༄༅། །ཕྱི་ལོ་ ༡༩༧༤ ཟླ་ ༡༠ ཚེས་ ༡༡ ཉིན་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་གཉིས་པའི་སྐབས་ཀྱི་དབུས་རྒྱུན་ལས་དང་། ས་གནས་ཁག་གི་ཚོགས་གཙོ་བཅས་ཚོགས་མི་ཧྲག་བསྡུས་རྣམས་ལ་བསྐྱར་དུ་མཇལ་བཅར་སྐབས་སྩལ་བའི་བཀའ་སློབ།

ཀ༽ རང་བཙན་སྒྲུབ་སྐབས་དང་། ཐོབ་རྗེས་ཀྱི་ལམ་ཕྱོགས།

དེ་རིང་ང་ཚོ་ཚོགས་མི་ཧྲུག་བསྡུས་ཤིག་བྱས་ཏེ་ཐུག་ན་བསམ་པ་བྱུང༌། རྩ་བ་ཁ་སང་སྐད་ཆ་བྱུང་བ་བཞིན་གཞོན་ནུ་རྣམས་མ་འོངས་པའི་མི་རབས་ཡར་མཐུད་མཁན་གྱི་གལ་གནད་ཆེན་པོ་ཞིག་ཆགས་ཀྱི་ཡོད། མ་གཞི་མི་སྒེར་སོ་སོར་བསྡད་པ་དེ་མ་འགྲིགས་པ་མེད་ཀྱང༌། ཚོགས་པའམ་སྒྲིག་འཛུགས་ཤིག་ཡོད་ན་མིའི་སེམས་ནང་རང་བཞིན་གྱིས་གོང་བུའི་ནུས་པ་འདོན་རྒྱུའི་དགེ་མཚན་ཡོད་སྟབས། གཞོན་ནུ་ལྷན་ཚོགས་བཙུགས་པ་བཞིན་རྩ་བ་རྒྱལ་གཅེས་ཀྱི་ལྷག་བསམ་དང༌། བོད་རང་དབང་བསྒྲུབ་རྒྱུའི་དམིགས་ཡུལ་ཐོག་སེམས་ཤུགས་ཡོད་པ་རྣམས་རྡོག་ལ་འགྲིལ་པོ་བཟོ་རྒྱུ་ཞིག་རེད།
བསྒྲུབ་བྱའི་དམིགས་ཡུལ་གཅིག་གྱུར་དེ་སྒྲུབ་ཐབས་ཀྱི་སྐོར་ལ་སོ་སོའི་འདོད་ཚུལ་འདྲ་མིན་དང༌། ལྟ་བ་འདྲ་མིན་ད་ལྟ་ཕྲན་བུ་ཡོང་གི་ཡོད་ཤས་ཆེ། གང་ལྟར་རིམ་པས་མང་པོ་ཞིག་ཡོང་སྲིད། འཕྲལ་སེལ་ང་ཚོའི་རང་བཙན་སྒྲུབ་སྐབས་ཀྱི་རིང་ལ་བྱེད་ཕྱོགས་གང་འདྲ་ཞིག་བྱེད་དགོས་མིན་དང༌། ལྷག་པར་བོད་རང་བཙན་ཐོབ་ཟིན་རྗེས་གཞི་རྩ་ཁ་སང་སྐད་ཆ་བྱུང་བ་བཞིན་བོད་ནང་ཡོད་པའི་བོད་རིགས་རྒྱ་ཆེའི་མི་མང་དེ་དག་གིས་ཐག་གཅོད་བྱེད་རྒྱུ་རེད། འོན་ཀྱང་ང་ཚོ་སོ་སོའི་བསམ་ཚུལ་ཐོག་ནས་མ་འོངས་པའི་བོད་དེ་འདི་འདྲ་ཞིག་བྱུང་ན་ཡག་པོ་རེད་སྙམ་པ་ཡོང་སྲིད་པ་སྟེ། དཔེར་ན། ཕྱིན་ཆད་བོད་རང་དབང་བྱུང་བའི་མཚམས་ལ་ང་རང་ཚོའི་ལུང་པའི་དཔལ་འབྱོར་གྱི་གནས་སྟངས་དང་། ས་རྒྱ་ཆེ་ཆུང༌། མི་འབོར་མང་ཉུང་སོགས་གནས་ཚུལ་མང་པོ་ཞིག་ལ་གཞིགས་པས་དམར་པོའི་སྒྲིག་འཛུགས་ཀྱི་ཐོག་ནས་འཛིན་སྐྱོང་བྱས་ན་ཏན་ཏན་ཚགས་ཚུད་པ་དང༌། སྤྱི་སྨན་ལེགས་པ་ཡོང་གི་རེད་སྙམ་པ་སོ་སོས་ཉལ་ལངས་སྒུར་གསུམ་བསམ་བློ་གང་ནས་བཏང་ཡང་དེ་རང་ལེགས་པའི་ཡིད་ཆེས་གཙང་མ་བྱེད་མཁན་ཞིག་ཡོང་མདོག་ཁ་པོ་རེད།
དེ་བཞིན་ད་ལྟ་རང་བཙན་སྒྲུབ་པའི་རིང་ལ་ཡང་། རྒྱ་གར་ནང་གི་བོད་མི་ཡོད་པའི་སྡེ་ཚོགས་ཁག་ནང་དམར་པོའི་ལྟ་བ་འཁྱེར་ནས་སྒྲིག་འཛུགས་ཚགས་ཚུད་ཡོད་པ་ཞིག་བྱུང་ན་ཏན་ཏན་ང་ཚོ་མིའི་ལུང་པར་སྡོད་པའི་གནས་སྐབས་སུ་ཡང་ལས་ཀ་མང་པོ་ཞིག་ཚགས་ཚུད་པ་དང་། སྤྱི་སྨན་ལེགས་པ་ཡོང་གི་རེད་སྙམ་པའི་ལྟ་བ་འཁྱེར་མཁན་ཡོང་སྲིད།
གཞན་ཡང་དེ་བཞིན་ཕྱོགས་གཅིག་ནས། རྒྱ་གར་ལུང་པ་དང་གཙོ་ཆེ་ཤོས་སྤྱིར་བཏང་ཨ་མི་རི་ཀ་ལྟ་བུར་མང་གཙོའི་རང་དབང་ཤུགས་ཆེན་པོ་ཡོད་པའི་ལུགས་སྲོལ་ཞིག་ཡོད། དཔལ་འབྱོར་གྱི་ཐོག་ལ་སོ་སོས་དཀའ་ལས་རྒྱག་ཐུབ་ན་གཞན་གྱིས་སྟངས་འཛིན་མེད་པར་གང་ཡང་བྱེད་རྒྱུ་ཡོད་པ། མི་སྒེར་སོ་སོར་རང་དབང་སྤྲད་ནས་རང་བཞིན་གྱིས་ནུས་པ་གང་ཡོད་འདོན་དུ་བཅུག་པ། སོ་སོས་ནུས་པ་ཇི་ཙམ་བཏོན་པའི་ཚོད་ཀྱིས་སོ་སོར་ཁེ་ཕན་ཡོང་རྒྱུ་ཞིག་ཡོད་སྟབས། རང་བཞིན་གྱིས་མི་སུ་དང་སུ་ཡིན་རུང་རང་གཅེས་འཛིན་གྱི་བསམ་བློས་རྐྱེན་པས་དེང་སང་འཛམ་གླིང་ནང་མིག་མཐོང་ལག་ཟིན་གྱི་དཔལ་འབྱོར་ལོངས་སྤྱོད་ནུབ་ཕྱོགས་པ་རྣམས་ཚགས་ཚུད་པ་དང་། ཤུགས་ཆེན་པོ་ཞིག་ཡོང་གི་ཡོད་པ་ལྟར། བོད་པ་ལའང་རང་དབང་གུ་ཡངས་ཀྱི་འགྲོ་སྟངས་དེ་རན་པ་ཞིག་ཡོང་རྒྱུ་རེད་སྙམ་དུ་སོ་སོས་ཡིད་ཆེས་བྱེད་པ་དང༌། ང་ཚོ་མིའི་ལུང་པར་སྡོད་པའི་རིང་ལ་ཡང་དེ་འདྲའི་ལྟ་བ་ཞིག་འཁྱེར་ཏེ་ལས་དོན་བྱས་ན་གཞིས་ཆགས་ཀྱི་ལས་ཀ་སོགས་གང་ནས་ཀྱང་ཚགས་ཚུད་པ་ཡོང་གི་རེད་སྙམ་པ་དེ་འདྲའི་བསམ་ཚུལ་ཞིག་ཀྱང་ཡོང་མདོག་ཁ་པོ་རེད།
ཡང་ཁ་ཤས་ཀྱི་བསམ་ཚུལ་ལ་ཁ་ས་སྐད་ཆ་བྱུང་བ་བཞིན་ཆོས་སྲིད་ཟུང་འབྲེལ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ང་རང་ཚོའི་མི་རིགས་ཀྱི་སྲིད་བྱུས་ཐོག་ཆོས་སྲིད་ཟུང་འབྲེལ་དུ་འགྲོ་དགོས་པ་ཤིན་ཏུ་གལ་ཆེ་བས་དེ་བསྟུན་ཆོས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་སོགས་བྱུང་ན་སྙམ་པའི་བསམ་ཚུལ་ཞིག་ཀྱང་ཡོང་མདོག་ཁ་པོ་རེད། ཡང་འགའ་ཞིག་ནས་ཆོས་དང་སྲིད་གཉིས་རྩ་བ་ནས་ཐ་དད་རེད། གཞུང་སྲིད་ཀྱི་ལས་དོན་སྒྲུབ་པའི་སྐབས་ལ་ཆོས་གཏན་ནས་མེད་པའི་ལམ་ཕྱོགས་ལ་ཕྱིན་ན་ཡག་པོ་རེད་སྙམ་པའི་ལྟ་བ་སོགས་བསམ་བློའི་ལྟ་ཚུལ་མང་པོ་ཡོང་མདོག་ཁ་པོ་རེད།
དེ་འདྲའི་ལྟ་བ་འདྲ་མིན་དེ་དག་ལ་ཐད་ཀར་བལྟས་ན་རྒྱབ་འགལ་ལྟ་བུ་ཞིག་མཐོང་གི་ཡོད་ན་ཡང༌། དེ་ཐམས་ཅད་ཀྱི་བསམ་བློ་གཏོང་སའི་དམིགས་ཡུལ་ལམ་དམིགས་འབེན་ལྟ་བུ་དེ་གང་ཡིན་སྙམ་ན། ང་ཚོའི་ལུང་པའི་དོན་དག་དང༌། ང་ཚོའི་བསྒྲུབ་བྱ་རང་བཙན་དེ་མྱུར་དུ་སྒྲུབ་ཐུབ་པ་ཞིག་དང༌། ང་ཚོར་རང་བཙན་བྱུང་མཚམས་སུ་ཡང་ང་རང་ཚོའི་ལུང་པ་དེ་ཡག་པོ་དང༌། ཚགས་ཚུད་པོ་ཡོང་བའི་དོན་དུ་བསམ་བློ་བཏང་ནས་ཐབས་ལམ་དེ་དག་འདོན་གྱི་ཡོད་པ་ལས། ང་ཚོར་རང་བཙན་དགོས་ཀྱི་མེད། དེར་བརྟེན་ང་ཚོའི་ལྟ་བ་འདི་འཛིན་གྱི་ཡིན་ཟེར་བ་མིན། གལ་ཏེ་ང་ཚོར་རང་བཙན་དགོས་ཀྱི་མེད་ཅེས་པའི་ལྟ་བུ་འཛིན་མཁན་ནམ། ང་ཚོ་རྒྱ་མིའི་འོག་ལ་བསྡད་ན་ལེགས་ཞེས་བརྗོད་མཁན། བོད་སྤྱི་པའི་དོན་དག་བསམ་བློ་བཏང་ནས་དགོས་པ་མེད་ཅེས་བརྗོད་མཁན་ཞིག་ཡིན་ན་དེ་ནི་གཞོན་ནུའི་སྤྱིའི་སྒྲིག་འཛུགས་འདིའི་ཁོངས་ནས་རང་བཞིན་གྱིས་བུད་པ་རེད། དེ་ནི་སྤྱིའི་དམིགས་ཡུལ་དང་འགལ་བ་རེད།

ཁ༽ སྲིད་དོན་ཚོགས་པ་དང་། མཐུན་སྒྲིལ་ལ་འགལ་རྐྱེན།

ང་རང་ཚོ་མི་རིགས་ཤིག་གི་འཐབ་རྩོད་བྱེད་པའི་དུས་སྐབས་འདིར་བཙུགས་པའི་གཞོན་ནུའི་སྒྲིག་འཛུགས་འདིར་སྤྱི་པའི་དམིགས་ཡུལ་ངེས་ཅན་ཞིག་ཡོད། རྩ་བའི་བསྒྲུབ་བྱ་དམིགས་ཡུལ་གཅིག་གྱུར་གྱི་གཞོན་ནུ་སྤྱིའི་སྒྲིག་འཛུགས་དེའི་འོག་ནས་ནང་གསེས་རང་རང་སོ་སོའི་སྒྲུབ་བྱེད་ཀྱི་ལྟ་བ་འདྲ་མིན་ཡོད་པ་རྣམས་སྦས་གསང་བྱེད་མི་དགོས་པར་བཤད་ཆོག་པ་དང༌། དེ་སྒེར་སོ་སོས་ལག་ལེན་བསྟར་ཆོག་པ་མ་ཟད། དམར་པོའི་ལྟ་བ་དང་། མང་གཙོའི་ལྟ་བ་ལྟ་བུའི་ཚོགས་པའམ་རྩ་འཛུགས་ཤིག་བཙུགས་ན་ཡང་མི་འགྲིགས་པ་ཨེ་ཡོད་སྙམ། ད་ལྟ་ང་ཚོ་རྒྱ་གར་ལུང་པར་གནས་ཡོད་སྟབས་དེབ་སྐྱེལ་བྱས་པའི་རྒྱ་གར་གྱི་ཚོགས་པ་ལྟ་བུ་ཡོང་གི་ཡོད་མེད་ངོས་ནས་མི་ཤེས།
གང་ལྟར་ཡང་སྙིང་རང་རང་སོ་སོའི་ལྟ་བ་མཐུན་པ་རྣམས་སྒྲིག་འཛུགས་ཤིག་བཟོ་རྒྱུ་བྱུང་ན་དེའི་ཚོད་ཀྱིས་ལྟ་བ་དེ་ལ་མོས་པའི་མི་དེ་དག་གི་གོང་བུའི་ནུས་པ་ཞིག་ཐོན་ཡོང་རྒྱུ་རེད། ནུས་པ་དེ་དག་སྤུངས་ས་དེ་བོད་རང་བཙན་བསྒྲུབ་པའི་སྤྱིའི་དམིགས་ཡུལ་དེའི་ཐོག་སྤུངས་ན། ཆེ་ས་སྒྲིག་འཛུགས་གཅིག་གི་ཐོག་ལ་ཆུ་བརྒྱ་ཟམ་འདུས་ལྟ་བུར་སླེབས་ཐུབ་པ་དང༌། ནང་གསེས་སོ་སོ་སོ་སོའི་ལྟ་བ་དང་བསམ་ཚུལ་དེ་གཞི་ལ་བཞག་པའི་ཐོག་ནས་བསྒྲུབ་བྱ་དམིགས་ཡུལ་བསྒྲུབ་རྒྱུའི་ཐོག་ལ་ནུས་པ་གང་ཞིག་ཡོད་ཀྱང་འདོན་རྒྱུ་ཡོད་པ་ཞིག་མི་ཡོང་ངམ། ལྟ་ཚུལ་མི་རེ་ངོ་རེའི་ཆ་ནས་ཚགས་ཚུད་པོ་ཡག་པོ་ཞིག་བྱེད་ཐུབ་ན་སྤྱི་ལའང་ཕན་པ་དང་། མ་འོངས་པའི་བོད་ཀྱི་དོན་ལའང་ད་ལྟ་ནས་ཉམས་མྱོང་གསོག་ཐུབ་པ། དེ་བཞིན་ང་ཚོ་བཙན་བྱོལ་གཞུང་གི་སྤྱིའི་ལས་དོན་སྒྲུབ་ཕྱོགས་ཀྱི་ཐོག་ལ་ཡང་རང་ཉིད་ཀྱི་བསམ་ཚུལ་དེ་གཞི་ལ་བཞག་པའི་བྱེད་ཕྱོགས་འདི་འདྲ་ཞིག་བྱས་ན་ཡག་པོ་འདུག་བསམ་པའི་བསམ་ཚུལ་ཡོད་ན་རང་རང་སོ་སོས་ལས་རིམ་ཞིག་བཟོས་ནས་ང་ཚོར་སྤྲོད་རྒྱུ་ཡོད་པ་དང༌། བསྟན་རྒྱུ་ཡོད་པ་ཞིག་བྱུང་ན་ང་ཚོས་དེར་བརྟག་དཔྱད་བྱས། བསམ་བློ་བཏང་ནས་ལེགས་ཆ་ཐོན་རྒྱུ་ཡོང་མདོག་ཁ་པོ་རེད། རང་རང་སོ་སོའི་བསམ་ཚུལ་དེ་དག་གི་ནུས་ཤུགས་བསྒྲིལ་ནས་བསྟན་རྒྱུ་ཡོད་པ་དང༌། བེད་སྤྱོད་ལག་ལེན་བསྟར་རྒྱུ་ཡོད་པ་ཞིག་ཡོང་བའི་སྐབས་ལ་ཐད་ཀར་སོ་སོའི་འདོད་པ་ཡང་ཚིམས་པ་དང་། གཙོ་ཆེ་ཤོས་ང་ཚོའི་སྤྱིའི་དོན་དག་ཐོག་ལ་ཡང་ནུས་པ་གཟེངས་ཐོན་ཐུབ་པ་དེ་འདྲ་ཞིག་མི་ཡོང་ངམ་སྙམ། སྲིད་དོན་གྱི་ཚོགས་པ་དེ་འདྲ་ཞིག་རྒྱ་གར་ནང་རན་པ་ཞིག་བྱུང་ནས་བཙུགས་ན། དེ་ལ་བརྟེན་པའི་འགལ་རྐྱེན་སེལ་ཐབས་ལ་དོ་སྣང་བྱེད་དགོས།
དེ་སྔ་ཕན་ཆད་བོད་ནས་ཆགས་བསྡད་པའི་ཆུ་བཞི་སྒང་དྲུག་གི་ཚོགས་པ་དང༌། རྒྱ་གར་ནང་གསར་ཆགས་ཆིག་སྒྲིལ་ཚོགས་པ་སོགས་བཙུགས་ཡོད་པ་དེ་དག་ཁ་ཤས་ནི་ལུང་ཚན་ལུང་ཚན་ལྟ་བུ་དང་། ཆིག་སྒྲིལ་ཚོགས་པ་ལྟ་བུ་ཐོག་མར་སྲིད་དོན་གྱི་ཆ་ནས་བཙུགས་རུང༌། དེ་ཙམ་ནུས་པ་ཐོན་མ་ཐུབ་པའི་ཁར། ཚོགས་པ་བཙུགས་པའི་ཉེར་ལེན་གྱིས་ནང་ཁུལ་འཐེན་འཁྱེར་ཆགས་ཀྱི་འདུག་ཅེས་མི་མང་པོ་ཞིག་གི་བསམ་ཚུལ་ཡོང་གི་ཡོད་ལ། དེ་ལྟར་ཡིན་པ་ལྟ་བུ་ཡང་ཆགས་ཡོད། ཚོགས་པས་རྐྱེན་པས་མཐུན་སྒྲིལ་ལ་འགལ་རྐྱེན་ཡོང་གི་ཡོད་པ་འདི་ད་ལྟ་ཕན་གྱི་ཉམས་མྱོང་ཞིག་རེད། ཡིན་ན་ཡང་དེར་ཕྱོགས་གཅིག་ནས་བལྟས་ན་ཚོགས་པ་ཞིག་ཡོད་པ་ཙམ་གྱིས་སྐྱོན་དེ་ལྷག་པ་རེད་དམ་བརྗོད་ན། གཅིག་བྱས་ན་ཡིན་མདོག་ཁ་པོ་མ་རེད། ཚོགས་པ་ཡོད་པ་གང་ཞིག་ལ་ཚོགས་མི་བྱེ་བྲག་པ་སོ་སོའི་བྱེད་སྤྱོད་ཀྱི་རྐྱེན་པས་སྐྱོན་བྱུང་བ་ཡང་ཡིན་སྲིད། གང་ལྟར་ད་ལྟ་ཕན་ལ་ཚོགས་པ་འདྲ་མིན་དེ་དག་མཐུན་སྒྲིལ་མི་ཡོང་བའི་རྩ་རྐྱེན་ཚོགས་པ་ཡོད་པ་ཙམ་གྱིས་བྱུང་བའམ། ཡང་ན་བྱེད་སྟངས་ཤིག་མ་འགྲིགས་པའི་ཆ་ནས་འགལ་རྐྱེན་བྱུང་བ་ཇི་ཡིན་ལ་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་རེད།

ག༽ གཞོན་ནུའི་སྒྲིག་འཛུགས་དང་། དམར་ཤོག་གསར་འཛུགས།

གང་ལྟར་ཕྱིན་ཆད་རྩ་བ་དེ་སྲིད་དོན་གྱི་ལྟ་ཚུལ་བསམ་ཚུལ་ཞིག་གི་ཐོག་ནས་ཚོགས་པ་ཡག་པོ་ཞིག་བཙུགས། རྒྱལ་གཅེས་ལྷག་བསམ་གྱི་ཐོག་ནས་སོ་སོའི་ལྟ་ཚུལ་དེ་དག་སྤྱིའི་རང་བཙན་བསྒྲུབ་བྱ་ཁོ་ནའི་ཐག་བེད་སྤྱོད་བྱས། ཚོགས་པ་ཕན་ཚུན་རྒྱུན་དུ་འབྲེལ་བ་ལེགས་པོ་བྱེད་ཐུབ་པ། གོ་བསྡུར་ལྷུག་པོ་ཡོད་པ་ཞིག་བྱུང་ན། ཚོགས་པ་ཞིག་ཡོད་པ་ཙམ་གྱིས་མཐུན་སྒྲིལ་ལ་གནོད་སྐྱོན་རང་ཆགས་ཨེ་ཡོང་སྙམ། གང་ལྟར་དེ་འདྲའི་ཚོགས་པ་གསར་པ་བཙུགས་ན་སྐད་ཆ་མང་པོ་ལྷག་ཡོང་བའི་འགལ་རྐྱེན་ཞིག་ཡོང་སྲིད་པ་ཡིན་པས། འགལ་རྐྱེན་དེ་སེལ་ཐབས་ཤིག་ཀྱང་བྱེད་ཐུབ་པ་དགོས། གང་ལྟར་ང་རང་ཚོ་མིའི་བསམ་བློ་རིགས་འདྲ་མིན་མང་པོ་ཞིག་རིམ་པས་ཐོན་ཡོང་རྒྱུ་ཡིན་སྟབས། བསམ་བློ་དེ་དག་བེད་སྤྱོད་བྱེད་པའི་གོ་སྐབས་ཡོད་པ་ཞིག་བྱུང་ན་མིའི་བསམ་བློའི་ནུས་པ་འཕེལ་རྒྱས་འགྲོ་བ་དང༌། ཉམས་མྱོང་མང་པོ་ཐོན་པའི་དགེ་མཚན་མེད་དམ་སྙམ་པ་དེ་ངའི་བསམ་ཚུལ་ཡིན།
ཡང་དམར་པོའི་ལྟ་བ་ཞེས་བརྗོད་པའི་སྐབས་མང་པོ་ཞིག་གི་བསམ་ཚུལ་ལ་ཆོས་ལ་ངོ་རྒོལ་བྱེད་མཁན་ཞིག་མཐོང་གི་ཡོད་ཀྱང༌། དེ་སྔོན་ནས་སྐབས་མང་པོར་ཤོད་རྒྱུ་བྱུང་བ་ལྟར་ང་སྒེར་གྱི་བསམ་ཚུལ་ལ་ནང་པ་སངས་རྒྱས་པའི་ཆོས་དང༌། དེའི་ནང་ནས་ཐེག་པ་ཆེན་པོའི་ཆོས་ཀྱི་ཐོག་ནས་བཤད་ན། དམར་པོའི་ལྟ་ཚུལ་དེ་ཐེག་པ་ཆེན་པོའི་ཆོས་ཀྱི་ལག་ལེན་ཆ་ཤས་ཤིག་ཏུ་འགྲོ་ཐུབ་པ་ལྟ་བུར་མཐོང༌། ཐེག་པ་ཆེན་པོའི་ཆོས་ཀྱི་ཐོག་ནས་སེམས་ཅན་ཐམས་ཅད་ཀྱི་བདེ་བ་བསྒྲུབ་རྒྱུ་ཞིག་བཤད་ཡོད་པ་དང༌། དམར་པོའི་ལྟ་བའི་ཐོག་ནས་མི་གཅིག་པུ་དང༌། དེའི་ནང་ནས་དཀའ་ངལ་ཡོད་པའི་མི་མང་ཆེ་བ་ཞིག་གི་བདེ་བ་བསྒྲུབ་རྒྱུའི་བསམ་ཚུལ་དང་སྦྱོར་བ་ཞིག་བཤད་ཡོད། དེ་འདྲའི་ཐོག་ནས་བལྟས་ན་ཧ་གོ་ཐུབ་པ་དེ་རང་ཉིད་ཀྱི་བདེ་བར་མི་བསམ་པར་གཞན་མང་ཚོགས་ཀྱི་བདེ་བ་སྒྲུབ་པར་གཅིག་ཏུ་གཞོལ་བའི་སྒྲིག་དང་ལམ་སྲོལ་ཞིག་རེད།
རྒྱ་གར་གྱི་གུང་བྲན་ཏང་མི་འགའ་ཤས་ངས་ཐུག་འཕྲད་བྱེད་མྱོང༌ཞིང་། རྒྱ་གར་ནང་ཡུལ་གོམས་གཤིས་ལུགས་སམ། ཆོས་ཀྱི་ཐོག་ནས་སྤྱིར་བཏང་སྨོན་ལམ་རྒྱག་པ་དང༌། འདོན་པ་བཏོན་པ། སྔགས་བགྲངས་བ་སོགས་བྱས་ཆོག་པ་དང༌། རྒྱ་གར་གུང་བྲན་ཏང་མི་བྱེད་པ་ལ་སོ་སོའི་ཧིན་དྷུ་སོགས་ཆོས་ལུགས་གང་ཡིན་ཡང་དེ་བཞག་མི་དགོས་པར་ཆོས་དད་ཉམས་ལེན་བྱས་ཆོག་ཚུལ་བརྗོད་མཁན་བྱུང༌། སོག་པོ་ལའང་དེ་བཞིན་ཡོད་པ་ལྟ་བུ་འདུག ལུང་པ་སོ་སོའི་གནས་ཚུལ་དང་འཚམས་པར་དེ་རིགས་འདྲ་མིན་ཡོང་གི་འདུག དཔེར་ན་རྒྱ་མི་གུང་བྲན་ལ་ཆ་མཚོན་ན། རྒྱ་མི་གུང་བྲན་ཏང་མི་བྱས་ཕྱིན་ཆད་ཆོས་ལུགས་ཀྱི་ལྟ་བ་གང་ཡིན་ཡང་བཞག་དགོས་ཟེར་བ་ཞིག་ཕལ་ཆེར་དོན་ཚན་གཅིག་ནང་ཡོང་བ་ཡོད། དེ་འདྲར་བརྟེན་དམར་པོ་ཞིག་ཡིན་ཕྱིན་ནང་པའི་ཆོས་དང་འགལ་བ་རེད་ཅེས་མཐའ་གཅིག་ཏུ་བསམ་བློ་གཏོང་མི་དགོས་པ་ཞིག་ཕལ་ཆེར་མིན་ནམ་སྙམ་གྱི་འདུག
གང་ལྟར་དངོས་ཡོད་གནས་ཚུལ་ལ་མིའི་ནང་བསམ་བློ་འདྲ་མིན་སྣ་ཚོགས་ཤིག་ཐོན་ཡོང་རྒྱུ་དང༌། བསམ་བློ་འདྲ་མིན་ཡོད་པ་ཇི་བཞིན་ལེགས་ཆ་ཡང་ཡོང་གི་རེད། ལེགས་ཆ་ཡོད་པ་དེ་སྟོན་ཐུབ་པ་ཞིག་དང༌། བེད་སྤྱོད་བྱེད་པའི་གོ་སྐབས་ཤིག་བྱུང་ན་ཡག་པོ་མིན་ནམ་སྙམ་པ་དྲན་གྱི་ཡོད། སོ་སོའི་བསམ་ཚུལ་ཡོད་པ་དེ་བཏོན། བསམ་ཚུལ་དེ་གཞི་ལ་བཞག་པའི་ཐབས་ཤེས་ལག་ལེན་གང་ཞིག་བསྟར་རྒྱུ་ཡོད་པ་རྣམས་བསྟར་ནས་སྤྱིའི་དམིགས་ཡུལ་གཅིག་ཏུ་འཐབ་ཕྱོགས་གཅིག་གྱུར་གྱི་འགྲོ་སྟངས་ཤིག་ཆགས་ཐུབ་ཀྱི་རེད་ལ། འགྲོ་སྟངས་དེའི་ཐོག་ནས་མཐུན་སྒྲིལ་ཡང་ཡག་ཏུ་འགྲོ་གི་རེད། ལྟ་ཚུལ་གཅིག་དང༌། བསམ་ཚུལ་གཅིག་མ་གཏོགས་གཞན་དག་བེད་སྤྱོད་བྱེད་ས་མེད་པ་དང༌། ལག་ལེན་བསྟར་རྒྱུའི་གོ་སྐབས་མ་བྱུང་ན། སྒེར་པ་རང་ཉིད་ཀྱི་བསམ་བློའི་ནང་ཡོད་པ་དེ་སྦས་ནས་བེད་མེད་དུ་ལུས་འགྲོ་བའི་ཆུད་ཟོས་དང་། མཐུན་སྒྲིལ་ལའང་གནོད་སྐྱོན་བྱེད་སྲིད། རྒྱུ་མཚན་དེ་འདྲར་བརྟེན་འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་ཤེས་རྒྱ་ཆེན་པོ་ཡག་པོ་ཞིག་བྱེད་ཐུབ་ན་དགེ་མཚན་མེད་དམ་སྙམ་པ་བྱུང༌།
ངོས་ནས་དེ་རིང་གཞོན་ནུ་སྤྱིའི་སྒྲིག་འཛུགས་ཀྱི་འོག་ལ་དམར་པོའི་སྒྲིག་འཛུགས་དང༌། རང་དབང་གི་སྒྲིག་འཛུགས་ལྟ་བུ་བཟོས་ན་ཡག་པོ་རེད་ཅེས་ངས་ཐག་བཅད་ནས་ཤོད་མི་ཐུབ་ལ། བརྗོད་རྒྱུ་ཡང་མེད། དེ་བཞིན་ཁྱེད་རང་ཚོས་ཀྱང་ད་རེས་འདིར་གོ་བསྡུར་བྱས་ནས་ལམ་སེང་ཐག་གཅོད་ཐུབ་ཀྱི་མ་རེད། ལམ་སེང་ཐག་མ་བཅད་པར་སྔོན་ལ་གནད་དོན་འདི་སྐོར་བསམ་བློ་ཞིག་བཏང༌། ཁྱེད་རང་ཚོ་ས་གནས་སོ་སོར་ཕར་སླེབས་ནས་བློ་རོགས་གྲོས་རོགས་ལྟ་བུ་ཡོང་རྒྱུར་གང་དགའ་ཅི་ལེགས་ཀྱི་གོ་བསྡུར་བྱས། དེ་ནས་ལོ་གཅིག་ཙམ་གྱི་རྗེས་སུ་ཁྱེད་རང་ཚོ་འཛོམས་པའི་སྐབས་ལ་ཐག་གཅོད་བྱས་ན་ཡང་འགྲིགས། ཡང་དེའི་གོང་ལ་དགོས་གལ་བྱུང་ན་ཟླ་བ་ལྔ་དྲུག་ཐོག་ལ་ཚོགས་འདུ་འཚོགས་ཏེ་གོ་བསྡུར་བྱས། དེ་དུས་ཐག་བཅད་ན་ཡང་འགྲིག་གི་རེད། ཐག་ག་དུས་བཅད་ཀྱང་འགྲིགས་རྒྱུར་བརྟེན་བྲེལ་འཚུབ་བྱེད་མི་དགོས། སྔོན་ལ་བསམ་བློ་གཏོང་རྒྱུའི་གཞི་རྩ་ལྟ་བུར་གནས་ཚུལ་འདི་དེ་རིང་བརྗོད་ན་བསམ་པ་བྱུང༌། ཞེས་བཀའ་སློབ་སྩལ།། །།