་བར་དུ་ང་ཚོར་རོགས་རམ་བྱས་པ་ལྟ་བུ་གཞན་དག་བྱེད་མཁན་སུ་ཡོད་དམ། མ་འགྲིགས་པ་མ་འཐུས་པ་ཤ་སྟག་བཤད་ན་མི་འགྲིགས། རྒྱ་གར་གཞུང་དངོས་གནས་དྲང་གནས་བོད་པར་བཀའ་དྲིན་ཆེན་པོ་རེད། རྒྱ་གར་རང་གི་དཀའ་ངལ་ལ་མ་འཛེམས་པར་ཐུབ་ཚོད་ཡོད་པ་དེ་དག་གང་ཡོང་ཅི་ཡོང་བྱས་ཡོད། འདས་པའི་ལོ་ཉི་ཤུ་ཐམ་པའི་རིང་ལ་ང་ཚོས་ཕྱི་མིག་བལྟས་ན་ང་ཚོའི་གཞི་རྩ་དེ་མ་བརླག་པ་དང་། མ་ཡལ་བའི་སྒྲོམ་གཞི་བརྟན་པོར་འཛིན་ཐུབ་པ་འདི་གཙོ་བོ་རྒྱ་གར་གཞུང་གི་རོགས་རམ་དང་། ཕྱེད་ཀ་ང་རང་ཚོའི་སེམས་ཤུགས་ཀྱི་ཐོག་ནས་བྱུང་བ་རེད། ང་ཚོ་ ༡༩༥༩ ལོར་རྒྱ་གར་ལ་སླེབས་སྐབས་བོད་མི་བཙན་བྱོལ་བ་དང་། ཏཱ་ལའི་བླ་མའི་དེའི་འོག་ནས་ཐུན་མོང་མ་ཡིན་པའི་གནས་སྟངས་སྐོར་ལ་རྒྱ་གར་གཞུང་གི་གསུང་ཕྱོགས་འདྲ་ཆགས་པོ་དང་། ལྷུག་པོ་ཡོད་པ་མ་རེད།
དོན་སྙིང་ལག་ལེན་ངོ་མའི་ཐོག་ནས་དམིགས་བསལ་གྱི་ཐུན་མོང་མ་ཡིན་པའི་གནས་སྟངས་དེ་རྒྱ་གར་གཞུང་གིས་ངོས་འཛིན་དང་། མི་མཐོང་ཆ་འཇོག་བྱས་པ་རེད། དེ་བྱས་པའི་རྐྱེན་གྱིས་ད་ལྟ་ལོ་ཉི་ཤུ་ཐམ་པའི་རྗེས་ལའང་ང་ཚོ་མཆོད་རྟེན་མགོ་མཇུག་ལོག་ཀྱང་བང་རིམ་སྐེད་པར་གནས་ཐུབ་པ་འདི་བྱུང་བ་རེད། དེ་དུས་ང་ཚོ་ནི་མགོ་སྦོས་ནས་བསྡད་ཡོད། ཁྱེད་རང་ཚོ་ནི་གཞི་ནས་འཚར་ལོངས་བྱེད་རྒྱུ་རེད། སྐབས་དེར་རྒྱ་གར་གཞུང་གིས་སྤྱིར་བཏང་རྒྱལ་ཁབ་གཞན་ཚོར་བྱས་པ་བཞིན་ང་ཚོར་སྲིད་དོན་བཙན་བྱོལ་བ་སྤྲད་པ་ལས། དེ་ལས་ལྷག་པའི་དམིགས་བསལ་གང་ཡང་མེད་པར་མཁྲེགས་ཐག་ཆོད་བྱས་ནས་བསྡད་ན། ད་ཚོད་ང་ཚོ་སྐད་རྒྱག་སའི་ཡུལ་ཁོ་རང་བསྡད་ཡོད་པ་མ་རེད། རྒྱ་གར་གཞུང་གིས་ང་ཚོར་ད་བར་དུ་ཡང་བྱམས་སྐྱོང་གང་ཆེ་བྱས་ནས་ང་ཚོ་བཟོ་ལྟ་ཕྲན་བུ་འདི་ཆགས་ཡོང་དུས་དེ་ལས་ལྷག་ཙམ་གཅིག་དགོས་ཀྱི་ཡོད། དེ་ལས་ལྷག་ཙམ་གཉིས་དགོས་ཀྱི་ཡོད་ཅེས་བརྗོད་ན་འོས་པོ་གང་ཡང་མི་འདུག ང་དེ་འདྲ་དྲན་གྱི་འདུག རྒྱ་གར་གཞུང་གིས་ཐུབ་པ་དེ་ང་ཚོར་ཨང་ཀི་དང་པོ་བྱས་ཡོད།
ངས་རྒྱ་གར་ལ་སྤྲེལ་ལད་ཤོད་དགོས་དོན་གང་ཡང་མེད། དཔེར་ན་རྒྱ་མིར་ཨ་མི་རི་ཀས་སྤྲེལ་ལད་ག་ཚོད་འཁྲབ་ཀྱི་མི་འདུག་གམ། ཡོ་རོབ་རྒྱལ་ཁབ་ཚོས་སྤྲེལ་ལད་ག་ཚོད་འཁྲབ་ཀྱི་འདུག ཁོ་ཚོས་ཕྱོགས་གཅིག་ནས་ཨུ་རུ་སུ་ལ་འབྱར་རྒྱུའི་གཡོ་བྱུས་དང་། གཉིས་ནས་གང་འགྲིག་འགྲིག་འདྲ་པོ་བྱེད་ཀྱི་འདུག དེ་འདྲ་རང་བྱེད་དགོས་ཨེ་ཡོད་བསམ་པ་ལྟ་བུ་བྱེད་ཀྱི་ཡོད། གནས་ཚུལ་དེ་དག་ལ་བལྟས་ན་རྒྱ་གར་གཞུང་ལ་དཀའ་རྙོག་ཆེན་པོ་ཆགས་ཡོད་པས། རྒྱ་གར་གཞུང་ལ་ཧ་ཅང་བསུན་པོ་བཟོས་ན་ཡག་པོ་ཨེ་ཡོད་བསམ་པ་དྲན་གྱི་འདུག
ད་ལྟ་དོན་དག་སྙིང་པོ་རང་གི་དྲི་བ་དེའི་སྐོར་ལ་བློ་གཡེང་གང་ཡང་མེད། ལར་ནས་ང་ཚོས་དངོས་གནས་དྲང་གནས་བདེན་པ་ཞིག་གི་ཐོག་ནས་རྩོད་པ་རྒྱག་གི་ཡོད་པ་ལས། ང་ཚོས་མི་བདེན་རྫུན་སྒྲིག་ཧམ་པའི་ཐོག་ནས་འགྲོ་གི་མེད། རྒྱ་གར་གཞུང་གིས་ལག་ལེན་འཁེལ་ཚོད་གཅིག་དང་། ཐུབ་ཚོད་ཅིག་ཀྱང་མ་བྱས་པར་ང་ཚོར་སྣང་ཆུང་ཁྱད་གསོད་བྱས་བྱུང་ན། དེའི་དུས་ང་ཚོས་རྩོད་པ་རྒྱག་རྒྱུ་འདུག་ན་རྒྱག་ཤེད་ཡོད། རྒྱུ་མཚན་ཡོད། ང་ཚོ་གཟུ་བོར་གནས་པའི་ཐོག་ནས་བལྟས་ན་ད་ལྟའི་ཆར་རྒྱ་གར་གཞུང་ནས་དེ་ལྷག་གནང་ཐབས་མེད་པ་ལྟ་བུ་རེད། རྒྱ་གར་གཞུང་གིས་མི་ནུས་མི་ཐུབ་བཞིན་དུ་ཚད་ལས་བརྒལ་བ་ཞིག་དང་། དེ་ལས་ལྷག་པ་ཞིག་བྱེད་དགོས་ཞེས་རྙོག་དྲ་ཤོད་ཀྱིན་བསྡད་ན་སེམས་ལ་ཕོག་རྒྱུ་དང་། ད་ལྟ་ཤ་ཚ་ཕྲན་བུ་ཡོད་པ་དེ་ཡང་བརླག་རྒྱུའི་རྐྱེན་མ་གཏོགས་གང་ཡང་མེད།

ཆ༽ འཕགས་བོད་རྒྱ་གསུམ་དང་། ས་མཚམས་ཀྱི་དཀའ་རྙོག

བཀའ་འདྲི། རྒྱ་གར་དང་རྒྱ་ནག་གཉིས་དབར་ས་མཚམས་སྐོར་ཐག་གཅོད་བྱེད་ཀྱི་ཡོད་སྟབས་དེ་ཚོའི་གྲས་རྒྱ་ནག་ལ་ཐོབ་ཐང་མེད་པར་བྱེད་ཆོག་གི་ཨེ་ཡོད།

བཀའ་ལན། ད་ལྟའི་དངོས་ཡོད་གནས་ཚུལ་བཤད་ན། དེ་སྐོར་ང་ཚོར་བྱུས་གཏོགས་མེད་པ་ལྟ་བུ་རེད། རྒྱ་གར་གཞུང་གིས་བོད་རྒྱ་ནག་གི་ཆ་ཤས་རེད་བརྗོད་ཟིན་པ་རེད། དེང་སང་བོད་ཀྱི་ས་མཚམས་རྒྱལ་སྲུང་བྱེད་མཁན་ལ་པེ་ཅིང་ནས་བཀའ་བཀོད་གཏོང་གི་ཡོད་པ་ལས། ལྷ་ས་ནས་བཀའ་བཀོད་གཏོང་མཁན་ཡོད་པ་མ་རེད། རྒྱ་གར་གཞུང་གི་སྤྱིར་བཏང་སྲིད་བྱུས་ཐོག་ནས་བོད་རྒྱ་མིའི་ཆ་ཤས་སུ་ངོས་འཛིན་བྱེད་པའི་སྐབས་ཤིག་ཡིན་སྟབས་ཁག་པོ་རེད། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སྐོར་ལ་རྒྱ་གར་གྱིས་ས་ཡིག་རྒྱག་མི་ཆོག་ཅེས་ང་ཚོས་བཀག་ཐུབ་ཀྱི་མ་རེད། འོན་ཀྱང་ང་རང་ཚོའི་ཕྱོགས་ནས་བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་མི་བོད་ལ་ཡོང་བ་དེ་ཁྲིམས་མཐུན་མིན། ཁྲིམས་འགལ་ཡིན། བཙན་འཛུལ་ཡིན་ཞེས་ང་ཚོས་སྐད་རྒྱག་བཞིན་པ་རེད། བོད་པའི་ས་ཆའི་ཐོག་ལ་རྒྱ་མིས་སྐད་ཆ་ཤོད་པའི་ཐོབ་ཐང་མེད་ཅེས་ཤོད་རྒྱུའི་རྒྱུ་མཚན་ཡོད་ལ། ང་ཚོར་བབས་ཐོབ་ཡོད་པ་དེ་བཤད་ཆོག་གི་རེད།
ད་ལྟ་ལམ་སང་རྒྱ་དཀར་ནག་དབར་ས་མཚམས་ཐག་ཆོད་གཙང་མ་ཞིག་ཡོང་གི་མ་རེད་བསམ་གྱི་འདུག གལ་སྲིད་བྱུང་ན། དེའི་སྐབས་སུ་ངའི་མིང་ཐོག་ནས་གང་ཞིག་བྱེད་དགོས་ཀྱི་འདུག་བལྟས་ཆོག་གི་རེད། གསུང་བཤད་ལྟ་བུའི་ཡིག་ཆ་འགྲེམས་སྤེལ་བྱ་རྒྱུ་ལྟ་བུ་ཡོང་མདོག་ཁ་པོ་རེད། དེས་ཁོ་ཚོའི་ལག་ལེན་ལ་བསྒྱུར་བཅོས་ཐེབས་མིན་གང་ལྟར་ཡང་ང་ཚོས་དེར་ངོས་འཛིན་ཆ་འཇོག་མ་བྱས་པའི་རྣམ་འགྱུར་སྟོན་ཐུབ་ཀྱི་རེད། ཕྱིན་ཆད་ཡིག་ཆའི་ནང་སྡོད་ཀྱི་རེད། དེ་སྐོར་ང་ཚོས་བསམ་བློ་གཏོང་གི་ཡོད།

ཇ༽ ཡ་རབས་སེམས་བཟང་དང་། ཞུ་མེད་ཀྱི་སེམས་ཤུགས།

བཀའ་སློབ་ཅིག་གནང་རོགས་ཞུས་པར།

བཀའ་སློབ་གནང་རྒྱུ་དེ་ཙམ་མི་འདུག ཚང་མས་ཧུར་ཐག་བྱེད་དགོས། ཁྱེད་རང་ཚོ་ལོ་ཡར་འཚར་ལོངས་ཡོང་གི་ཡོད། སློབ་སྦྱོང་བྱས་པའི་དགོས་དོན་ལེགས་ཉེས་དཔྱོད་པའི་རྣམ་དཔྱོད་འཕེལ་ཡོང་བའི་སྐབས་ཡིན་སྟབས་གཟབ་གཟབ་བྱེད་དགོས། ཆོས་ཚོགས་ཤིག་ཏུ་ནང་པའི་ཚབ་བྱས་ནས་བཤད་པ་ལྟ་བུ་མིན་པར། མི་ལ་ཕན་པ་ཞིག་བྱུང་ན་བསམས་ནས་བཤད་པ་རེད། ངས་མར་ཁ་བསློགས་ནས་ཁྱེད་རང་ཚོ་བཟང་པོ་བྱེད་དགོས་ཞེས་བརྗོད། ང་རང་གིས་བཟང་པོའི་ལྡོག་ཕྱོགས་བྱས་པས་ལ་ག་ནས་དག ང་རང་ལ་ཆ་བཞག་ན། སྤྱོད་འཇུག་ལ་སློབ་སྦྱོང་བྱས། སྤྱོད་འཇུག་གི་ཉམས་ལེན་བྱེད་ཁུལ་བྱེད་ཀྱི་ཡོད། སེམས་བཟང་པོ་བྱེད་རྒྱུ་དང་། གཞན་ཕན་གྱི་བློ་ཕྲན་བུ་བཟང་དུ་འགྲོ་བའི་བསམ་བློ་གཏོང་གི་ཡོད། ཉམས་ལེན་དེ་འདྲ་བྱེད་ཁུལ་བྱེད་ཀྱི་ཡོད།
ཁྱེད་རང་ཚོ་ཡིན་ནའང་དེ་བཞིན་གྱི་བཟང་པོའི་བློ་ལ་གོམས་འདྲིས་བྱས། མི་བཟང་པོ་ཞིག་བྱུང་ན་སོ་སོ་ཡང་སྐྱིད་པ། རོགས་པ་ཚོ་ཡང་བག་ཕེབས་པ། སྤྱི་ཚོགས་ཀྱི་ནང་ལ་ཡང་ཕན་ཐོགས་ཡོང་གི་རེད། བྱེ་བྲག་ཏུ་ང་རང་ཚོ་བོད་པ་ཡིན་པའི་ཆ་ནས་སོ་སོའི་མི་རིགས་ལ་ལ་རྒྱ་ཞེན་ཁོག་དགོས་ཀྱི་རེད། ང་རང་ཚོའི་མི་རིགས་འདི་རྩ་མེད་དང་། ཤུལ་སྟོང་འགྲོ་རྒྱུའི་ཉེན་ཁའི་མཚམས་ལ་སླེབས་ཡོང་གི་ཡོད་སྟབས། ཚང་མ་སེམས་ཤུགས་མ་ཆགས་པ་བྱས། ང་ཚོ་བོད་མི་རིགས་ཤིག་ཡིན་བསམ་པ་བྱས། བོད་པ་ཡིན་པའི་རྒྱུ་མཚན་གྱིས་སེམས་ཤུགས་ཆག་པ་དང་། སྤོབས་པ་ཆུང་དུ་མ་བཏང་བར་ད་དུང་ང་ཚོ་བོད་པ་ཡིན་པས་འདྲ་འདྲའི་ནང་ནས་མི་འདྲ་བ་ཡིན་བསམ་པའི་སྤོབས་པ་བསྐྱེད་དགོས།
ཉོན་མོངས་ཀྱི་ང་རྒྱལ་སྤོང་དགོས་ཀྱང་། རྒྱུ་མཚན་ལྡན་པའི་སྤོབས་པ་དང་བཅས་པའི་ང་རྒྱལ་བསྐྱེད་དགོས། ངས་ནུས་ཀྱི་མ་རེད། ང་ཚོས་ཡོང་གི་མ་རེད་བསམས་ནས་ཞུམ་ན་སྐྱོན་ཆེན་པོ་རེད། ང་ཚོས་མི་ཐུབ་པ་ཅི་ཡོད་བསམ་པའི་སེམས་ཤུགས་བསྐྱེད་རྒྱུ་གལ་ཆེན་པོ་རེད། གཞན་ཤོད་རྒྱུ་གང་ཡང་མེད། མ་རབས་ཀྱི་སྤྱོད་པ་རྣམས་སྣང་མེད་ཀྱི་ཐོག་ནས་ངན་གོམས་སུ་འཇགས་འགྲོ་མཁན་ཞིག་དང་། བཟང་པོའི་སྤྱོད་པ་རྣམས་དོ་སྣང་ཆེན་པོའི་ཐོག་ནས་དམིགས་བསལ་གྱི་རྩོལ་བ་བསྐྱེད་ན་མ་གཏོགས་མི་ཡོང་མཁན་ཞིག་ཡིན་དུས། དམིགས་བསལ་གྱིས་དོ་སྣང་གིས་གཟབ་གཟབ་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ང་ཚོ་མི་ཡིན་པའི་ཆ་ནས་དེ་བཤད་པ་རེད། མ་རེད་དམ། ཧུར་ཐག་བྱེད་དགོས། བཀྲ་ཤིས་བདེ་ལེགས། སེམས་སྐྱིད་པོ་བྱས་ནས་སྡོད། ཅེས་བཀའ་སློབ་སྩལ།། །།