༄༅། །ཕྱི་ལོ་ ༡༩༧༧ ཟླ་ ༡༠ ཚེས་ ༡༣ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གི་ཕོ་བྲང་ཚོམས་ཆེན་དུ་བོད་ཀྱི་གཞོན་ནུའི་ཚོགས་ཆེན་ཐེངས་གསུམ་པའི་ཚོགས་མི་རྣམས་ལ་སྩལ་བའི་བཀའ་སློབ།

ཀ༽ རྗེས་ལུས་ཀྱི་རྒྱང་མཆོངས་དང་། ལན་དགུ་ཆད་མཐུད།

ད་རེས་ས་གནས་ཁག་ཇི་ཙམ་ནས་འཛོམས་ཡོད་དམ་ཞེས་བཀའ་འདྲི་གནང་བར། ས་གནས་ཉི་ཤུ་རྩ་གྲངས་ཤིག་གི་འཐུས་མི་འཛོམས་ཡོད་ཅེས་ཞུས་རྗེས། ཁྱེད་རང་ཚོ་ཚང་མས་ཁུར་བླངས་ཏེ་དོན་དག་ཅིག་ལ་བརྩིས་ནས་འདིར་ཡོང་། ཚང་མས་ཕན་ཚུན་སོ་སོའི་བསམ་ཚུལ་གང་ཞིག་ཡོད་པ་དེ་དག་བཤད་རེས་བྱས་པ་ཡག་པོ་རེད། ཁྱེད་རང་ཚོ་གོ་བསྡུར་བྱེད་རྒྱུའི་གོ་སྐབས་ཡོད་པའི་སྐབས་ལ་གོ་བསྡུར་ཡག་པོ་བྱེད་དགོས། གཞོན་ནུ་རང་གི་སྒེར་གྱི་གནས་ཚུལ་ཡིན་ཡང་རུང་། བོད་སྤྱི་པའི་དོན་དག་ཡིན་ཡང་རུང་། ཡག་ཉེས་ཤོད་རྒྱུ་གང་ཡོད་གོ་བསྡུར་བྱེད་པའི་སྐབས་ལ་སངས་པོ་བྱས་ནས་བཤད། ད་དུང་ལེགས་ཆ་ཡར་རྒྱས་གཏོང་དགོས་པ་གང་ཞིག་འདུག་གམ། ནོར་འཁྲུལ་བྱུང་བ་སྒྱུར་བཅོས་གཏོང་དགོས་པ་གང་ཡོད། གོ་བསྡུར་ཞིབ་ཞིབ་མོལ་མོལ་ངོ་ལྐོག་མེད་པ་ཞིག་བྱེད་དགོས། གང་ཡང་གོ་བསྡུར་བྱེད་ས་ཡོད་པ་དང་། གང་ཡང་ཐབས་ཤེས་སྤྲོད་ས་ཡོད་པ་ཞིག་རེད། ཁྱེད་རང་ཚོ་འདིར་འཛོམས་ནས་གོ་བསྡུར་བྱས་པ་ཡག་པོ་རེད། འདོད་བློ་ཁེངས་པ་འདྲ་ཞིག་བྱུང་ངམ།
ང་རང་ཚོའི་མི་ཐོག་གི་གནས་སྟངས་འདི་སྤྱིར་བཏང་འཛམ་གླིང་གི་དངོས་པོ་ཡར་རྒྱས་ཀྱི་འགྲོ་སྟངས་དང་བསྟུན་ན་ཧ་ཅང་རྗེས་ལུས་རེད། དུས་རབས་བརྒྱ་ཕྲག་ཁ་ཤས་རྗེས་ལ་ལུས་པའི་མི་ཐོག་གཅིག་ནས་དུས་རབས་ཉི་ཤུ་པའི་འཁྲུག་ཆ་དོད་པོ་འདི་འདྲ་ཞིག་གི་ནང་ལ་རྒྱང་མཆོངས་རྒྱག་དགོས་པ་ལྟ་བུ་ཞིག་ནང་སླེབས་ཡོད་པ་དང་། རང་དབང་ཡོད་པའི་ཐོག་ནས་རྒྱག་རྒྱུ་ཞིག་ཡིན་ན་ལས་སླ་གི་རེད། དེ་ཡང་མེད་པ་རེད། རང་གི་ལུང་པ་མིའི་ལག་པར་ཤོར། དཔོན་པོ་གསར་པ་གདུག་རྩུབ་ཆེ་ཐག་ཆོད་ཅིག་སླེབས། བོད་མི་རིགས་ལ་མཐོང་ཆུང་ཁྱད་གསོད་ཤུགས་ཆེན་པོའི་ཐོག་ནས་མནན་མཁན་ཞིག་ཆགས་པ་དང་། ང་རང་ཚོ་ནི་སོ་སོའི་རང་ས་བྲལ་ཞིང་མིའི་ལུང་པར་གྱར་ཏེ། མཐུན་རྐྱེན་མ་འཛོམས་པའི་དཀའ་ངལ་ཆེན་པོའི་ངང་ང་ཚོ་རྒྱང་མཆོངས་རྒྱག་དགོས་ཀྱི་ཡོད།
སྤྱིའི་དུས་རབས་ཀྱི་ཆ་ནས་ཀྱང་དཀའ་ངལ་ནང་ལ་སླེབས་པ་ཞིག་དང་། སྒོས་སུ་ང་རང་ཚོ་བྱེ་བྲག་གི་གནས་སྟངས་ཀྱི་ཆ་ནས་ཀྱང་ཁག་པོའི་སྐབས་ལ་སླེབས་ཡོད། དེ་ལྟ་བུའི་དུས་ཚོད་གཉན་འཕྲང་རིག་པས་མི་འདུམ་པ་ཞིག་ལ་སླེབས་ཡོད་པར་བརྟེན་ཚང་མས་སྤྱི་སེམས་ཡག་པོ་འཁྱེར། ད་ལྟ་ནང་བཞིན་སེམས་ཤུགས་མ་ཆག་པ་བྱེད་དགོས། ལས་ཀ་གྲ་འགྲིགས་པ་ཡོང་གི་རེད་ལ། གྲ་མ་འགྲིགས་པ་ཡང་ཡོང་གི་རེད། གྲ་འགྲིགས་པ་ཁ་ཤས་ཤིག་ཡོང་གི་རེད། གྲ་མ་འགྲིགས་པ་ཁ་ཤས་ཡོང་རྒྱུ་ཆོས་ཉིད་རེད། གྲ་མ་འགྲིགས་ཐོན་པའི་སྐབས་ལ་སེམས་ཤུགས་མ་ཆག་པར་གྲ་མ་འགྲིགས་ཐོན་གྱིན་ཐོན་གྱིན་ལ་ང་རང་ཚོས་ཐབས་ཤེས་བྱེད་ཀྱིན་བྱེད་ཀྱིན་བྱས་ནས་འགྲོ་དགོས། ང་རང་ཚོ་བོད་པའི་ཁ་རྒྱུན་ལ་ལན་དགུ་ཆད་མཐུད་ཟེར་བ་དེ་གལ་ཆེན་པོ་ཡིན་འདུག ཚང་མས་ཧུར་ཐག་གང་ཡོང་ཅི་ཡོང་བྱེད་དགོས་ཀྱི་རེད།

ཁ༽ ཀུན་སྤྱོད་ཀྱི་མིག་དཔེ་དང་། རང་འགན་ལེགས་སྒྲུབ།

ད་རེས་ཁྱེད་རང་ཚོ་འདིར་འཛོམས་ཤིང་། རང་ཉིད་འདོད་བློ་ཁེངས་པའི་ཕར་ཚུར་བཤད་རེས་བཏང་སྟེ་གོ་བསྡུར་བྱེད་རྒྱུ་བྱུང་ཡོད་ན་ཡག་པོ་བྱུང་བ་རེད། ང་རང་ཚོ་ཚང་མས་ཤེས་གསལ་རེད། གོ་བསྡུར་བྱེད་པའི་སྐབས་ལ་སྐད་ཆ་བརྒྱ་ཐམ་པ། སྟོང་ཐམ་པ་ཤོད་རྒྱུ་གང་ཡོད་བཤད་དགོས། ཡིན་ན་ཡང་སྐད་ཆ་བཤད་པ་ནང་བཞིན་ལག་ལེན་ཡག་པོ་འགེལ་དགོས། ང་ཚོ་ནང་པ་སངས་རྒྱས་པའི་ཆོས་ནས་དོན་སྤྱོད་པ་དང་། དོན་མཐུན་པ་ཞེས་བཤད་པ་ལྟར། དུས་རྒྱུན་སོ་སོར་ལས་འགན་གང་འཁྲི་ཡོད་ན་ཡང་དེ་ཆུ་ཚོད་ཉི་ཤུ་རྩ་བཞི་སྦྲེལ་ནས་ཡག་པོ་བྱེད་ཐུབ་པ་ཞིག་གལ་ཆེན་པོ་འདུག ཁྱེད་རང་ཚོ་གཞིས་ཆགས་ནང་ནས་ཡོང་མཁན་ཚོ་ཡིན་ན་གཞིས་ཆགས་ནང་ལ་སོ་སོའི་ནམ་རྒྱུན་ཉིན་རེའི་ལས་འགན་གཅིག་ཡོད། སོ་སོའི་ཉིན་རེའི་ལས་ཀའི་བྱེད་སྒོ་རྣམས་འཐུས་ཚང་མ་བྱས་པར་མི་གཞན་ལ་ཁག་འཕངས་ལག་འཕྱིས་བྱས། སོ་སོ་རང་ས་ནས་མ་སྒྱིད་པ་དང་། ཁུར་ཡག་པོ་ཞིག་ཀྱང་མ་བླངས། ཐེ་གུ་སྣེ་ཤོར་གྱི་འཐུས་ཤོར་བཏང་ན། ཚོགས་འཛོམས་བྱེད་པའི་སྐབས་ལ་སྐད་ཆ་མང་པོ་བཤད་པ་དེ་དག་སྟོང་བཤད་དང་སྟོང་སྐད་ཡིན་པས་དེ་ལ་སྙིང་པོ་གང་ཡང་མེད།
འདི་སྐོར་ངས་སྔོན་མ་ནས་ཚར་ཁ་ཤས་བརྗོད་ཟིན་པ་ཡིན། དགེ་སྐྱོན་བཤད་ན་ཡག་པོ་རེད། སྐྱོན་འདོན་བྱས་པ་དང་ཆབས་ཅིག་སྐྱོན་དེ་སེལ་ཐབས་འདི་ལྟར་བྱེད་དགོས་ཞེས་དགེ་འདོན་སྐྱོན་སེལ་བྱས་ན་ཡག་པོ་འདུག སྐྱོན་ཆ་སེལ་བའི་ཐབས་ལམ་བསྟན་རྒྱུ་མེད་པར་ཆུ་དཀྲུག་པ་ལྟ་བུའི་རྙོག་དྲ་ཤོད་ཀྱིན་བསྡད་ན་དགོས་པ་མི་འདུག བར་ལམ་གནས་ཚུལ་དེ་འདྲ་ཡོང་གྲབས་བྱེད་ཀྱི་འདུག རྩ་བ་ནས་ཡོང་ཐབས་མེད་པ་ཞིག་དང་། འགྲུབ་རྒྱུ་མེད་པ་ཞིག་ལ་སྟོང་བཤད་མང་པོ་བྱས་པར་དགོས་པ་མི་འདུག འཕུར་རྒྱུའི་གོ་སྐབས་མ་བྱུང་བ་ལས་འཕུར་རྒྱུའི་གོ་སྐབས་བྱུང་ན་ངས་འཕུར་གྱི་ཡིན་ཞེས་བརྗོད་ན་འཕུར་རྒྱུ་མེད་པ་ཚང་མས་ཤེས་གསལ་རེད། མ་ཡོང་ས་ཞིག་ནས་བཤད་ན་གད་མོ་ཤོར་གྱི་འདུག
དེང་སང་བོད་པ་བཙན་བྱོལ་བའི་ཁྲོད་ཀྱི་ལས་ཀ་ཆེ་ཕྲ་ཆུང་གསུམ་གང་འདྲ་ཞིག་ཡིན་ནའང་དངོས་དང་བརྒྱུད་པའི་ཐོག་ནས་ང་ཚོ་བོད་སྤྱི་པའི་དོན་དག་དང་། བོད་རང་བཙན་གྱི་དོན་དག་ལ་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། དེ་ང་ཚོས་ཉིན་རེ་བཞིན་སྒྲུབ་དགོས་པ་ཞིག་དང་། སྒྲུབ་ཐུབ་པ་ཞིག་རེད། དེ་ཡག་པོ་ཞིག་བསྒྲུབས་ན་དེའི་ནུས་པ་བསགས་ནས་ང་ཚོ་བོད་སྤྱི་པའི་དོན་དག་ཚགས་སུ་ཚུད་པར་ཕན་འགྲོ་གི་ཡོད།
དེ་བཞིན་ད་ལྟ་སློབ་གྲྭའི་ནང་ཡོད་པ་ཚོར་ཆ་བཞག་ན། དམིགས་བསལ་ལས་འགན་སྒྲུབ་པའི་རིམ་པར་ད་ལྟ་སླེབས་མེད་ཀྱང་། སོ་སོ་སློབ་གྲྭའི་ནང་ལ་སྡོད་སྐབས་ཕྱོགས་གཅིག་ནས་སློབ་སྦྱོང་གི་ཐོག་ནས་ཨང་ཀི་ལོན་ཐུབ་པ་ཞིག་དང་། གལ་སྲིད་སློབ་སྦྱོང་གི་ཐོག་ནས་ཨང་ཀི་ལོན་མ་ཐུབ་ནའང་སྤྱོད་ལམ་གྱི་ཐོག་ནས་ཨང་ཀི་ལོན་ཐུབ་པ་ཞིག་བྱེད་རྒྱུ་འདུག མཐོ་སློབ་ཚོའི་ནང་ལ་མི་རིགས་འདྲ་མིན་གྱི་བུ་ཕྲུག་ཡོད་ལ། དེ་ལྟར་མེད་ནའང་རྒྱ་གར་གྱི་ཕྲུ་གུ་མང་པོ་ཡོད་ཅིང་། དེ་དག་གི་ཁྲོད་དུ་སྐད་ཆ་བཤད་རྒྱུའི་གོ་སྐབས་ཡོང་ངེས་ཡིན། བོད་པའི་རྣམ་འགྱུར་དང་། བོད་པའི་མི་རིགས་ཀྱི་གཤིས་ཀ་སྟོན་ཐུབ་པའི་གོ་སྐབས་ཡོད། དེ་ལྟ་བུའི་སྐབས་སུ་བོད་པའི་ཞབས་འདྲེན་མ་ཞུས་པར་བོད་པའི་མཚན་མཐོང་ལ་རྒྱ་སྤེལ་ཐུབ་པ་དང་། བོད་དོན་གྱི་གནས་ལུགས་འགྲེལ་བཤད་རྒྱག་ཐུབ་ན་ཡག་པོ་རེད།
མི་གཞན་དག་གིས་བོད་པའི་གནས་ཚུལ་གྱི་ཐོག་ལ་ལྟ་སྟངས་ནོར་འཁྲུལ་ཅན་ཡོད་པ་དེ་ཚོའི་གྲས་ལ་གསལ་བཤད་བྱེད་རྒྱུའི་གོ་སྐབས་ཤིག་ཡོང་གི་ཡོད། རང་རང་སོ་སོའི་ཉིན་རེའི་མི་ཚེ་སྐྱེལ་སའི་ནང་ལ་རང་གིས་རང་ལ་ཞུས་དག་འཕེར་བའི་གཟབ་གཟབ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། སོ་སོ་མིའི་སྤྱི་ཚོགས་ཀྱི་ནང་དང་། ཡང་སྒོས་བོད་མིའི་སྤྱི་ཚོགས་ཀྱི་ནང་ལ་ཆ་འཇོག་འཕེར་བ་ཞིག་དང་། ཚད་ལོངས་པ་ཞིག མིའི་མིག་དཔེ་འོས་པ་ཞིག་བྱས་པའི་ཐོག་ནས་སྐད་ཆ་བཤད་ན་དགའ་བསུ་ཞུ་གི་རེད། སུ་ཡིན་ན་ཡང་བརྩི་འཇོག་བྱེད་ཀྱི་རེད།
དེ་ལྟར་མིན་པར་སོ་སོ་སྒེར་གྱི་སྤྱོད་ལམ་འཁྱེར་སྟངས་དང་། རྣམ་འགྱུར་སྟོན་སྟངས་དེ་ཁྲམ་པ་དང་། གཡོ་སྒྱུ། ངོ་ལྐོག རང་ཤེད་སོགས་ཀྱི་ཐོག་ཏུ་བསྡད་ནས་སྐད་ཆ་སྟོང་བཤད་བྱས་ན། རྒྱུས་མེད་འགའ་ཤས་གཏམ་ཆེན་པོ་གཏོང་གི་འདུག་བསམ་མཁན་ཡོང་ཤས་ཆེ། འོན་ཀྱང་བོད་སྤྱི་པའི་དོན་དག་བསྒྲུབ་རྒྱུ་དང་། མིའི་སྤྱི་ཚོགས་ཀྱི་ནང་ལ་བདེ་དོན་བསྒྲུབ་རྒྱུ་འདི་སྐད་ཆ་སྟོང་པ་ཚར་གཅིག་བཤད་ནས་འགྲིགས་འགྲོ་བ་ཞིག་མིན་པར། ལོ་དང་ཟླ་བ་སྦྲེལ་ནས་ནུས་པ་འདོན་དགོས་པ་ཞིག་ཡིན། ཆུ་ཚོད་ཉི་ཤུ་རྩ་བཞི་ནང་སོ་སོའི་ཀུན་སྤྱོད་དེ་སྤྱི་ཚོགས་ནང་ཆ་འཇོག་ཡོད་པ་དང་། གདེང་འཁེལ་བ། བློ་གཏད་འོས་པའི་མི་གཅིག་བྱས་ཏེ་ཚར་རྒྱུ་ཡོང་མདོག་ཁ་པོ་རེད། མིའི་སྤྱི་ཚོགས་དང་། ལྷག་དོན་བོད་སྤྱི་པའི་དོན་དུ་ལས་ཀ་བྱ་རྒྱུ་ཞིག་ཡིན་ན། ལོ་དང་ཟླ་བ་སྦྲེལ་ནས་ལས་ཀ་བྱེད་དགོས་པ་དང་། དེ་ཡང་ཐོག་མར་སོ་སོ་ཆ་འཇོག་འཕེར་བ་ཞིག་བྱས་ཏེ། དེའི་ཐོག་ནས་ཐབས་ཤེས་སྙུགས་བསྲིངས་དགོས་པ་དེ་གལ་ཆེན་པོ་འདུག

ག༽ ཡ་རབས་ཀྱི་སྡོང་པོ་དང་། ཤེས་ཡོན་གྱི་ཡལ་འདབ།

ངོས་ནས་རྟག་ཏུ་ཤོད་མུས་ལྟར། མི་ཡ་རབས་བྱ་རྒྱུ་དེ་གལ་ཆེན་པོ་རེད་བསམ་པ་རྟག་ཏུ་དྲན་གྱི་ཡོད། ངས་རྟག་པར་ཡ་རབས་དང་ཡ་རབས་ཞེས་བརྗོད་སྐབས། ཁྱེད་རང་ཚོ་གཅིག་བྱས་ན་རྣ་བ་བསུན་གྱི་མེད་དམ་སྙམ། མི་ཞིག་ཡིན་ཕྱིན་ཡ་རབས་ཟེར་བ་དེ་ཧ་ཅང་གལ་ཆེན་པོ་རེད། མི་ལ་བསམ་བློ་མང་པོ་འཁོར་རྒྱུ་ཡོད་ལ། བསམ་བློ་དེའི་རྗེས་སུ་འབྲངས་ཏེ་མིས་ཐབས་ཤེས་མང་པོ་བྱེད་ཐུབ་ཀྱི་ཡོད། དེ་ལྟ་བུའི་བསམ་བློ་མང་པོ་འཁོར་ཐུབ་མཁན་དང་། ཐབས་ཤེས་མང་པོ་བྱེད་ཐུབ་མཁན་གྱི་མི་དེའི་རྩ་བའི་བསམ་བློ་དེ་མ་རབས་ཤིག་ཆགས་ན། མི་ལ་སྡུག་བསྔལ་སྣོན་མ་ཡོང་རྒྱུ་ཞིག་དང་། རྙོག་དྲ་སྣོན་མ་བཟོ་རྒྱུ་ཞིག་ལས་ཡོང་ཐབས་མེད། ང་རང་ཚོའི་ཁ་ནས་སེམས་ཅན་ཐམས་ཅད་ཅེས་བཤད་པ་བཞིན་འབུ་སྲིན་གྲོག་སྦུར་ཚུན་ཆད་སེམས་ཅན་ཐམས་ཅད་བསམ་མ་ཐུབ་ན་ཡང་། སྔོན་ལ་ང་རང་ཚོ་མིའི་རིགས་ནང་ཁུལ་ལ་བསམ་བློ་གཏོང་དགོས་པ་ཞིག་རེད། མིའི་རིགས་རང་གཞན་སུ་ཡིན་ཡང་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། དེས་ན་ཡིན་པ་ཤེས་བཞིན་དུ་རང་བདེ་ཁོག་ཏུ་བཅུག་ཅིང་། གཞན་གནོད་ལ་ཇི་མི་སྙམ་པར་མ་རབས་ཀྱི་སྤྱོད་པར་ཞུགས་ན་མིའི་སྤྱི་ཚོགས་ནང་ཧ་ལས་པའི་ཐབས་སྐྱོ་པོ་རེད།
ཡང་སྒོས་ང་རང་ཚོ་བོད་རིགས་ཀྱི་ནང་དུ་ཆ་བཞག་ན། མ་རབས་ཅན་གྱི་མི་གཅིག་ཡིན་ནའང་མང་དྲགས་པ་དང་། ཡ་རབས་ཅན་གྱི་མི་བརྒྱ་ཐམ་པ་ཡོད་ཀྱང་ཉུང་དྲགས་པ་རེད། ཆོས་ཁས་བླངས་མིན་དང་། སྐྱེ་བ་སྔ་ཕྱི་ཁས་བླངས་མིན་ཇི་ལྟར་ཡང་། སྨྲ་ཤེས་དོན་གོ་བའི་མི་ཞིག་ཡིན་ཕྱིན་ཆད་ལ་ཡ་རབས་བྱེད་རྒྱུ་དེ་དངོས་གནས་གལ་གནད་ཆེ་ལ། དེ་ནི་ང་ཚོ་མིའི་རིགས་ཀྱི་གཞི་རྩ་གལ་ཆེ་ཞིག་རེད། ཡ་རབས་དེ་རྩ་བའི་སྡོང་པོ་ལྟ་བུར་ཆ་བཞག་སྟེ། སྡོང་པོ་དེའི་ཐོག་འཇོན་ཐང་དང་། ཤེས་ཡོན་གྱི་ཡལ་ག་དང་། ལོ་མ། འབྲས་བུ་ཕུན་སུམ་ཚོགས་པ་ཇི་ཙམ་རྒྱས་པ་བྱུང་ཡང་ལེགས་ཤིང་། རྩ་བ་སྡོང་པོ་ལྟ་བུའི་ཡ་རབས་ཀྱི་སྤྱོད་པས་གཞི་རྩ་འཛིན་མ་ཐུབ་ན། ཤེས་ཡོན་གྱི་བཀྲག་མདངས་དང་། ཕུན་སུམ་ཚོགས་པའི་ཡལ་ག་དང་། ལོ་མ། འབྲས་བུ་ཕུན་སུམ་ཚོགས་པ་ཇི་འདྲ་ཞིག་ཡོད་ཀྱང་དུག་དང་སྨན་གང་ཡིན་མི་ཤེས་པའི་གནས་ཚུལ་ཆགས་ཡོད།
དེང་སང་འཛམ་བུ་གླིང་སྒང་ལ་རྙོག་དྲ་ཡོད་པ་མང་པོ་ཞིག་གི་རྩ་བ་དེ་ཡ་རབས་མ་རབས་གཉིས་ཀྱི་ཐོག་ནས་ཡོང་གི་ཡོད་ལ། ཡ་རབས་ཇི་ཙམ་ཤུགས་ཆེ་བ་ཡོད་པ་དེ་སྐྱིད་པ་དང་། མིའི་སྤྱི་ཚོགས་ནང་ལའང་བག་ཕེབས་པ་ཡོད། མ་རབས་ཇི་ཙམ་ཤུགས་ཆེ་བ་དེ་ཙམ་གྱིས་མིའི་སྤྱི་ཚོགས་ནང་ལ་འཁོས་མ་སྙོམས་པ་དང་། ལྷིང་མ་འཇགས་པ་ཡོང་གི་ཡོད། ཡ་རབས་ལག་ལེན་དུ་བསྟར་རྒྱུ་ཁག་པོ་ཡིན་ན་ཡང་། དེ་ངེས་པར་དུ་ང་ཚོས་མིའི་སྲོག་དང་འདྲ་བར་ལྟ་དགོས། དབང་པོ་ཡན་ལག་གཞན་དག་ལ་སྐྱོན་མེད་ན་ཡང་སྲོག་དང་བྲལ་ན་རོ་ཡིན་ཞིང་། སྲོག་དང་མ་བྲལ་ན་མིག་གསལ་པོ་མེད་ཀྱང་ད་དུང་གསོན་པོའི་གྲལ་སུ་ཚུད་ཐུབ་པ་ཡིན། དེ་བཞིན་དུ་ཡ་རབས་ཀྱི་སྲོག་དང་མ་བྲལ་བ་ཞིག་བྱུང་ན་ཤེས་བྱ་ཡོན་ཏན་ལ་སོགས་པ་གཞན་དག་ཕུན་སུམ་ཚོགས་པ་མེད་ཀྱང་མིའི་གྲལ་དུ་སླེབས་ཐུབ་པ་དང་། ཚུད་ཐུབ་པ་ཞིག་རེད། སྲོག་དང་འདྲ་བའི་ཡ་རབས་དང་བྲལ་ན་དབང་པོ་ཡན་ལག་གཞན་རྣམས་ཆ་ཚང་ཡོད་ཀྱང་བཟང་པོའི་ཆ་ནས་མིའི་གྲལ་ལ་མ་ཚུད་པ་ལྟ་བུ་ཞིག་རེད། ཡ་རབས་དེ་མིའི་སྲོག་དང་འདྲ་བ་ཞིག་ཡིན་ཨང་བསམ་པ་ཞིག་དམ་བཅའ་བཞག་སྟེ་གཟབ་གཟབ་བྱེད་དགོས།
ཉིན་རེའི་མི་ཚེ་སྐྱེལ་སྐབས་རང་ཉིད་ཀྱིས་བསམ་བློ་གཟབ་གཟབ་བཏང་། རང་གིས་རང་ལ་ཞུས་དག་འཕེར་བ་ཞིག་བྱེད་སྙམ་དུ་སྙིང་ལ་དམ་བཅའ་བཀོད་དེ་འབད་བརྩོན་བྱས་ན། རིམ་པས་ལོ་ངོ་གཅིག་སོང་གཉིས་སོང་རྗེས་ག་ལེར་རང་ཉིད་ཀྱང་གདེང་འཁེལ་བ་ཞིག་དང་། བཟང་པོའི་ཕྱོགས་ལ་གོམས་ཆ་འཕེལ་ཐུབ་པ་ཡོང་གི་རེད། གཞན་དོན་དང་འབྲེལ་བའི་དགོས་པ་རླབས་ཆེན་ཞིག་གི་དོན་དུ་ཡིན་ན་གནས་ཚུལ་ཐ་དད་ཡིན་པ་ལས། དེ་མིན་རྫུན་ཤོད་དགོས་བསམ་ཡང་ཁ་ནས་བརྗོད་མི་ནུས་པ་ཞིག་དང་། མི་ལ་མགོ་སྐོར་གཏོང་དགོས་བསམ་པ་བློའི་ཟུར་ནས་དྲན་ནའང་ཁ་ནས་ལམ་སང་མ་ཐོན་པ་ཞིག་ཡོང་ཐུབ་ཀྱི་རེད། མ་རབས་ཀྱི་ཐོག་ལ་གོམས་ན་སྐབས་དེར་བློའི་ནང་ནས་རྫུན་ཤོད་དགོས་བསམ་པ་མེད་ཀྱང་ངམ་ངམ་ཤུགས་ཤུགས་ཀྱིས་ཁ་ནས་རྫུན་ཐལ་འགྲོ་མཁན་ཞིག་ཡོང་གི་འདུག མི་ཁ་ཤས་སྐད་ཆ་ཤོད་པའི་སྐབས་ལ་ཁོ་རང་ངོ་ཚ་གི་མེད་ཀྱང་དེ་ཉན་མཁན་ངོ་ཚ་བ་ལྟ་བུ་ཡོང་གི་འདུག ཁོ་རང་ངོ་ཚ་གི་མེད་པ་དེ་མ་རབས་ཐོག་ལ་གོམས་པས་རེད། བཟང་པོའི་སྤྱོད་པ་དེ་དུས་གཅིག་ལ་ཡོང་རྒྱུ་ཁག་པོ་ཡིན་ནའང་དེ་ལ་གོམས་འདྲིས་བསྟེན་རྒྱུ་གལ་ཆེན་པོ་རེད།
ང་ལ་ཆ་བཞག་ན། ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་ཡ་རབས་དང་། གཞན་ཕན། སེམས་བསྐྱེད་བཟང་པོ་བྱེད་དགོས་པ་སོགས་ཐེག་པ་ཆེན་པོའི་ཆོས་ངོས་རང་ལོ་བཅུ་གྲངས་ནང་ནས་རྣ་བར་གོ་ཐོས་ཡོད་ཀྱང་། ལམ་སེང་ལག་ལེན་བསྟར་ཐུབ་པ་ཁག་པོ་འདུག འོན་ཀྱང་ལོ་ཟླ་རིམ་སོང་གིས་ད་ཆ་བཞི་བཅུའི་ནང་སླེབས་ཡོད། ད་ལྟ་ནས་བརྩིས་པའི་ལོ་བཅུའི་གོང་དང་། ལོ་སུམ་ཅུ་སོ་གྲངས་ནང་ངའི་བསམ་བློ་དང་། དེའི་གོང་ཉི་ཤུ་རྩ་གྲངས་ཀྱི་བསམ་བློ་དང་བསྡུར་སྐབས། གཞན་ཕན་གྱི་བློ་དེ་ཡར་རྒྱས་ཕྲན་བུ་ཕྱིན་ཡོད་པ་ལྟ་བུ་རེད། ད་དུང་ངོས་རང་ཚད་ལོངས་པ་གང་ཡང་མིན་པར་ཆོས་པ་ཐེབས་ཆག་ཅིག་རེད། ཡིན་ན་ཡང་རང་རང་སོ་སོའི་མི་ཚེའི་ནང་ལ་ལོ་བཅུ་བཅོ་ལྔའི་གོང་གི་བསམ་བློ་དང་བསྡུར་ན་ཕྲན་བུ་བསམ་བློ་ཡར་རྒྱས་ཕྱིན་པ་ལྟ་བུ་ཞིག་དང་། སེམས་དུལ་དུ་ཕྱིན་པ་ལྟ་བུ་ཤེས་ཡོང་གི་འདུག
དེ་འདྲའི་བསམ་བློ་ཡར་རྒྱས་དང་། བསམ་བློའི་ནང་ཡ་རབས་འཇགས་པ་ཟེར་བ་དེ་ཉིན་མ་གཅིག་ལ་ཤེས་ཙམ་ཉིན་ནས་ལམ་འཕྲལ་ལག་ལེན་འཁེལ་ཐུབ་པ་ཞིག་དང་། ལམ་འཕྲལ་འགྲུབ་ཐུབ་པ་ཞིག་མ་རེད། ལོ་ནས་ལོ་བསྟུད་རིམ་པས་དེའི་ཕྱོགས་སུ་བློའི་གོམས་འདྲིས་བསྟེན། རྩོལ་བ་བྱས། བློ་དེ་ཡི་ཕྱོགས་སུ་དྲངས་ཏེ་རྒྱུན་བསྲིངས་རིམ་པས་ཡག་པོ་ཆགས་ཐུབ་པ་ཞིག་ཡོང་གི་རེད། དེ་ལྟ་བུའི་ཐོག་ནས་སོ་སོའི་ཉིན་རེའི་མི་ཚེ་སྐྱེལ་སྟངས་ཡག་པོ་ཞིག་བྱུང་ན་སྤྱི་པའི་དོན་དག་དང་། སོ་སོ་སྒེར་གྱི་དོན་དག་གང་ཡིན་ཀྱང་། ཕན་གནོད་འབྲེལ་བ་དེའི་ཐོག་ནས་ཡོང་གི་རེད།

ང༽ བསྒྲུབ་བྱའི་རང་བཙན་དང་། ཉིན་རེའི་ཞུ་སྒོ།

ཁྱེད་རང་ཚོ་ཚོགས་འདུ་གྲོལ་ནས་ཁ་གྱེས་པའི་རྗེས་ལ་སྔར་ལས་ལྷག་པའི་རང་རང་སོ་སོའི་མཇིང་པའི་སྒང་ལ་འཁྲི་བའི་འགན་འཁུར་དེ་མིས་འདེད་མཁན་དང་། ཞུ་དག་གཏོང་མཁན། རྩིས་བཤེར་གཏོང་མཁན་ཞིག་མདུན་དུ་ཡོད་མིན་ལ་མ་ལྟོས་པར་སོ་སོས་ལས་འབྲས་དཔང་དུ་འཕེར་བ་ཞིག་དང་། རྒྱབ་མདུན་ངོ་ལྐོག་འཕེར་བ་ཞིག་བྱེད་བསམ་པ་བྱས་ཏེ་འགན་འཁྱེར་དགོས་པ་དེ་གལ་གནད་ཆེན་པོ་རེད། དེ་ལྟར་བྱུང་ན་དཔག་ཚོད་ཀྱི་སྤྱི་པའི་དོན་ལ་རྒྱ་མཚོ་ཆུ་ཐིགས་ལྟ་བུར་ཕན་གྱི་རེད།
དེ་མིན་ཚོགས་འདུ་ལྟ་བུ་ཞིག་འཚོགས་པ་དང་། སྐད་ཆ་མང་དག་ཅིག་བཤད། གྲོས་ཆོད་བཞག་པ་སོགས་བྱས་ཀྱང་། སོ་སོས་འགན་འཁྱེར་ས་དེར་སླེབས་སྐབས་བོད་སྤྱི་པའི་དོན་དག་དང་། ཉིན་རེ་ཉིན་རེ་སྒྲུབ་དགོས་པའི་ལས་འགན་གཉིས་པོ་ཐ་དད་ལ་ཕྱིན་ན་མི་འགྲིགས། སོ་སོའི་འགན་འཁུར་སྒྲུབ་རྒྱུ་དེ་ལས་ལོགས་སུ་བོད་རང་བཙན་སྒྲུབ་པའི་ཐབས་ཤེས་འདི་ཡིན་ཟེར་བའི་ད་ལྟ་དམིགས་བསལ་བྱ་རྒྱུ་གང་ཡང་མེད། བོད་རང་བཙན་བསྒྲུབ་རྒྱུའི་དམིགས་ཡུལ་དེའི་དོན་དུ་ང་ཚོས་བོད་གཞུང་ཞིག་བཙུགས་ཡོད། བཙན་བྱོལ་གཞུང་ཡོངས་གྲགས་ཀྱིས་ཁས་ལེན་ཡོད་མིན་ལ་མ་ལྟོས་པར་ནང་ལྟར་དུ་རྒྱ་གར་གཞུང་གིས་མཚོན་པས་གང་ལ་གང་འཚམ་གྱི་ཆ་འཇོག་དང་ནུས་པ་ཡོད་པའི་སྒྲིག་འཛུགས་ཤིག་ཆགས་ཡོད། རྩ་བ་ཆ་རྐྱེན་གཅིག་འདི་ཡིན་ལ། འདི་ད་དུང་ཚགས་སུ་ཚུད་པའི་ཐབས་ཤེས་ང་རང་ཚོ་ཚང་མས་གང་ཡོང་ཅི་ཡོང་ཞིག་བྱེད་ཀྱི་ཡོད་པ་ལྟར། ད་དུང་ཚགས་ཚུད་ཡར་རྒྱས་འགྲོ་ཐབས་དང་། བོད་མི་སྤྱིའི་ནུས་པ་ཆ་ཚང་དེའི་ཐོག་བསྒྲིལ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། གཞིས་ཆགས་དང་། སློབ་སྦྱོང་གི་གནས་ཚུལ་ཚང་མ་བོད་རང་བཙན་གྱི་དམིགས་ཡུལ་དེ་དང་སྦྲེལ་ནས་ང་ཚོས་དང་པོ་ནས་འཆར་གཞི་བཀོད་ཡོད་པ་ལྟར། སོ་སོར་སྐབས་བབས་ལས་འགན་གང་ཞིག་ཡོད་པ་དེ་དག་ཧུར་ཐག་གིས་ཡག་པོ་ཞིག་སྒྲུབ་པ་དེ་ཙམ་གྱིས་སྤྱི་དོན་ལ་ཕན་ཡོང་གི་ཡོད། བསམ་བློ་ཐག་རིང་པོ་དང་། རྒྱང་རིང་པོ་གཏོང་དགོས། ཁྱེད་རང་ཚོ་སོ་སོ་སོ་སོའི་ལས་འགན་གང་དང་གང་ཡོད་པ་དེ་དག་ཧུར་ཐག་བྱེད་རོགས་ཞེས་ཟེར་རྒྱུ་ཡིན།
མི་ཡིན་པའི་ཆ་ནས་ཡ་རབས་ཟེར་བ་དེ་སྲོག་གི་སྙིང་པོ་ལྟ་བུར་བཟུང་སྟེ་ཡ་རབས་ལེགས་པོ་ཞིག་བྱས་ན། སོ་སོའི་སྐད་ཆར་ཚིག་བཙུན་པ་ཞེས་པ་དེ་ཡོང་གི་རེད། སོ་སོས་སྐད་ཆ་བཤད་པ་དེར་མིས་ཡིད་ཆེས་དང་། ཆ་འཇོག་ཐོབ་ཅིང་། མིས་ཆ་འཇོག་དང་མིས་ཡིད་ཆེས་བྱས་ན་དེས་ནུས་པ་ཐོན་གྱི་རེད། མིས་ཡིད་ཆེས་དང་། མིས་ཆ་འཇོག་མ་བྱས་ན་ཚིག་འདྲ་ཆགས་ཇི་ལྟར་བཤད་ཀྱང་ནུས་པ་ཐོན་མི་ཐུབ། སོ་སོའི་ལུས་ངག་གི་སྤྱོད་ལམ་གྱི་ཐོག་ནས་མི་ལ་གཟེངས་ཐོན་སྟོན་ཐུབ་པ་ཞིག་དགོས་པ་ལས་མི་ཚང་མ་ལྐུག་པ་མིན།
ཕྱི་ལོ་ ༡༩༥༩ ནས་ད་བར་ལོ་བཅུ་དགུ་ཙམ་གྱི་དུས་ཡུན་གང་འཚམ་ཕྱིན་ཡོད། ཁྱེད་རང་ཚོའི་བསམ་བློའི་ནང་ཡིད་ཐང་ལྟ་བུ་ཆད་དེ་ཉི་མ་རིང་དྲགས་སོང་བསམ་པ་ཡོད་ཤས་ཆེ། ང་ལ་ཡང་ཡོང་གི་འདུག ད་ལྟ་ང་ལོ་བཞི་བཅུ་ཞེ་གྲངས་ཤིག་ལ་སླེབས་ཡོད། ད་ལྟའི་དུས་ཚོད་འདིར་བོད་ལ་ལོག་ཐུབ་པ་དང་། བོད་ལུང་པའི་ནང་ངས་ཞབས་འདེགས་ཞུ་རྒྱུའི་དུས་ཚོད་ཅིག་ཤར་ན་ཆབ་སྲིད་ཀྱི་ལས་ཀ་དང་། བོད་གཞུང་གི་འགོ་ཁྲིད་དེ་ལས་ཀ་བྱེད་བསམ་པ་མེད་ཀྱང་། བོད་མི་ཚོས་སྤྱིར་བཏང་ང་ལ་དགའ་པོ་བྱེད་ཀྱི་ཡོད་པ་དང་། ང་རང་གི་ངོས་ནས་ཀྱང་ད་ཕན་གནས་ཚུལ་མཐོང་ཐོས་མང་པོ་བྱུང་། ཆོས་དང་གནས་ཚུལ་མང་པོ་ཞིག་ཤེས་ཀྱི་ཡོད་པ་དེ་འདྲའི་ཐོག་ནས་ངས་བོད་རྒྱ་ཁྱབ་གང་སར་ཕར་ཚུར་ཕྱིན། བསླབ་བྱ་རྒྱག་པ། ལྟ་རྟོག་བྱ་རྒྱུ། བདེ་སྡུག་ཉན་སོགས་གང་ཡོང་ཅི་ཡོང་གི་ཕན་བཏགས་འདྲ་བྱེད་ཀྱི་ཡིན་ན་ད་ལྟ་ན་རྒས་རྫི་རྡིབ་མ་བྱུང་གོང་ལ་ཞབས་འདེགས་གང་འཚམ་ཞིག་འགྲུབ་ཐུབ་ཀྱི་རེད་བསམ་པ་དྲན་གྱི་འདུག ད་དུང་ལོ་བཅོ་ལྔ་ཉི་ཤུ་ཕྱིན་ཚེ་ང་ཡང་ལོ་དྲུག་ཅུ་བདུན་ཅུར་སླེབས་ན། དེ་འདྲའི་མཚམས་ལ་བོད་དུ་སླེབས་ན་ཡང་སོ་སོ་ན་རྒས། རྫི་རྡིབ། དབང་པོ་མ་གསལ་བ་ཆགས། དེ་འདྲ་ཆགས་ན་སེམས་ཀྱིས་སླེབས་སར་ལུས་པོས་སླེབས་ཐུབ་ཀྱི་མ་རེད།
ཚིག་གཞན་དག་ཅིག་ནས་བཤད་ན། ང་རང་གི་རོ་སྐྱེལ་བར་འགྲོ་མཁན་ལྟ་བུ་ལས། སོ་སོའི་ལོ་ན་ཚོད་ཀྱི་རྣམ་དཔྱོད་གཏོང་ཐུབ་རྒྱུ་དང་། རང་རིགས་སྤྱི་ཚོགས་ལ་ཞབས་འདེགས་ཕྲན་བུ་ཞུ་ཐུབ་པའི་དུས་ཚོད་དེ་མིའི་ལུང་པར་རྫོགས། རང་ཉིད་སེམས་ཀྱིས་སླེབས་སར་ལུས་པོས་མ་སླེབས་པའི་སྐབས་སུ་སོ་སོ་ཡང་ཡིད་ཐང་ཆད་རྒྱུ་ཞིག་དང་། བོད་མི་ཚོ་ཡིན་ཀྱང་༸རྒྱལ་བ་རིན་པོ་ཆེའི་གདོང་མཐོང་བའི་སྐབས་ལ་སེམས་སྐྱོ་བའི་གནས་ཚུལ་དེ་འདྲ་བྱུང་ན། ངའི་མི་ཚེ་དེ་ཐབས་སྐྱོ་པོ་ཆགས་སོང་བསམ་པ་དྲན་རྒྱུ་ང་ཡང་དྲན་གྱི་འདུག
ཡིན་ན་ཡང་ང་རང་ཚོའི་སེམས་ནང་ལ་ལོ་མ་འཁྱོལ་བ་དང་། ཉི་མ་མ་འཁྱོལ་བའི་དངངས་སྐྲག་དང་། སྡུག་བསྔལ་ཡོད་པ་གཅིག་པུས་ང་ཚོའི་དོན་དག་འདི་འགྲུབ་ཐུབ་ཀྱི་མ་རེད། ཕྱོགས་གཅིག་ནས་སྤྱི་མཐུན་གྱི་ལས་དང་། ཡང་སྒོས་མིའི་ཐབས་ཤེས་ལ་བསྟེན་དགོས། ང་ཚོས་ཁ་གཏད་གཅོག་ས་དེ་རྒྱ་མིར་གཅོག་དགོས་ཀྱི་ཡོད་པས་ལས་སླ་པོ་ཞིག་མ་རེད། དུས་ཀྱི་འགྱུར་བ་ཞིག་ཕྱིན་ཏེ་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་དུས་ཚོད་སྨིན་པ་ཞིག་མ་བྱུང་བར་དུ་ང་རང་ཚོའི་འདོད་པར་ཉི་མ་འཁྱོལ་གྱི་མི་འདུག་ཅེས་འཚབ་འཚུབ་དང་། ཟང་ཟིང་བྱས་པས་འགྲིགས་ཐབས་མེད།

ཅ༽ ས་མཚམས་ཀྱི་དཀའ་རྙོག་དང་། འཕགས་བོད་ཀྱི་འབྲེལ་བ།

བར་ལམ་རྒྱ་གར་གཞུང་གིས་ས་མཚམས་སྐོར་ལ་སྐད་ཆ་ཤོད་སྐབས་ང་ཚོའི་ནང་ནས་དོ་སྣང་བྱས་པ་ཡག་པོ་རེད། རྩ་བ་བོད་པའི་ས་ཆའི་སྐོར་ལ་བདག་ཐོབ་མེད་པའི་རྒྱ་མིས་ཐག་གཅོད་བྱ་རྒྱུ་འགྲིག་གི་མི་འདུག དེ་ལ་ང་ཚོས་བརྩི་འཇོག་མེད་ཅེས་བཤད་པ་དེ་འགྲིགས་པ་རེད། སྒེར་སྒེར་སོ་སོའི་ངོས་ནས་རྣམ་འགྱུར་བསྟན་པར་ཁྱད་པར་གང་ཡང་མི་འདུག ཁ་ཤས་ལ་དགོས་པ་དགེ་མཚན་འདྲ་ཡང་ཡོང་མདོག་ཁ་པོ་རེད། ང་ཚོ་དུས་ཚོད་ངེས་ཅན་ཞིག་ཏུ་སླེབས་ན་དེ་སྐབས་ས་མཚམས་སྐོར་སྐད་ཆ་བཤད་པ་དེར་ང་ཚོས་ངོས་ལེན་མེད་ཅེས་ངས་བརྗོད་མ་བདེ་བ་ཡོད་པ་མ་རེད། བོད་དེ་རྒྱ་མིས་ཐོབ་ཐང་མེད་པར་ཟིན་པར་བརྟེན་དེ་ལ་ང་ཚོས་ངོས་ལེན་མེད། བརྩི་འཇོག་མེད་ཅེས་བརྗོད་རྒྱུའི་ཐོབ་ཐང་ང་ཚོར་ཡོད། དེ་ལྟའི་བསམ་བློ་གཏོང་རྒྱུ་ཡོང་བ་ལས། ད་ལྟ་དོན་མེད་རྒྱ་གར་གཞུང་བསུན་པོ་བཟོས་པས་ཕན་ཐོགས་གང་ཡང་མེད་ཅེས་བཀའ་ཤག་དང་སྐད་ཆ་བྱུང་། ད་ལྟ་ཕན་ལ་རྒྱ་གར་གཞུང་གིས་གང་ཅིའི་ཐོག་ནས་མཁྱེན་རྟོགས་ཡག་པོ་ཡོད་པ་ལྟ་བུ་ཞིག་དང་། ང་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ད་དུང་ཡང་ཕལ་ཆེར་དེ་མུར་གནས་ཀྱི་རེད་བསམ་གྱི་འདུག དེ་ནི་གཙོ་ཆོ་ཤོས་ཀྱི་མཐུན་རྐྱེན་ཞིག་རེད།
ཁ་ཤས་ཀྱིས་འདི་ལྟར་དྲན་གྱི་མེད་དམ་སྙམ། ང་ལ་རྒྱ་གར་གཞུང་གི་སྐུ་མགྲོན་ཡིན་ཞེས་མིང་བཏགས་པར་བརྟེན་༸རྒྱལ་བ་རིན་པོ་ཆེས་རྒྱ་གར་གཞུང་གི་སྐུ་མགྲོན་དེ་བློས་མ་ཐོངས་པར་རྒྱ་གར་གཞུང་ལ་སྤྲེལ་ལད་འཁྲབ་ཀྱི་འདུག་བསམ་པ་དྲན་གྱི་འདུག་གམ། ༸རྒྱལ་བ་རིན་པོ་ཆེས་དེ་ལས་ཡ་ཡུད་ཆེ་ཙམ་ཞིག་བསྒྲིལ་ཐུབ་ན་དེ་ལས་ཡག་ཙམ་ཞིག་ཡོང་གི་རེད་བསམ་པ་དྲན་གྱི་འདུག་གམ། ངས་རྒྱ་གར་གཞུང་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག ད་ལྟ་ཡང་གལ་ཆེན་པོ་རེད་ལ། མ་འོངས་པར་ཡང་ཤིན་ཏུ་གལ་ཆེན་པོ་རེད།
ང་ཚོར་ད་ལྟ་གང་ཞིག་འདང་གི་མི་འདུག་ཅེ་ན། རྒྱ་གར་ནང་འབྲེལ་བ་ཡག་པོ་ཞིག་བྱེད་ཐུབ་ཀྱི་མི་འདུག ལྡི་ལིར་ཡོད་པའི་སྲིད་དོན་གྱི་ལས་ཀ་བྱེད་མཁན་ཚོར་འབྲེལ་བ་ཕྲན་བུ་ཡོད་པ་ཙམ་གྱིས་མི་འགྲིགས། དེ་ནི་ཁ་ཡམ་ཡམ་ལ་ཕྱིན་པ་ཞིག་རེད། འབྲེལ་བ་གཙོ་བོ་དེ་རྒྱ་གར་ནང་ཤེས་ཡོན་ཅན་གྱི་མི་མང་ལ་བྱེད་དགོས་ཀྱི་འདུག སློབ་གྲྭ་ཁག་དང་། དགེ་རྒན་གྱི་རིགས། ཤེས་ཡོན་ཅན་གྱི་ནང་ལ་ང་ཚོ་བོད་དང་རྒྱ་གར་གྱི་བར་ལ་ཆོས་དང་ཤེས་རིག་གི་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་དེ་ང་ཚོས་འགྲེལ་བཤད་བརྒྱབ་སྟེ་གཏིང་ཟབ་པོའི་འབྲེལ་བ་ཞིག་བཟོ་ཐུབ་ན། ལྡི་ལིའི་སྲིད་དོན་གྱི་ཚོགས་པ་འགྱུར་བ་གང་འདྲ་ཞིག་ཕྱིན་ན་ཡང་། རྒྱ་གར་བ་ཤེས་ཡོན་ཅན་གྱི་མིའི་ནང་ལ་འཇགས་ཐུབ་པ་དང་། དེའི་ཚོར་བ་སླེབས་ཐུབ་པ་ཞིག་བྱུང་ན་དེས་ཏན་ཏན་ཕན་གྱི་རེད་བསམ་པ་དྲན་གྱི་འདུག
ཁྱེད་རང་ཚོ་སོ་སོ་སོ་སོའི་ངོས་ནས་ནུས་པ་འདོན་ཐུབ་པའི་གོ་སྐབས་བྱུང་ན། དེ་སེམས་ལ་འཇོག་དགོས། རྒྱ་གར་གྱི་ཤེས་ཡོན་ཅན་དེ་སྔའི་རྒྱ་གར་གྱི་རིག་གཞུང་ཤེས་མཁན་ཚོས་བོད་དང་རྒྱ་གར་གྱི་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་ཤེས་ཀྱི་ཡོད་པ་དང་། མི་དེ་ཚོས་བོད་པའི་ཐོག་ལ་འཕྲལ་སེལ་གྱི་ཤ་ཚ་མིན་པར་དོན་དམ་པར་བོད་མི་རྒྱ་གར་གྱི་དགེ་ཕྲུག་དང་། རྒྱ་གར་གྱི་སྤུན་མཆེད་ཡིན་བསམ་པ་ཞིག་ཡོང་གི་ཡོད། གདོང་གི་ཐོག་ནས་སྤུན་ཟླའི་བཟོ་ལྟ་མེད་ན་ཡང་། ཆོས་དང་ཤེས་རིག་གི་ཐོག་ནས་རྒྱ་གར་གྱི་སྤུན་མཆེད་ཡིན་པའི་འདུ་ཤེས་དང་། དགའ་བརྩེ་སླེབས་ཡོང་གི་ཡོད་པར་བརྟེན་དེ་ང་ཚོར་གལ་ཆེན་པོ་འདུག ས་བོན་ལྟ་བུ་འདེབས་ས་དེར་བཏབ་སྟེ་ཡག་པོ་སྨིན་ཐུབ་པ་བྱུང་ན་ང་ཚོར་ཕན་ཁྱད་ཆེན་པོ་ཡོད།
མི་ཁ་ཤས་ནས་དོན་དེ་རྒྱ་གར་གྱི་དོན་དག་དང་འབྲེལ་བ་ཡོད་པར་བརྟེན་ལྡི་ལིའི་གཞུང་ལ་རྒྱ་གར་གུང་བྲན་སླེབས་ན་ཡང་བོད་དོན་བློས་གཏོང་གི་མ་རེད་ཅེས་ཤོད་མཁན་ཡོང་གི་འདུག བོད་པའི་གནས་ཚུལ་ཤེས་མཁན་དང་། བསམ་བློ་དེ་འདྲ་ཡོད་མཁན་གྱིས་དེ་འདྲ་ཤོད་ཀྱི་ཡོད། གཞི་རྩའི་གནས་ཚུལ་ཐོག་ནས་མི་དང་མིའི་བར་གྱི་འབྲེལ་བ་ཡག་པོ་དང་། བརྟན་པོ་ཞིག་བྱུང་ན་ཡག་པོ་རེད། དེ་ཡང་སོ་སོའི་ཁེ་ཕན་དང་། ཚོང་ལྟ་བུ་མིན་པ། ཉི་མ་གཅིག་གྲོགས་དང་། ཉི་མ་གཅིག་དགྲ་ཡིན་མཁན་དེ་འདྲ་མིན་པར། ཆོས་དང་ཤེས་རིག་གི་འབྲེལ་བ་ཟེར་མཁན་དེ་དངོས་གནས་དྲང་གནས་གཏིང་རིང་པོའི་འབྲེལ་བ་གཞི་རྩ་ཡོད་སྟབས་བེད་སྤྱོད་ཡག་པོ་ཞིག་བྱེད་ཐུབ་ན་བསམ་པ་དྲན་གྱི་འདུག དེ་བྱུང་ན་བརྟན་པོ་ཡོང་གི་རེད། ང་ཚོ་ཚང་མས་ཤེས་གསལ་ལྟར། བོད་པའི་དོན་དག་ནི་རྒྱ་མིར་ཁ་གཏད་གཅོག་རྒྱུ་ཡིན་པ་དང་། རྒྱ་མིར་ཁ་གཏད་གཅོག་པར་དོ་ཡ་ལོན་པ་ཞིག་དགོས་ཀྱི་རེད། ང་ཚོ་མི་ས་ཡ་དྲུག་གིས་དོ་ཡ་ལོན་ཐུབ་ཀྱི་མ་རེད། དེ་ལ་རེ་བ་རྒྱག་ས་ཡོད་ན་མེད་ན་རྒྱ་གར་གཞུང་ཤིན་ཏུ་གལ་ཆེན་པོ་རེད། ད་ལྟའི་བར་རྒྱ་གར་ནང་ང་ཚོ་ལོ་དེ་ཙམ་ཕྱིན་པ་རེད། ད་ལྟའི་བར་ཨང་ཀི་དང་པོ་རེད། ད་དུང་ཡང་ཡག་པོ་སྡོད་ཀྱི་རེད་བསམ་པ་དྲན་གྱི་འདུག

ཆ༽ ལས་འགུལ་གྱི་ལྗིད་ཚད་དང་། རྒྱ་གཞུང་གི་གསལ་བསྒྲགས།

ཡང་ཁ་ཤས་ཀྱི་བསམ་བློའི་ནང་ཕྲན་བུ་འུ་ཐུག་པའི་གནས་ཚུལ་ལྟ་བུ་ཤར་ནས་ཛ་དྲག་གམ། གཏོར་བཤིག་གི་ལས་ཀའི་རིགས་བྱས་ན་ཡག་པོ་མེད་དམ་སྙམ་པའི་བསམ་ཚུལ་ཡོང་གི་ཡོད། དེ་བྱེད་པ་ལ་ཡང་བྱེད་སྟངས་རེད། སྙིང་པོ་ཡོད་པ་དང་། ཕྲན་བུ་ལྗིད་ཚད་ཡོད་པ་བྱ་རྒྱ་བྱུང་ན་གནས་ཚུལ་ཐ་དད་རེད། དེ་མིན་གནམ་གྲུ་གཏོར་རྒོལ་གཏོང་བ་ལྟ་བུ་དང་། ཡང་རྒྱ་མིའི་གཞུང་ཚབ་ཀྱི་མི་རེ་ཟུང་འཛིན་བཟུང་བྱས་པ་ལྟ་བུས་ཕན་ཐོགས་གང་འདྲ་ཡོང་གི་ཡོད་དམ། དྲིལ་བསྒྲགས་གཅིག་ཡོང་གི་རེད། ང་ཚོར་དྲིལ་བསྒྲགས་གང་འདྲ་ཞིག་དགོས་ཀྱི་ཡོད་དམ་ཞེ་ན། ཤ་ཚ་སླེབས་པའི་དྲིལ་བསྒྲགས་ཤིག་དགོས་པ་ལས། གང་བྱུང་བྱས་པའི་དྲིལ་བསྒྲགས་ཤིག་བྱུང་ནའང་ཡག་རྒྱུ་མི་འདུག ད་ལྟའི་དུས་ཚོད་འདིར་ཕྲན་བུ་སྔ་དྲགས་པ་མིན་ནམ་སྙམ། ད་དུང་ལོ་ཤས་ཕྱིན་ན་དེའི་ཚེ་དེའི་དུས་གང་འདྲ་ཆགས་གྲབས་ཡོད་དམ། གནས་ཚུལ་ཐ་དད་རེད། ད་ལྟའི་གནས་སྟངས་ལ་དེ་འདྲའི་གློ་བུར་ལས་སྦྱོར་གྱི་ཟང་ཟིང་བྱས་ན་དགོས་པ་ཆེ་བ་ཨེ་ཡོད་བསམ་གྱི་འདུག
ཁ་སྔོན་པེ་ཅིང་དུ་ཉི་ཧོང་ནས་ལྟ་སྐོར་ཡོང་མཁན་དང་མཇལ་འཕྲད་སར་ང་བོད་དུ་ཡོང་ན་རྩ་བའི་ལངས་ཕྱོགས་དང་། བསམ་སྤྱོད་འཁྱེར་སྟངས་མ་ནོར་བ་བྱུང་ན་འཚོ་བའི་བཀོད་སྒྲིག་ཀྲུང་དབྱང་ནས་གནང་གི་རེད་ཅེས་ང་ཕོད་ཀྱིས་གསུངས་པ་དེ་པེ་ཅིང་ཤིན་ཧྭ་གསར་འགྱུར་ཁང་ནས་ཆེད་མངགས་གསལ་བསྒྲགས་ལྟ་བུ་བྱས་པ་རེད། དེ་སྐོར་རྒྱ་གར་གྱི་ཚགས་པར་ནང་ལ་ཡང་གནས་ཚུལ་ཐོན་པ་རེད། ངོས་ནས་གནས་ཚུལ་དེ་དག་ལ་འགོ་སྟོད་ནས་སྙིང་པོ་དེ་ཙམ་མཐོང་མ་བྱུང་།
ཉི་ཧོང་གི་ལྟ་སྐོར་ཚོགས་པ་ཁོང་ཚོས་ངའི་མིང་དངོས་སུ་སྨོས་ཏེ་སྐད་ཆ་དྲིས་པ་དེར་ང་ཕོད་ཀྱིས་རྩ་བ་རྒྱ་ནག་དབུས་གཞུང་གི་སྲིད་བྱུས་དང་། དེའི་འོག་ནས་བོད་ཀྱི་རང་སྐྱོང་ལྗོངས་འཐུས་མི་ལྷན་ཁང་ཞེས་པའི་ཐོག་ནས་གྲོས་ཆོད་བཞག་པའི་རྩ་དོན་གཞི་ལ་བཞག་ནས་ཡུལ་གྱར་ཕྱིན་པའི་མི་རྣམས་དང་སྤྱི་འགྲེ་མཚུངས་ཀྱི་ལན་བརྒྱབ་པ་ཞིག་ལས། དེ་དམིགས་བསལ་གྱིས་བཤད་པ་ཞིག་ཨེ་ཡིན་སྙམ་སྟེ་ངས་གལ་ཆེན་པོར་མ་བརྩིས། ཕལ་ཆེར་དེ་འདྲ་ཞིག་ཡིན་བཟོ་འདུག མ་འོངས་པར་གང་འདྲ་ཡོང་མིན་མི་ཤེས།

ཇ༽ རྒྱ་གཞུང་གི་བརྗོད་བབ་དང་། བོད་ཀྱི་བདེན་དོན།

ཡང་བར་ལམ་གནས་ཚུལ་ཞིག་ལ། པཎ་ཆེན་རིན་པོ་ཆེ་ད་ལྟ་རྒྱ་ནག་ནང་ལ་བཞུགས་པ་བོད་ལ་གདན་འདྲེན་ཞུས་ནས་རང་འཇགས་ལས་ཀ་བསྐུལ་རྩིས་ཡོད་པ་ལྟ་བུ་དང་། པཎ་ཆེན་རིན་པོ་ཆེས་གསུངས་ན། ང་བོད་ལ་ཡོང་བ་ཙམ་གྱིས་མི་འགྲིགས། དེ་སྔའི་ཐོབ་ཐང་ཆ་ཚང་དགོས་ཀྱི་ཡོད་ཅེས་གསུངས་པ་རེད་ཅེས་པའི་གནས་ཚུལ་གོ་ཐོས་ཡོང་གི་འདུག བདེན་པ་ཡིན་མིན་མི་ཤེས། གལ་སྲིད་དེ་འདྲའི་འགྱུར་བ་ཕྱིན་ན་རྒྱ་མིས་བསམ་བློ་གང་འདྲ་ཞིག་བཏང་ཡོང་། གཅིག་བྱས་ན་འགྱུར་བ་ཡོང་སྲིད་ཀྱི་རེད། ད་ལྟ་ཚོད་ཐིག་གི་མི་འདུག
ང་ལ་གསར་འགོད་པ་འགའ་ཤས་ཀྱིས་སྐད་ཆ་དྲིས་བྱུང་། ངོས་ནས་ཧ་ཅང་ལས་སླ་པོ་རེད་ཅེས་བརྗོད་ཀྱི་ཡོད། ང་ལོག་དང་མ་ལོག་ཟེར་བ་དེ་ངའི་དོན་དག་མིན་ལ། བོད་པའི་གནས་ཚུལ་དེ་ང་ཚོ་བཙན་བྱོལ་བ་ཁྲི་བཅུ་ཙམ་གྱི་དོན་དག་ཀྱང་མིན། དེ་ནི་བོད་མི་ས་ཡ་དྲུག་གི་དོན་དག་ཆགས་ཡོད། ས་ཡ་དྲུག་གི་འདོད་བློ་ཁེངས་པ་ཞིག་ཡོད་ན་བཙན་བྱོལ་བ་ཚོ་འདོད་པ་ཁེངས་རུང་མ་ཁེངས་རུང་གནས་ཚུལ་ཐ་དད་རེད་ལ། ༸རྒྱལ་བ་རིན་པོ་ཆེ་འདོད་པ་ཁེངས་རུང་མ་ཁེངས་རུང་གནས་ཚུལ་ཐ་དད་རེད། བོད་མི་ས་ཡ་དྲུག་གི་འདོད་པ་ཁེངས་པའི་མཇུག་ཏུ་བཙན་བྱོལ་བ་མི་གཅིག་མེད་ཀྱང་བོད་དོན་རྙོག་དྲ་ཡོད་མུས་ཡིན་པ་ལས། རྙོག་དྲ་མེད་པ་མིན་ཞེས་བཤད་པ་ཡིན།
མི་འགའ་ཤས་ནས་བོད་ནང་ལ་གནས་ཚུལ་སྤྱིར་བཏང་ཆགས་ཏེ་རྙོག་དྲ་གང་ཡང་མེད་པ་དང་། རྙོག་དྲ་ལྷགས་པ་དེ་བཙན་བྱོལ་བ་དང་། ཡང་སྒོས་ལྷག་པར་ཅན་དུ་ཏཱ་ལའི་བླ་མ་མིའི་ལུང་པར་གྱར་ནས་བསྡད་པ་དེས་བོད་དོན་རྙོག་དྲ་ལྷགས་པ་རེད། ད་ཆ་༸རྒྱལ་བ་རིན་པོ་ཆེ་བོད་ལ་ལོག་ན་རྙོག་དྲ་ཞིག་ཚར་བ་རེད་ཅེས་བརྗོད་ཀྱི་འདུག དེ་ནི་དངོས་ཡོད་གནས་ཚུལ་རྩ་བ་ནས་མ་ཤེས་པའམ། ཡང་ན་ཤེས་བཞིན་ཁྱད་གསོད་བྱས་པའི་སྐད་ཆ་རེད། ང་ཚོས་བོད་མི་ས་ཡ་དྲུག་གི་བདེ་བ་སྡུག་བསྔལ་ལ་ཐུག་སྟེ་སྐད་ཆ་བཤད་པ་དེ་མཐར་གཏུགས་ན་༸རྒྱལ་བ་རིན་པོ་ཆེ་མི་གཅིག་གི་ཁེ་ཕན་ལ་ཐུག་པ་ལྟ་བུ་དང་། དེ་ཡང་སྤྱི་ཚོགས་རྙིང་པའི་ཐོབ་ཐང་འདོད་མཁན། རུལ་པ། རྙིང་ཞེན། རང་དོན་མ་གཏོགས་བསམ་རྒྱུ་མེད་མཁན། དུས་རབས་བརྒྱ་ཕྲག་མང་པོ་རྗེས་ལུས་ཐེབས་པའི་དུས་ཚོད་འདི་འདྲ་ཞིག་གི་ནང་ད་དུང་ཀླད་པ་རྙིང་པ་འཁྱེར་མཁན་ཞིག་ལ་ཐུག་པ་ལྟ་བུའི་སྐད་ཆ་ཡོང་སྟངས་འདི་དག་ཤིན་ཏུ་སྡུག་ཅག་རེད། འདི་དག་ནི་དགོས་དབང་དང་། བསམ་གནག་གི་ཐོག་ནས་བཤད་པའི་སྐད་ཆ་རེད།
ང་ཚོ་བོད་པའི་རྙོག་དྲ་འདི་ཆེ་རུང་། ཆུང་རུང་། མང་རུང་། ཉུང་རུང་། སྲོག་ཡོད་པའི་བོད་མི་ས་ཡ་དྲུག་གི་རྙོག་དྲ་རེད། དེ་དག་མང་ཆེ་བའི་འདོད་པ་ཚིམ་པ་ཞིག་དང་། གྲོད་ཁོག་ཁེངས་པ་ཞིག་བྱུང་ན་འགྲིགས་པ་རེད། དེ་དག་གྲོད་ཁོག་ཁེངས་པ་དང་། འདོད་པ་ཚིམ་པ་ཞིག་མ་བྱུང་ན་འགྲིགས་ཐབས་མེད་ཅེས་ངས་ཤོད་ཀྱི་ཡོད་ལ། ཡིན་ཡང་འདི་རང་ཡིན། བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་དེ་དག་འདོད་པ་ཁེངས་པ་ཞིག་ཆགས་ན་བཙན་བྱོལ་བ་དེ་དག་གི་ནང་ནས་ཁ་ཤས་ལོག་འགྲོ་གི་རེད། ཁ་ཤས་ནི་རྒྱ་མིར་ད་དུང་ཞེད་སྣང་བྱས་ཏེ་མི་ལོག་མཁན་ཡོང་སྲིད་ཅིང་། ངོས་རང་ལ་ཆ་བཞག་ན་ང་རང་གི་འདོད་པ་རེད། དེ་འདྲ་ཞིང་མ་བྱུང་བར་སོ་སོའི་མི་ཚེ་མིའི་ལུང་པར་སྐྱེལ་དགོས་ཀྱི་ཡོད་ན་ཡང་། དེ་ལ་རྒྱུ་མཚན་ཞིག་དང་གཞི་རྩ་ཞིག་ཡོད་པ་ལས། རང་བཞིན་ཅོལ་ཆུང་བྱས་ཏེ་བསྡད་པ་མ་རེད།
ང་ཚོ་བོད་ནས་བྲོས་ཡོང་བའི་ཉིན་མོ་དེར་བོད་སྤྱི་པའི་དོན་དག་ལ་བསམ་བློ་བཏང་ནས་བྲོས་ཡོང་བ་རེད། མིའི་ལུང་པར་སླེབས་ནས་ད་ལྟ་བར་དུ་ང་ཚོ་རང་བཙན་དང་རང་བཙན་ཟེར་བ་འདི་ཡང་སོ་སོའི་ལུང་པ་དྲན་ནས་བཤད་པ་མིན་པར་རྒྱ་ཆེའི་མི་མང་གི་བདེ་བ་སྡུག་བསྔལ་གྱི་དོན་དག་ལ་ཐུག་ནས་ཤོད་ཀྱི་ཡོད། བོད་པའི་རྙོག་དྲ་དེ་༸རྒྱལ་བ་རིན་པོ་ཆེ་ལོག་མིན་ལ་ཐུག་པ་མ་རེད། ངོས་རང་ལོག་མིན་ཟེར་བ་དེ་ལས་སླ་པོ་དང་སྟབས་བདེ་པོ་རེད་ཅེས་ཤོད་ཀྱི་ཡོད། ཇི་སྲིད་བོད་ནང་ལ་ཡོད་པའི་རྒྱ་ཆེའི་མི་མང་རྣམས་འདོད་པ་ཁེངས་པ་བྱུང་ན་ང་མི་གཅིག་ལ་འདོད་པ་ཁེངས་མ་ཁེངས་གང་ཞིག་ཡོད། ངས་༸རྒྱལ་བ་རིན་པོ་ཆེའི་ཐོབ་ཐང་རྩོད་ཀྱི་ནི་མེད། ལོ་ཉི་ཤུ་རྩ་ལྔར་མ་སླེབས་བར་དུ་ཐོབ་ཐང་བེད་སྤྱོད་བྱ་རྒྱུ་བྱུང་བས། ང་གྲོད་ཁོག་དེ་གས་རྒྱགས་སོང་། ད་ནི་བསྐྱར་དུ་ཐོབ་ཐང་རྩོད་འདོད་ནམ་ཡང་མེད། རྒྱ་སེའི་སྟོད་འགག་གྱོན་པ་ཡིན། རྒྱ་སེའི་ལྷམ་ཡང་གྱོན་པ་ཡིན། ཕྱོགས་གཅིག་ནས་བལྟས་ན་བླ་མ་ཆེན་པོ་ཡིན་པ་རེད། ཕྱོགས་གཅིག་ནས་བལྟས་ནས་གསེར་གྱི་རླུང་ཙིའི་ནང་བླུག་བཞག་ཡོད། ཐོབ་ཐང་ཡག་པོ་ཡིན་ན་ཡང་གསེར་གྱི་རླུང་ཙི་རེད། སྡུག་པོ་ཡིན་ཡང་གསེར་གྱི་རླུང་ཙི་རེད། བེད་སྤྱོད་བྱས་པ་ཡིན། གྲོད་ཁོག་ཀྱང་རྒྱགས་སོང་། ད་ཆ་ང་ལ་དགོས་འདོད་གང་ཡང་མེད།
ང་སྒེར་གྱི་ཆ་ནས་དགེ་སློང་ཞིག་ཡིན། ལོ་བཞི་བཅུ་ཞེ་གྲངས་ཕྱིན་ཚར་སོང་། ལོ་ལྷག་མ་བསྡད་པ་དེ་ཁ་ཁུ་སིམ་པོའི་ངང་ཆོས་བྱས། མི་ཚེ་བཟང་པོ་ཞིག་ལ་སྐྱེལ་རྒྱུ་བྱུང་ན་བསམ་པ་ཡིན། ཚེ་གཅིག་ལ་ཟུང་འཇུག་གི་གོ་འཕང་རྙེད་ཐུབ་པ་མ་བྱུང་ན་ཡང་། ཚེ་འདིར་ལམ་སྣེ་ཟིན་པ་ཞིག་བྱེད་ཐུབ་ན་བསམ་པ་སྔོན་མ་ནས་ཡོད། ད་ཆ་ཆོས་ཉམས་ལེན་ཤུགས་ཆེན་པོ་ཞིག་བྱེད་སར་སླེབས་དུས་ན་ཚོད་སླེབས་ཡོང་གི་ཡོད། སྤྱི་ཚོགས་ཁྲོད་དུ་ལས་ཀ་བྱེད་སར་སླེབས་དུས་ཆགས་སྡང་བྱེད་དགོས་ཀྱི་འདུག མི་ཁ་ཤས་ལ་ཡག་འདུག་ཟེར་བ་དང་། མི་ཁ་ཤས་ལ་སྡུག་འདུག་ཅེས་བརྗོད་ཀྱི་འདུག དེ་ལྟར་བརྗོད་དགོས་དོན་ནི་བོད་སྤྱི་པའི་དོན་དག་ཡིན་པ་ལས། ང་མི་སྒེར་གྱི་དོན་དག་མིན། ཡག་ཉེས་ངའི་ཁ་ནས་ཤོད་དགོས་སྟབས། སེམས་ནང་ཆགས་སྡང་གི་བློ་ཞིག་སྐྱེ་གི་ཡོད། དོན་དུ་ང་རང་སྒེར་གྱི་ཉམས་ལེན་བྱེད་རྒྱུར་གནོད་ཀྱི་འདུག ཡིན་ན་ཡང་བྱ་ཐབས་གང་ཡང་མི་འདུག གཞན་ཕན་གྱི་བྱ་བ་ནི་ཆོས་ཡིན་པ་དང་། ཆོས་ཀྱི་སྙིང་པོ་གཞན་ཕན་སྒྲུབ་རྒྱུ་དེ་རེད། ཆོས་བཤད་དེ་གཞན་ཕན་སྒྲུབ་ན་ཡང་གཞན་ཕན་རེད། འཇིག་རྟེན་གྱི་བྱ་བའམ། སྲིད་ལུགས་ཀྱི་བྱ་བ་བྱས་ཏེ་གཞན་ཕན་བྱས་ན་ཡང་གཞན་ཕན་རེད། ཁྱད་པར་མི་འདུག་བསམ་སྟེ་བསྡད་ཡོད་པ་ལས། ང་རང་དགེ་སློང་ཆོས་པ་ཞིག་ཡིན་པའི་ཆ་ནས་ངས་སྲིད་ཀྱི་ལས་ཀ་བྱ་རྒྱུ་འདིས་རང་གི་བསམ་བློ་ཡར་རྒྱས་གཏོང་རྒྱུར་གནོད་ཡོང་གི་འདུག དཀའ་ངལ་འདུག ང་སྒེར་གྱི་འདོད་པ་དེ་རེད།
ད་ལྟ་བརྗོད་པ་བཞིན་སྒེར་གྱི་སྔོན་མའི་ཐོབ་ཐང་གི་རེ་འདོད་ནི་བསམ་བློའི་གོ་ཡུལ་ལ་མེད་ལ། ངོས་ཀྱི་རྨི་ལམ་ལ་མེད། འོན་ཀྱང་མིས་བེད་སྤྱོད་དེ་འདྲ་བྱས་ཏེ་༸རྒྱལ་བ་རིན་པོ་ཆེ་ལོག་མ་ལོག་ལ་ཐུག་པ་ལྟ་བུ་དང་། ༸རྒྱལ་བ་རིན་པོ་ཆེ་ལོག་མ་ལོག་ཟེར་བ་དེ་ཡང་རྒྱལ་བ་རིན་པོ་ཆེའི་སྔར་གྱི་ཐོབ་ཐང་ཡོད་མེད་ལ་ཐུག་པ་ལྟ་བུ་བཤད་ཡོང་གི་ཡོད། ང་ཚོའི་མི་ས་ཡ་དྲུག་གི་བདེ་བ་སྡུག་བསྔལ་ལ་ཐུག་པའི་དོན་དག་ཆེན་པོ་དེ་མི་གཅིག་ལ་ཐུག་པ་ལྟ་བུ་བཟོས་ན་གང་བྱས་སོང་ངམ། ཡག་པོ་མི་འདུག དེ་འདྲ་ཡོང་གི་འདུག
དེང་སང་རྒྱ་མིའི་སྲིད་བྱུས་ཕྲན་བུ་ཞི་འཇམ་ལྟ་བུར་འགྱུར་བ་འགྲོ་གི་ཡོད་པ་དེ་ཐག་རིང་ཐུང་ཇི་ཙམ་འགྲོ་གྲབས་ཡོད་མེད་ཚོད་མི་ཐིག་ཅིང་། བོད་མི་མང་གི་བསམ་བློའི་འཁྱེར་སོར་བཞིགས་པས་ང་ཚོ་ལས་ཀ་བྱེད་སྟངས་ལ་བསམ་བློ་གཏོང་དགོས། ང་རང་ཚོ་གནས་ཚུལ་མང་པོར་སྤྱང་པོ་དང་གྲུང་པོའི་ཐོག་ནས་བརྟག་དཔྱད་དང་དོ་སྣང་ཆེན་པོ་བྱེད་དགོས། སྐད་ཆ་མང་པོ་ཤོད་མི་དགོས་པ་བྱས་ན་ལེགས་པ་མེད་དམ་སྙམ། དེང་སང་གསར་འགོད་པ་ཁ་ཤས་ལ་གཡོལ་དགོས་ཀྱི་འདུག ཁོ་རང་ཤེས་འདོད་ཡོད་པ་ཞིག་དང་། གསར་འགྱུར་ཛ་དྲག་ཅིག་བཀོད་སྙིང་འདོད་ནས་དྲི་བ་ཁྱད་མཚར་དེ་འདྲ་དྲིས། དེར་ལན་མ་བརྒྱབ་པའི་སྐབས་ལ་རླུང་སྟོན་མཁན་དེ་འདྲ་ཡོང་གི་འདུག
ཡང་འགའ་ཤས་ཉན་ཤེས་གོ་ཤེས་ཡོད་མཁན་རིགས་ལ་ལྷོད་ལྷོད་བྱས་ཏེ་བརྗོད་ཀྱི་ཡོད། དེང་སང་དུས་ཚོད་འགྱུར་བ་འགྲོ་བའི་སྐབས་ལ་སྐད་ཆ་གསལ་པོ་བྱས་ཏེ་བརྗོད་ན་ཕན་ཐོགས་ཡོད་པ་དང་། དོན་དག་ཁ་ཤས་གསལ་པོ་མ་བརྗོད་པར་བཞག་ན་ལེགས་ཞེས་བརྗོད་རྒྱུ་བྱུང་།

ཉ༽ གཞོན་ནུའི་གལ་གནད་དང་། རྒན་རྗེས་གཞོན་མཐུད།

གཙོ་ཆེ་ཤོས་ནི་བོད་ནང་གི་བདེ་སྐྱིད་རེད། བདེ་སྐྱིད་དེ་ལ་གཞིགས་པས་ང་ཚོས་བསམ་བློ་བཏང་། ལས་ཀ་བྱེད་དགོས་པར་བརྟེན། ད་ལྟའི་དུས་ཚོད་འདི་འདྲའི་སྐབས་ལ་ང་རང་ཚོ་ནང་ཁུལ་སྒྲིག་འཛུགས་གལ་ཆེན་པོ་འདུག དཔེར་ན། གཞོན་ནུ་ཚོགས་པའི་སྒྲིག་འཛུགས་ལྟ་བུ་རྩ་བ་དང་ཡན་ལག ཉིང་ལག་བཞིན་དུ་འབྲེལ་བ་དམ་པོ་དང་། སངས་པོ། སྒྲིག་ཁྲིམས་ཡོད་པ། ནང་ཁུལ་སྐད་ཆ་མང་པོ་མ་ལྷགས་པ། བསམ་ཚུལ་རྡོག་ལ་འགྲིལ་པོ། ཡང་ཞེ་ལྷོད་དུ་ཡེངས་ནས་བསྡད་པ་མིན་པར་གནས་ཚུལ་ཚང་མར་དོ་སྣང་ཡོད་པ། ཚང་མ་ཤེས་ཐུབ་པ། གང་བྱེད་དགོས་བྱུང་ཡང་ཨང་གསར་ཡོད་པ་ཞིག་དགོས། དུས་ཚོད་སྨིན་པ་དང་། སྲིད་བྱུས་གཏན་འབེབས་བྱུང་བའི་སྐབས་སུ་དེ་ཐོག་བཤར་བསྐྱོད་འགྲོ་ཐུབ་པ་ཞིག་བྱེད་དགོས། གཞོན་ནུ་ཚོ་གལ་ཆེན་པོ་རེད།
དེ་མིན་དམིགས་བསལ་ཤོད་རྒྱུ་མེད། ཤོད་རྒྱུ་ད་ལྟ་ཕན་ལ་མང་པོ་བཤད་པ་རེད། ད་ལྟ་ནས་བརྩིས་པའི་ལོ་ ༡༨-༡༩ གོང་ལ་ཁྱེད་རང་ཚོ་ཆུང་ཆུང་རེད། ད་ཆ་ཁྱེད་རང་ཚོ་བསམ་བློ་འཁོར་མཁན་དང་། ཤོད་ཐུབ་མཁན། མི་གོ་གཅོད་རྒྱུའི་མཚམས་ལ་སླེབས་ཡོང་གི་ཡོད། ཁྱེད་རང་ཚོ་མི་གོ་གཅོད་མཚམས་སུ་མ་སླེབས་བར་དུ་བྱས་རྗེས་ཡོད་མེད་ཇི་ལྟར་ཡང་། ད་ཆ་ང་ཚོའི་མི་ཐོག་འདི་རྫོགས་འགྲོ་གི་མེད་དམ་བསམ་གྱི་འདུག གྲིའི་རྣོ་ལྟ་བུ་གང་འཚམ་རྫོགས་འགྲོ་གི་ཡོད་། ཡིན་ན་ཡང་རྣོ་རྫོགས་འགྲོ་གི་འདུག་ཅེས་ལམ་འཕྲལ་བཞག་པས་ལ་དག་ཐབས་དང་། འགྲིག་གི་མ་རེད།
ད་ཆ་ཁྱེད་རང་ཚོ་གཞོན་སྐྱེས་འཚར་ལོངས་ཡོང་མཁན་ཚོས་རིམ་པས་ལས་འགན་འཁྱེར་ཏེ་ལྷིང་པོ་བྱེད་དགོས། དོན་ཐོག་ལ་འཁྱོལ་བའི་ཐོག་ནས་ག་ལེར་མཐུད་རྒྱག་ཐུབ་པའི་བསམ་བློ་གཏོང་དགོས། ང་ཚོའི་རེ་བ་ཡང་དེ་རེད། ཡག་པོ་ཡོང་གི་རེད་བསམ་པ་དྲན་གྱི་འདུག རྒན་པ་དང་གཞོན་པའི་བར་རྙོག་དྲ་ཡོང་གྲབས་བྱེད་ཀྱི་ཡོད་པ་འདི་སྤྱིར་བཏང་ཆོས་ཉིད་རེད། ཉིན་གཅིག་ལ་རྒན་པ་གཅིག་ཀྱང་མེད་པར། གཞོན་པས་ཆ་ཚང་བྱེད་ཐུབ་པ་དེ་ཡང་ཡོང་ཐབས་མེད། མེ་ཏོག་ལྡུམ་རའི་ནང་ལོ་ཁོར་མོ་ཡུག་ཏུ་མེ་ཏོག་དགོས་ཀྱི་ཡོད་པས། མེ་ཏོག་རྙིང་པ་རྣམས་འཐོག་བཞིན་དུ་གསར་པ་འཛུགས་ཀྱིན་བྱས་ཏེ་གང་ལྟར་ལྡུམ་ར་དེའི་ནང་མེ་ཏོག་རྒྱུན་མ་ཆད་པ་ཡོང་ཐབས་བྱེད་དགོས། མེ་ཏོག་རྙིང་པ་དེ་དག་བསྡེབས་གཅིག་ལ་བཅད། མེ་ཏོག་གསར་པ་དེ་དག་མ་ལོངས་པར་ཟླ་བ་ཁ་ཤས་རིང་མེ་ཏོག་གཏན་ནས་མེད་པ་བྱས་ཏེ་སྡོད་དགོས་བྱུང་ན་ཡང་དགོས་པ་མེད།
དེ་བཞིན་དུ་ང་ཚོ་བོད་པའི་སྤྱི་ཚོགས་ནང་སྒྲིག་འཛུགས་ཀྱི་ལས་ཀ་བྱེད་མཁན་རྒན་པ་རྫོགས་ཀྱིན་རྫོགས་ཀྱིན་གཞོན་པས་མཐུད་ཀ་རྒྱག་གིན་རྒྱག་གིན་བྱས་ཏེ་འགྲོ་རྒྱུ་རེད་མ་གཏོགས། ང་ཚོ་གསར་བརྗེ་བྱེད་དགོས་ཀྱི་འདུག་ཅེས་ཉི་མ་གཅིག་ལ་བསྒྱུར་བཅོས་གཏོང་དགོས་དོན་མེད། ད་ལྟ་ངས་སྲིད་བྱུས་དེ་འདྲ་ཞིག་འཛིན་གྱི་ཡོད། ཁྱེད་རང་གཞོན་སྐྱེས་ཚོར་འགན་བསྐུར་གྱི་མི་འདུག ཆ་བཞག་གི་མི་འདུག་བསམི་དགོས་དོན་མེད། གཞོན་སྐྱེས་ཁ་ཤས་ཁ་སྤུ་གསོག་གི་འདུག ཁ་སྤུ་བསགས་ཏེ་རྒན་པའི་རྒན་ཚུགས་མ་བྱས་ན་མིས་སློབ་ཕྲུག་གི་མཐོང་མ་གཏོགས་ཆ་འཇོག་བྱེད་ཀྱི་མི་འདུག་ཅེས་ཟེར་མཁན་འདུག དེ་ཡང་བདེན་པ་རེད།
གང་ལྟར་ཡང་སྙིང་རྒན་བརྫུ་བྱེད་དགོས་པ་ཞིག་དངོས་ཡོད་གནས་ཚུལ་ཆགས་ཡོང་གི་རེད། མིའི་སྤྱི་ཚོགས་ནང་ལས་ཀ་བྱེད་པ་དང་། ལྷག་དོན་ང་ཚོས་འཇོན་རུང་མ་འཇོན་རུང་། བཙན་བྱོལ་བོད་གཞུང་གི་མིང་བཏགས་ཡོད་སྟབས་ཕྲུ་གུའི་རྣམ་འགྱུར་མ་ཡོལ་གོང་དུ་བཀའ་བློན་ཡིན། ཡས་ཡིན། མས་ཡིན་བྱས་ན་འདྲ་ཆགས་པོ་གང་ཡང་མི་འདུག རིམ་པས་རིམ་པས་མཐུད་བརྒྱབ་སྟེ་སླེབས་ཡོང་གི་རེད། བསྒྱུར་བཅོས་འགྲོ་གི་རེད། གནས་ཚུལ་དེ་འདྲ་རེད།
ཡང་ཁྱེད་རང་ཚོས་ཀྱང་བཟོད་སྒོམ་བྱེད་དགོས། ང་ཚོས་འཐུས་ཤོར་དང་། སྲིད་དོན་རས་སུ་བོར་བ་ཞིག་བྱེད་ཀྱི་ཡོད་ན་ལ་དག་གི་མ་རེད། དེ་འདྲ་ནི་མ་རེད། གང་ཡོང་ཅི་ཡོང་བྱེད་ཀྱི་ཡོད། ག་ལེར་ག་ལེར་སོ་སོའི་སྒང་ལ་འགན་སླེབས་ཡོང་གི་རེད། དེ་དུས་འགན་དེ་ཐེག་པ་ཞིག་བྱེད་དགོས། ཁ་ནས་སྟོང་བཤད་སྦར་བ་གང་། ལག་ལེན་གྱི་ཐོག་ནས་ཐུག་པ་ལུང་པ་གང་བསྐོལ་ན་དེ་ལ་དགའ་གི་མི་འདུག བར་ལམ་དེ་འདྲ་ཡོང་གྲབས་བྱེད་ཀྱི་འདུག

ཏ༽ སྒྲིག་འཛུགས་ཀྱི་གལ་གནད་དང་། དཀྲོག་གཏམ་གྱི་སྐུ་ངལ།

ང་ཚོར་ད་ལྟ་བོད་གཞུང་གི་སྒྲིག་འཛུགས་ཤིག་ཡོད། ལས་ཀ་བྱེད་མཁན་མི་རེ་ངོ་རེའི་ཆ་ནས་དགེ་འདོན་སྐྱོན་སེལ་བཤད་ས་དེར་བཤད། ཐབས་ལམ་ཡང་དག་པ་མིག་ཁ་ཕྱེ་བ་ནང་བཞིན་ཞིག་བསྟན་ཏེ་གོ་བསྡུར་བྱས། མཉམ་རུབ་བྱས་ན་ཡག་པོ་རེད། དེ་ལྟར་མེད་པར་མི་མང་གི་ཁྲོད་དུ་གཏམ་འཆལ་གཡུགས་ཏེ་བོད་གཞུང་གིས་བྱེད་ཀྱི་མི་འདུག ལོ་བཅོ་བརྒྱད་རིང་ལ་གང་ཡང་བྱས་ཡོད་པ་མ་རེད་ཅེས་བརྗོད་ན་མི་འགྲིགས། བྱེད་ཐུབ་ཀྱི་ཡོད་པ་མ་རེད། འགྲུབ་ཀྱི་ཡོད་པ་མ་རེད་ཅེས་བརྗོད་ན་བདེན་པ་རེད། ངའི་ཁ་ནས་ད་ལྟ་བར་དུ་བྱས་པ་འདི་ལས་ལྷག་པ་བྱེད་དགོས་མེད་ཅེས་ནམ་ཡང་བཤད་མ་མྱོང་། འགྲུབ་ཀྱི་མི་འདུག ཐུབ་ཀྱི་མི་འདུག་བསམ་སྟེ་བསྡད་ཡོད། བྱས་ཡོད་པ་མ་རེད་ཅེས་བརྗོད་ན་ནོར་འཁྲུལ་དང་ཧམ་པ་རེད། སྐྱག་རྫུན་བཤད་ན་དགོས་པ་གང་ཡང་མེད།
ད་ལྟ་ང་རང་ཚོར་བོད་གཞུང་གི་སྒྲིག་འཛུགས་ཡོད་པ་འདི་རྩ་བ་ཆེན་པོ་རེད། ཁལ་བསྐུར་སའི་དྲེལ་ལེགས་པོ་ཞིག་བྱུང་ན་དགོས་པ་རེད། འོན་ཀྱང་ཐ་མ་དྲེལ་མ་བྱུང་ན་བོང་བུ་ཆད་ལ་ཁད་ཅིག་ཡོད་པ་དེ་དྲིན་ཆེན་པོ་རེད། བོང་བུ་དེ་མ་འགྱེལ་བ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་ལས། དྲེལ་རག་གི་མི་འདུག་ཅེས་བོང་བུ་དེ་མེད་པ་བཟོས་ན་གང་ཞིག་ཡོང་བ་འདུག་གམ། དེ་ལྟར་ཡིན་མིན་བསམ་བློ་ཞིག་ཐོངས་དང་། དངོས་གནས་དྲང་གནས་ཁ་ཐབས་དང་། ཤེས་ཡོན་འཇོན་ཐང་གི་ཐོག་ནས་ང་ལ་ཆ་བཞག་ན། དེང་དུས་དང་མཐུན་པའི་ཤེས་ཡོན་གང་ཡང་བསླབས་མེད།
མདོར་ན་ངས་དབྱིན་ཇི་མགོ་འདྲོངས་པ་ཞིག་ཀྱང་ཤེས་ཀྱི་མེད། སྤྱིར་བཏང་ཤེས་ཡོན་ཡང་གང་ཡང་ཤེས་ཀྱི་མེད། རྒྱ་མི་དང་མཉམ་དུ་ལོ་དགུ་ཙམ་ཞིག་བསྡད་པ་དང་། དེ་ནས་མིའི་ལུང་པར་གྱར་ཏེ་ཉམས་མྱོང་ཕྲན་བུ་བསགས་པ་དེ་འདྲ་ཞིག་རང་རེད། བོད་ཀྱི་དུས་ཚོད་གཉན་འཕྲང་གལ་ཆེན་པོ་འདི་འདྲ་ཞིག་ལ་འགོ་ཁྲིད་མཁན་མི་ཁ་ཐབས་འདི་འདྲ་ཞིག་མ་གཏོགས་ཡོད་པ་མ་རེད། འཇོན་གྱི་མེད་པ་ང་རང་གིས་ཤེས་ཀྱི་འདུག ཡིན་ན་ཡང་ང་ཚོ་ཕར་བཞག་ནས་འདི་ལས་ལྷག་པ་ཞིག་བཙལ་ན་དེ་ཡང་རྙེད་ཀྱི་མེད། འཇོན་གྱི་མི་འདུག་ཀྱང་མེད་པ་ལས་དྲག་པ་ཆགས་བསྡད་ཡོད། ད་དུང་དེའི་ནུས་པ་གོང་མཐོར་གཏོང་ཐབས་དང་། ཚད་ལོངས་པ་ཞིག་བཟོ་རྒྱུའི་ཐབས་ཤེས་བྱེད་དགོས་པ་ལས། དེ་ལ་འཕྱ་དམོད་བྱེད་པ་དང་། ལག་པ་འཕྱིས་ས་ལྟ་བུ་བྱས་ན་དེ་ཡང་གད་མོ་ཤོར་གྱི་འདུག
བར་ལམ་དེ་འདྲ་ཁ་ཤས་བྱུང་། བོད་གཞུང་གི་འགྲིག་གི་མི་འདུག་ཅེས་མི་མང་གི་ཁྲོད་དུ་དཀྲོག་གཏམ་དཀྲུག་ཤིང་རྒྱག་མཁན་དེ་དག་ཐབས་སྐྱོ་པོ་འདུག གནས་ཚུལ་དེ་ཚོའི་གྲས་ཐེངས་མ་གཅིག་མིན་པར་གནས་ཚུལ་ཐེངས་མ་གསུམ་ཙམ་བྱུང་བ་རེད། ངས་རྟག་ཏུ་བཤད་དང་ཤོད་མུས་ལྟར། བསམ་འཆར་ཨ་རུ་ཐེར་འདོན་བྱས་ནས་ཤོད་རྒྱུ་ཡོད་ན་དགའ་བསུ་ཞུ་རྒྱུ་ཡིན། སྤྱི་སྤོམ་གྱི་ཐོག་ནས་བཀའ་ཤག་གིས་འགྲིག་གི་མི་འདུག བོད་གཞུང་གིས་འགྲིག་གི་མི་འདུག་ཅེས་བརྗོད་ན། དེ་ནི་རང་གིས་རང་ལ་བྱིན་གྱིས་བརླབས་ཟེར་བ་དེ་ཡིན་པས་ཡག་པོ་མི་འདུག འགྲིག་གི་མི་འདུག་ཅེས་དངོས་དང་བརྒྱུད་པའི་ཐོག་ནས་གནས་ཚུལ་གསལ་བཤད་གོ་བརྡ་སྔ་རྗེས་སྤྲོད་རྒྱུ་བྱུང་ཡང་། དེ་དག་ལ་དམིགས་བསལ་གྱི་ནུས་པ་མ་ཐོན་པ་ལྟ་བུ་ཞིག་རེད། གནས་ཚུལ་ཆ་ཚང་ཤེས་བཞིན་དུ་དེ་འདྲ་བྱས་ན་ཤེས་བཞིན་ཁྱད་གསོད་ཟེར་བ་དེ་རེད།
ཡང་ན་ངས་བཤད་པ་ཞིག་ལ་རྒྱུ་མཚན་གྱི་ཐོག་ནས་འགྲིག་གི་མི་འདུག་ཅེས་བརྗོད་ན་ང་ཡིན་ནའང་བསམ་བློ་གཏོང་གི་རེད། བསམ་བློ་བཏང་བའི་རྗེས་ལ་སྒྱུར་བཅོས་བཏང་ཆོག་གི་རེད། ནོར་འཁྲུལ་ངོས་ལེན་བྱས་པ་ལ་སྐྱོན་གང་ཡང་མེད། དྲང་པོ་ཞིག་ཡིན་ན་དགྲ་བོས་བཤད་ཀྱང་བརྩི་འཇོག་བྱེད་དགོས་པ་དང་། ནོར་འཁྲུལ་ཞིག་ཡིན་ན་སོ་སོས་བཤད་ནའང་ངོས་ལེན་བྱེད་དགོས་ཀྱི་རེད། ཡིན་ཡང་དེ་འདྲ་གང་ཡང་མེད་པར་ལས་འགན་བསྐུར་བའི་སྐབས་ལ་ཡག་པོ་སྒྲུབ་མ་ཐུབ། སྐད་ཆ་སྟོང་བཤད། ས་བཞག་མེ་འབར་འདྲ་པོ་བྱས་ན་ཐབས་སྐྱོ་པོ་རེད། བར་ལམ་དེ་འདྲ་ཡོང་གྲབས་བྱས་བྱུང་། མ་གཞི་ཁྱེད་རང་ཚོ་ཚང་མས་གནས་ཚུལ་གསལ་པོ་ཤེས་གསལ་རེད། ཚང་མས་གཟབ་གཟབ་བྱེད་དགོས། ཤེས་སོང་ངམ།
ངས་གསུང་བཤད་དང་། བཀའ་སློབ་གནང་ཞེས་ང་ལ་ཤོད་རྒྱུ་གང་ཡང་མེད། ད་ཕན་མང་པོ་བཤད་ཟིན་པ་རེད། ད་ཁྱེད་རང་ཚོས་གང་ཡོང་ཅི་ཡོང་ཧུར་ཐག་བྱེད་རོགས་ཞེས་བརྗོད་རྒྱུ་ལས། གཞན་དག་ཞུ་རྒྱུ་གང་ཡང་མེད། ཧུར་ཐག་བྱེད་རོགས། ངོ་ལྐོག་མེད་པ་བྱེད་རོགས། སྐྱག་རྫུན་བཤད། ངོ་ལྐོག་བྱས་ན་ང་རང་ཡང་མགོ་སྦོས་ཡོང་གི་འདུག གདོང་ཐུག་སྟེ་སྐད་ཆ་ཤོད་དུས་མི་དེ་སེམས་ཤུགས་ཆེ་བ་ལ། དེ་ལྷག་བསམ་དག་མདོག་ལ་བསམ་པ་གཅིག རྒྱབ་སློག་པ་དང་འདྲ་མིན་ཆགས་ཡོང་དུས་གང་འདྲ་ཡིན་ནམ་བསམ་སྟེ་དངོས་གནས་མགོ་སྦོས་པ་དང་། སེམས་ཤུགས་ཆག་པ་དེ་འདྲ་ཡོང་གི་འདུག ངོ་ལྐོག་བྱ་རྒྱུ་མེད། བསྲེག་བཏུབ་འཕེར་བ་ཞིག་བྱེད་དགོས།
སྐད་ཆ་དྲི་རྒྱུ་ཡོད་ན་དྲིས་ཤོག དགའ་པོ་བྱུང་། ཁྱེད་རང་ཚོ་གལ་ཆེན་པོར་བརྩིས་ཏེ་འདིར་ཡོང་བ་རེད། ངས་གོང་དུ་བརྗོད་པ་བཞིན་དུ་ཁྱེད་རང་ཚོ་རང་རང་སོ་སོར་ལས་འགན་འཁྲི་བ་དེ་ཡག་པོ་སྒྲུབ་དགོས། མདུན་དེར་འདྲ་ཆགས་པོ་བཤད། ཆེ་ས་གཅིག་ནས་མང་པོ་ཞིག་བྱ་རྒྱུ་ཡོད་པ་ལྟ་བུ་བྱས་ཏེ་དེས་བྱེད་ཀྱི་མི་འདུག་ཅེས་སྐད་ལུང་པ་གང་བརྒྱབ། འགྲུབ་རྒྱུ་ཡོད་པ་དང་། གོམ་པ་རིམ་བགྲོད་བྱེད་དགོས་པ་དེ་འཐུས་ཤོར་བཏང་ན་གད་མོ་ཤོར་རྒྱུ་རེད། དེ་འདྲ་མ་སོང་བ་བྱེད་དགོས།
ཡང་གནས་ཚུལ་འགྱུར་བ་ཕྱིན་ཏེ་སོ་སོར་བསམ་ཚུལ་དེ་འདྲ་ཡོང་གི་འདུག་ན། ཁྱེད་རང་ཚོར་གཞོན་ནུའི་རྒྱུན་ལས་རྟག་ཏུ་ཡོད་མུས་ལ་བསམ་འཆར་བཤད། ཡང་བསམ་འཆར་ང་ཚོར་ཐད་ཀར་བཤད་ཀྱང་འགྲིག་གི་རེད། དངོས་ཡོད་གནས་ཚུལ་ལ་གཞིགས་པས་བསམ་འཆར་གང་ཤོད་རྒྱུ་ཡོད་ཀྱང་གསལ་པོ་བཤད་དགོས། དགའ་བསུ་ཡོད། ཧུར་ཐག་གྱིས། ཚང་མར་བཀྲ་ཤིས་བདེ་ལེགས་ཡོད། ཅེས་བཀའ་སློབ་སྩལ།། །།