༄༅། །ཕྱི་ལོ་ ༡༩༧༤ ཟླ་བ་ ༡༠ ཚེས་ ༡༠ ཉིན་གཞོན་ནུའི་ཚོགས་ཆེན་སྐབས་གཉིས་པའི་ཚོགས་མི་རྣམས་མཇལ་བཅར་སྐབས་སྩལ་བའི་བཀའ་སློབ།

ཀ༽ འབྲེལ་ལམ་སངས་པོ་དང་། གཅིག་ཡིད་གཅིག་ཆེས།

ཚང་མར་བཀྲ་ཤིས་བདེ་ལེགས་ཡོད། ཚང་མས་སེམས་འཁུར་ཆེན་པོ་བྱས་ནས་སྔོན་མའི་ལས་དོན་མུ་མཐུད་ནས་མཇུག་སྐྱེལ་གྱི་ཡོད་པ་ཡག་པོ་རེད། གོ་བསྡུར་ཡག་པོ་བྱེད་རྒྱུ་བྱུང་ངམ། འདྲ་ཆགས་པོ་དང་སྤམ་པོ་བྱས་ནས་མ་བཞག་པར་སོ་སོའི་དངོས་གནས་དྲང་གནས་སེམས་ནང་གི་འཆར་སྒོ་རྣམས་ཕར་ཚུར་ཤོད་རེད་བཏང་། གོ་བསྡུར་བྱེད་རེས་ཡག་པོ་བྱུང་སོང་ངམ། དངོས་གནས་རང་གི་བསམ་བློའི་ནང་ལ་ཡོད་པ་དེ་དག་སྦས་ནས་མ་བཞག་པ་དང་། གཡོལ་ནས་མ་བསྡད་པར་གཅིག་གིས་གཅིག་ལ་ཕར་ཚུར་བཤད། སོ་སོའི་བསམ་ཚུལ་བཤད་པའི་སྐབས་ལ་ཡང་རང་ཤེད་མི་བྱེད་པ་དང་། དགའ་པོ་ཉེ་པོའི་ཕྱོགས་ལྷུང་དང་། སྡེ་རིས་གཅོད་པའི་བསམ་བློ་དེ་ལྟར་མ་ཡིན་པར་དངོས་གནས་དྲང་གནས་སྤྱི་ལ་སྨན་པའི་ལྷག་བསམ་འཁྱེར་ནས་སྐད་ཆ་གང་དྲན་པ་རྣམས་གསལ་པོར་ཤོད་དགོས། དེ་ལ་ཕྱོགས་གཞན་ནས་ལན་དང་སྐྱོན་བརྗོད་ལྟ་བུ་བྱུང་ན་སོ་སོས་སྐྱོན་མཐོང་བཞིན་དུ་ཨུ་ཚུགས་རྒྱག་པ་ལྟ་བུ་དེ་ལྟར་མིན་པར་ཕར་ཕྱོགས་ནས་བསམ་ཚུལ་བཤད་པ་རྣམས་གཟབ་གཟབ་དང་། དྲང་པོ་བྱས་ནས་ཉན། དེ་ལ་བརྟག་ཞིབ་བྱེད་དགོས།
གང་ལྟར་ཡང་སྙིང་དེ་འདྲའི་ཐོག་ནས་ཕན་ཚུན་འབྲེལ་བ་སངས་པོ་བྱས། གཅིག་གིས་གཅིག་གི་བསམ་བློའི་རི་མོ་ཇི་ཡོད་ཤེས་པ་ཞིག་དང་། གཅིག་གིས་གཅིག་ལ་ཡིད་ཆེད་ཐུབ་པ། གཅིག་གིས་གཅིག་ལ་བློས་འགེལ་ཐུབ་པ་ཞིག་བྱུང་ན་ཚང་མ་སྡོད་ས་ས་ཆ་གཅིག་ལ་མཉམ་དུ་སྡོད་ཀྱི་ཡོད་མེད་ཇི་ལྟར་ཡང་། བསམ་བློའི་ཐོག་ཏུ་ཚང་མས་དམིགས་ཡུལ་གཅིག་གྱུར་བཟུང་། དེའི་ཐོག་འགྲོ་ཕྱོགས་ཀྱི་ཐབས་ལམ་ཡང་ཚང་མས་གསལ་པོ་ཤེས་ཏེ་བློ་མཐུན་པ་ཞིག་ཆགས་ཐུབ་ན་དངོས་གནས་མཐུན་སྒྲིལ་ཡོང་གི་རེད། མཐུན་སྒྲིལ་ཡག་པོ་བྱུང་ན་ནུས་ཤུགས་དེ་ལ་དཔགས་པ་ཞིག་ཐོན་གྱི་རེད།།

ཁ༽ རྐྱེན་ངན་རུ་འཛིང་དང་། ནུས་ཤུགས་གཅིག་སྒྲིལ།

དེང་སྐབས་ཀྱི་དུས་ཚོད་འདི་ཛ་དྲག་པོ་དང་། རྐྱེན་ངན་མང་པོ་ཞིག་འཛིང་ཡོང་བའི་དུས་ཚོད་ཡིན། ང་རང་ཚོ་བོད་པ་གཞན་ཡུལ་དུ་སླེབས་འབྱོར་ཉུང་ཤས་ཤིག་མ་གཏོགས་མེད་ཀྱང་། བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་དེ་དག་གིས་རེ་བ་ཆེན་པོ་རྒྱག་གི་ཡོད་པ་དང་། བློས་ཆེན་པོ་ཞིག་འགེལ་གྱི་ཡོད། དེར་བརྟེན་ང་རང་ཚོས་ད་ལྟ་བར་དུ་དཀའ་ལས་བརྒྱབ་ཡོད། འོན་ཀྱང་དཀའ་ལས་བརྒྱབ་པ་ཡིན་ཞེས་བྱས་ཡུས་ཤོད་རྒྱུ་ནམ་ཡང་མེད། བོད་ནང་ཡོད་པའི་མི་ཚོར་སྡུག་བསྔལ་དང་དངངས་སྐྲག་དེ་ལྟ་བུ་ཡོད་ཀྱང་། ང་ཚོར་དེ་ལྟ་བུའི་དངངས་སྐྲག་དང་སྲོག་ལ་ཐུག་པའི་ཉེན་ཁ་གང་ཡང་མེད། ང་ཚོས་ལས་དོན་སྒྲུབ་པ་རྣམས་དངོས་གནས་དྲང་གནས་སོ་སོའི་ལུང་པའི་དོན་དག་དང་། བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་དེ་དག་གི་དོན་དག་སྒྲུབ་རྒྱུའི་ཆེད་དུ་ཡིན་སྟབས། ང་ཚོས་བྱས་ཡུད་ཤོད་ཡུལ་ཏིལ་འབྲུ་ཙམ་ཡང་མེད།
ཡིན་ནའང་ད་ལྟ་ང་ཚོ་མི་གཞན་གྱི་ལུང་པར་བསྡད། རྐྱེན་ངན་གྱི་རུ་འཛིངས་ནས་ཡོད་པའི་སྐབས་འདིར། ང་རང་ཚོ་ཉུང་ཤས་ཡོད་པ་ཚོས་ནུས་པ་གང་ལས་མེད་པ་རྣམས་ལེགས་པར་འདོན་ཐུབ་པ་ཞིག་ངེས་པར་དུ་བྱེད་དགོས། དེ་ཡོང་བ་ལའང་ང་རང་ཚོ་ཚང་མས་གཅིག་གིས་གཅིག་ལ་ཕར་ཚུར་ལག་པ་འཕྱིས་རེས་དང་། གཅིག་གིས་གཅིག་ལ་སྐྱོན་འདོགས་རེས་ལྟ་བུ་དོན་མེད་ཀྱི་སྐད་ཆ་ཤོས་རེས་གཏོང་གིན་བསྡད་ན་དོན་དག་ངོ་མའི་ཐོག་ལ་ཤུགས་འགྲིལ་པོ་ཞིག་དང་། རྡོག་འགྲིལ་པོ་ཞིག་མ་བྱུང་ན་ཕངས་པོ་རེད། དེར་རྟེན་དུས་དུས་ལ་མཉམ་དུ་འཚོགས་ཏེ་གཅིག་གིས་གཅིག་ལ་བསམ་ཚུལ་ཡོད་པ་རྣམས་ཕར་ཚུར་བཤད་དེ་གྲོས་འདོན་བྱ་རྒྱུ་གང་ཞིག་འདུག་གམ། ལས་དོན་བྱེད་རྒྱུ་གང་ཞིག་ཡོད་མེད་ལྟ་དགོས།
མ་འགྲུབ་པ་ཞིག་ཡིན་ན་བྱ་ཐབས་གང་ཡང་མེད། ཡང་ལས་ཀ་ནུས་པ་ཐོན་པོ་ཞིག་དང་། ཆེན་པོ་ཞིག་བྱེད་པ་ལ་དེ་ལ་དཔགས་པའི་མཐུན་རྐྱེན་ཞིག་འཛོམས་དགོས། གནས་ཚུལ་མང་པོ་ཞིག་གི་ཐོག་ནས་མཐུན་རྐྱེན་ཚང་བ་ཁག་པོ་རེད། བྱེད་ཐུབ་ཚོད་ཅིག་ཡོད་པ་ལ་ང་ཚོས་སྒྲུབ་སྟངས་མ་ཤེས་པ་དང་། ཤེས་ཀྱང་དོ་སྣང་ཆུང་དྲགས་པ་ལྟ་བུ། ཡང་ཐབས་ཤེས་གནད་འགག་ཕྲན་བུ་སྤྲད་ནས་འགྲུབ་ཚོད་ཀྱི་ལས་དོན་ཞིག་སྤྱི་སྙོམ་དུ་ལུས་ན་དངོས་གནས་ཕངས་པོ་རེད། དེས་ན་ང་ཚོའི་གནས་ཚུལ་མང་པོ་ཞིག་གི་ཆ་ནས་དུས་དུས་སུ་ཕན་ཚུན་མཉམ་འཛོམས་བྱས། བསམ་འགྲོས་འདྲ་བསྡུར་ནས་ནུས་པ་གང་ཡོད་འདོན་ཐུབ་པ་བྱས་ན་ཡག་པོ་རེད།

ག༽ ཐོག་མའི་ལས་འཆར་དང་། མཐའ་འཁྱོངས་ཀྱི་སེམས་ཤུགས།

སྤྱིར་སྟངས་ལོ་གཞོན་པ་ཚོ་ལུས་སྟོབས་འཚར་ལོངས་བྱེད་པའི་དུས་སྐབས་ཡིན་སྟབས། བསམ་བློ་ཡང་དེ་ལ་དཔགས་པའི་སེམས་ཤུགས་ཆེན་པོ་དང་། མི་དྲན་དགུ་དྲན་དྲན་རྒྱུ་ཡོད་པ་ཞིག་ཡོང་གི་ཡོད། འོན་ཀྱང་ལོ་གཞོན་པ་ཚོར་དངོས་སུ་ལས་ཀའི་ཐོག་ལ་ཞུགས་པའི་སྐབས་ལ་ཐོག་མར་བསམ་བློའི་ནང་ལ་དེ་འདྲ་བྱས་ན་ཡོང་གི་རེད་བསམ་པ་དེ་བཞིན་མ་བྱུང་བ་དང་། ཐོག་མའི་བསམ་བློའི་ནང་ལ་མེད་པའི་དཀའ་ངལ་མང་པོ་ཞིག་འཕྲད་སྐབས། ལམ་སེང་ཡིད་ཐང་ཆད་ནས་འདི་རྙོག་དྲ་ཚ་པོ་འདུག་ཅེས་བརྗོད་ནས་སེམས་ཞུམ་པ་དང་། སྙུགས་བསྲིངས་མ་ཐུབ་པ་ཡོང་སྲིད་པས། དེ་རིགས་ལ་ངེས་པར་དུ་གཟབ་གཟབ་བྱེད་དགོས།
དང་པོ་སོ་སོས་བསམ་བློ་བཏང་ནས་སེམས་ཐག་གཅོད་པའི་སྐབས་ལ་ལས་དོན་འདི་དངོས་གནས་སོ་སོའི་མི་ཐོག་སྨོས་ཅི་དགོས། མི་ཐོག་རྗེས་མས་སྒྲུབ་དགོས་པ་ཞིག་བྱུང་ནའང་འགྱོད་པ་མེད་པས། ཕྱིར་འཐེན་རྒྱག་རྒྱུ་མིན་བསམ་པའི་སེམས་ཤུགས་བསྐྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། མི་ཁ་ཤས་ལོ་ཤས་གོང་སེམས་ཤུགས་ཆེན་པོ་ཡོད་པ་ལ། ལོ་གཅིག་གཉིས་ཕྱིན་རྗེས་དེ་སྔོན་གྱི་བསམ་བློ་ལྟ་བུ་མེད་པར། དབུགས་རིང་གཏོང་མཁན་དེ་འདྲ་ཡོང་གི་འདུག་པ་དེ་དག་ཁག་མེད། གཅིག་ནས་ང་རང་ཚོའི་ལས་ཀ་འདི་དཀའ་ངལ་ཡོད་པའི་ལས་ཀ་ཞིག་ཡིན་པ་ལས། དཀའ་ངལ་མེད་པ་ཞིག་གཏན་ནས་མ་རེད། གཉིས་ནས་ང་རང་ཚོའི་རྩ་བའི་གནད་དོན་འདི་ཡང་རྒྱ་མིར་ཁ་གཏད་བྱ་རྒྱུའི་ལས་དོན་ཞིག་ཡིན་སྟབས་ལས་སླ་པོ་ཞིག་མེད་པ་ཤེས་གསལ་རེས།

ང༽ ལས་དོན་གྱི་དམིགས་ཡུལ་དང་། བོད་མིའི་བདེ་སྡུག

ང་ཚོའི་ལས་ཀ་འདི་དགའ་མིན་དགའ་མདོག་བྱས་པ་རྩ་བ་ནས་མིན་ལ། ང་ཚོས་རྒྱ་མིར་རང་བཞིན་གྱིས་མ་དགའ་བ་བྱས་པ་ཡང་མིན། ཡང་ང་ཚོས་སྲིད་དོན་གྱི་ལྟ་བའི་འཁྱེར་སོའི་ཆ་ནས་རྒྱ་མིར་འཐབ་རྩོད་བྱེད་ཀྱི་ཡོད་པ་ཡང་རྩ་བ་ཉིད་ནས་མ་རེད། ཡང་ང་ཚོ་བཙན་བྱོལ་ལ་གྱར་བའི་བོད་མི་ཚོའི་ཁེ་ཕན་གྱི་དོན་དག་ལ་བོད་དོན་གྱི་སྐད་ཆ་བཤད་པ་ཡང་རྩ་བ་ཉིད་ནས་མིན། འོ་ན་གང་ཡིན་ཟེར་ན། དངོས་གནས་དྲང་གནས་བོད་ནང་ལ་ཡོད་པའི་རྒྱ་ཆེའི་མི་མང་དེ་དག་གི་བདེ་བ་སྡུག་སྔལ་དོན་དག་ལ་ཐུག་ནས་ང་ཚོ་དཀའ་ལས་རྒྱག་གི་ཡོད་པ་དང་། ཁོང་ཚོའི་དོན་དུ་ང་ཚོས་བསམ་བློ་བཏང་ནས་འབད་རྩོལ་བྱེད་ཀྱི་ཡོད། བོད་ནང་ལ་བདེ་སྐྱིད་ཡོད་པ་དང་། བོད་ནང་ལ་རྒྱ་ཆེའི་བོད་མི་མང་ཆེ་བའི་བློ་ཁ་ཚིམས་པ་ཞིག་གི་གནས་ཚུལ་ཡོད་ན། ང་ཚོ་འདིར་བོད་དོན་གྱི་སྐད་ཆ་ཤོད་དགོས་པ་དང་། བོད་རང་བཙན་ཡིན་ཞེས་སྐད་རྒྱག་པ། དེའི་དོན་དུ་ལས་ཀ་བྱེད་དགོས་དོན་རྩ་བ་ཉིད་ནས་མེད།
བཙན་བྱོལ་བ་བོད་མི་ཁྲི་བརྒྱད་ལྷག་ཙམ་ཞིག་ལས་མེད་པས། དངོས་གནས་དྲང་གནས་ཀྱི་ཐག་གཅོད་མཁན་དང་། དངོས་གནས་དྲང་གནས་ཀྱི་རྩ་བའི་བོད་ཀྱི་བདག་པོ་སུ་རེད་དམ་ཞེ་ན། བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་དེ་རྣམས་ཡིན། ད་ལྟ་ཕན་ལོ་དེ་ཙམ་ཕྱིན་པའི་རིང་གི་གནས་ཚུལ་དངོས་ཡོད་ལ་བལྟས་ན་ཁ་ནས་ཤོད་དུས་ང་ཚོ་སྤུན་ཟླ་མི་རིགས་ཡིན་ཟེར་བ་དང་། དེ་བཞིན་ཡི་གེའི་ཐོག་ལའང་ཧ་ཅང་འདྲ་ཆགས་པོ་བྲིས་ཏེ་དེ་འདྲ་ཞིག་མིན་ན་གང་ཡིན་བསམ་པ་ལྟ་བུ་ཡོད་ཀྱང་། དོན་དངོས་པོའི་ལག་ལེན་བྱེད་སྐབས་ཕྱིན་ཅི་ལོག་ཏུ་ལག་ལེན་བསྟར་ནས་དངོས་གནས་ང་རང་ཚོའི་མི་རིགས་རྣམས་ཤིན་ཏུ་ཐབས་སྡུག་པོ་དང་། ཧ་ཅང་དངངས་སྐྲག་ཆེན་པོའི་འོག་ཏུ་སྡོད་དགོས་པའི་གནས་ཚུལ་འདི་འདྲ་ཞིག་ཆགས་ཡོད། དེར་བརྟེན་ང་རང་ཚོས་འདིར་སྐད་འབོད་དང་། ལས་ཀ་བྱེད་པ་འདི་དག་རྒྱུ་མཚན་དང་ལྡན་པ་དང་། ཡང་དག་པ་ཞིག་ཡིན། དཔེར་ན་ང་རང་ལ་མཚོན་ན་ཡང་སོ་སོའི་སྒེར་གྱི་དོན་དག་དང་། དགའ་མིན་དགའ་མདོག་གི་གནས་ཚུལ་འདྲེས་ལྷད་གཏན་ནས་མེད།
ཡང་རང་བཞིན་རྨོངས་ཞེན་ལྟ་བུས་ང་ཚོ་བོད་དེ་སྔ་ས་ནས་རང་བཙན་ཡིན། ད་ལྟའི་གནས་སྐབས་སུ་བོད་ནང་ལ་ཡར་རྒྱས་ཕྱིན་ཡོད་རུང་མེད་རུང་དེ་སྔ་རང་བཙན་ཡིན་སྟབས། ད་ཆ་ཡང་རང་བཙན་དགོས་ཞེས་བཤད་པའང་མིན། དེ་སྔ་རང་བཙན་ཡིན་ནའང་ད་ལྟའི་གནས་སྐབས་སུ་རྒྱ་མིའི་འོག་ལ་བསྡད་ནས་ང་རང་ཚོར་རང་བཙན་ཡོད་པའི་དུས་སྐབས་ལས་ལྷག་པའི་བདེ་སྐྱིད་ཡོད་ན་ཁྱད་པར་གཏན་ནས་མེད། དེས་ན་ང་ཚོས་དཀའ་ལས་རྒྱག་དགོས་པའི་དམིགས་ཡུལ་འདི་མང་རུང་ཉུང་རུང་བོད་མི་ས་ཡ་དྲུག་གི་བདེ་བ་སྡུག་བསྔལ་གྱི་དོན་ལ་ཐུག་པ་ཡིན་སྟབས། དངོས་གནས་བློ་སྤོབས་བྱེད་ཆོག་པ་ཞིག་རེད། ང་ཚོས་ད་ལྟ་བར་དཀའ་ལས་རྒྱག་བཞིན་པའི་དོན་དག་འདི་འགྲུབ་ཀྱི་རེད་ལ། གལ་སྲིད་མ་འགྲུབ་ན་ཡང་སོ་སོའི་མི་ཚེ་འདི་བོད་མི་ས་ཡ་དྲུག་གི་བདེ་བ་སྡུག་བསྔལ་གྱི་དོན་དུ་བཏང་བ་ཡིན་པས། དོན་དང་ལྡན་ལ། རྒྱུ་མཚན་དང་ལྡན་པ་ཡང་རེད།

ཅ༽ དྲང་བདེན་གྱི་དམིགས་ཡུལ་དང་། དོན་ལྡན་གྱི་མི་ཚེ།

ཡང་ང་ཚོའི་མི་འགའ་ཤས་ཀྱི་བསམ་བློའི་ནང་ལ་ང་ཚོས་དཀའ་ལས་བརྒྱབ་པ་འདིར་གྲུབ་འབྲས་ཤིག་ཐོན་རྒྱུ་ཡོད་ན་དཀའ་ལས་རྒྱག་རིན་ཆོག་པ་ཡིན་ཡང་། གལ་ཏེ་གྲུབ་འབྲས་ཤིག་ཐོན་རྒྱུ་མེད་ན་སྙིང་པོ་གང་ཞིག་ཡོད་དམ་བསམ་མཁན་ཡོང་སྲིད་པས་དེ་ཡང་མ་རེད་སྙམ། དཔེར་ན་འཛམ་གླིང་འདིའི་སྟེང་མི་ཐོག་མང་པོའི་རིང་ལ་མི་མང་པོ་ཞིག་གིས་དཀའ་ལས་བརྒྱབ་ནས་བྱས་རྗེས་བཞག་པ་ཆེས་མང་པོ་ཡོད། མི་དེ་དག་གིས་སོ་སོའི་མི་ཐོག་དེ་ལ་དཀའ་ལས་བརྒྱབ་པའི་གྲུབ་འབྲས་དེ་ལོངས་སྤྱོད་བྱ་རྒྱུ་ཡོང་བ་མཐོང་ན་དཀའ་ལས་བརྒྱབ། སོ་སོའི་མི་ཐོག་དེར་འབྲས་བུ་ལོངས་སྤྱོད་བྱ་རྒྱུ་ཡོང་གི་མ་རེད་བསམ་པ་འདུག་ན་དཀའ་ལས་མ་བརྒྱབ་པ་དེ་ལྟར་བྱས་མེད།
ཉེ་བའི་ཆར་རྒྱ་གར་གྱི་མེས་པོ་གྷན་དྷཱི་དང་། ལྟ་གྲུབ་སྨྲ་བ་གཙོ་ཆེ་བ་ཁག དེ་བཞིན་ཐབས་འཛིང་པ་གཙོ་ཆེ་བ་བྱས་རྗེས་འཇོག་མཁན་མི་དེ་དག་གིས་ཐོག་མར་སོ་སོས་གང་བརྩམ་རྒྱུའི་ལས་དོན་དེ་རྒྱུ་མཚན་ལྡན་པ་དང་། ཡང་དག་པ་ཡིན་མིན་བསམ་བློ་བཏང་། དཔྱད་པ་བཅུག་སྟེ་དམིགས་ཡུལ་དོན་དང་ལྡན་པ་ཞིག་དང་། རྒྱུ་མཚན་ལྡན་པ་ཞིག་ཡིན་པར་སོ་སོའི་བསམ་བློའི་ནང་ལ་ངེས་པ་རྙེད། དེ་རྒྱུ་མཚན་གྱི་ཐོག་ནས་གཏན་ལ་ཕབ་ནས་བྱ་བ་དེ་འགོ་བརྩམས་པའི་རྗེས་ལ་དེ་སོ་སོའི་མི་ཚེའི་ཐོག་ལ་འགྲུབ་ན་ཡང་རུང་མ་འགྲུབ་ན་ཡང་རུང་འབྲས་བུ་བཟང་པོ་དེ་སོ་སོས་ལོངས་སུ་སྤྱོད་ཐུབ་མིན་ལ་མ་ལྟོས་པར་རྩ་བའི་དམིགས་ཡུལ་ཡང་དག་པ་དེའི་ཆེད་དུ་སོ་སོའི་མེ་ཚེ་ཡོངས་སུ་གཏོང་གི་ཡོད་པ་དང་། སོ་སོའི་མི་ཚེ་ཙམ་མ་ཚད་དམིགས་ཡུལ་བཟང་པོ་དེ་འགྲུབ་པ་ལ་མི་ཐོག་ནས་མི་ཐོག་སྦྲེལ་ཏེ་དཀའ་ལས་བརྒྱབ་ནས་དམིགས་ཡུལ་འགྲུབ་པ་བྱེད་ཀྱི་ཡོད།
དེས་ན་ང་རང་ཚོའི་བོད་པའི་དོན་དག་འདི་ཡང་ལོ་ཁ་ཤས་ནང་ལ་གྲུབ་འབྲས་བྱུང་ན་ལས་ཀ་བྱེད་པ་དང་། ལོ་ཤས་ནང་དུ་གྲུབ་འབྲས་མ་བྱུང་ན་ལས་ཀ་བྱས་མ་བྱས་མི་འདུག་ཅེས་ཤོད་ཤེས་ཐབས་མེད། རྩ་དོན་བོད་ཀྱི་གནས་ཚུལ་འདི་དྲང་བདེན་དང་། རྒྱུ་མཚན་དང་ལྡན་པ་ཞིག་དང་། བོད་མི་ས་ཡ་དྲུག་གི་བདེ་དོན་གཞན་ཕན་གྱི་ལས་དོན་ཞིག་ཆགས་ཡོད། ང་རང་སྒེར་གྱི་ལྟ་ཚུལ་དང་བསམ་བློ་དེ་ལྟར་ཡིན། དེར་རྟེན་དཀའ་ངལ་འཕྲད་སྐབས་བསུན་སྣང་དང་ཉོབ་ནས་སྡོད་པ། ཡིད་ཐང་ཆད་པ་སོགས་བྱས་ན་མ་འགྲིགས་ཤིང་། ཚང་མར་སེམས་ཤུགས་ཡོད་པ་དེ་མ་ཆགས་པ་བྱེད་དགོས། འབྲས་བུ་བཟང་པོ་དེ་འགྲུབ་པ་ལ་སོ་སོའི་མི་ཚེ་འདི་ཙམ་མ་ཚད་མི་ཐོག་རྗེས་མ་ཚོས་དཀའ་ལས་རྒྱག་དགོས་བྱུང་ནའང་རྒྱག་སྙམ་དུ་སེམས་ཐག་བཅད་ན་ཇི་ཙམ་གྱིས་སེམས་ཐག་གཙང་མ་བཅད་པ་དེའི་ཚོད་ཀྱི་གྲུབ་འབྲས་བཟང་པོ་ཐོན་མྱུར་བ་ཞིག་དང་། གྲུབ་འབྲས་བཟང་པོ་ཐོན་ཆེ་བ་ཡོང་གི་རེད་སྙམ།

ཆ༽ བལ་འབྲུག་གི་དཀའ་ངལ་དང་། ཉེས་སྐྱོན་སེལ་ཐབས།

ད་ལོའི་ལོ་འདི་ལོ་ནག་ལྟ་བུ་ཞིག་ཆག་ནས་འབྲུག་དང་། བལ་ཡུལ་སོགས་སུ་གྲ་མ་འགྲིགས་ཕྲན་བུ་ཡོང་གི་ཡོད་ཀྱང་། ཆེ་ས་ནས་བསམ་བློ་བཏང་ན་དེ་དག་ཆུང་ཙག་རེད། འོན་ཀྱང་དེ་ལྟ་བུའི་རྐྱེན་གྱིས་སེམས་ཞུམ་པ་དང་། སེམས་སྦུག་དོག་པོ་བྱེད་མི་དགོས། རྩ་བ་འབྲུག་དང་བལ་ཡུལ་གཉིས་ཀ་ང་ཚོ་དང་མི་ཐོག་ནས་མི་ཐོག་གི་བར་ལ་འབྲེལ་བ་བཟང་པོ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་སྟབས། བར་ལམ་གློ་བུར་འཕྲལ་རྐྱེན་གྱི་གནས་ཚུལ་བྱུང་བ་དེས་དུས་ཡུན་རིང་པོའི་བར་དུ་གནས་པའི་མཛའ་འབྲེལ་ལ་འགྱུར་བ་འགྲོ་གི་མ་རེད།
ང་རང་ཚོས་ཕན་ཚུན་གཅིག་གིས་གཅིག་ལ་དགེ་སྐྱོན་མང་པོ་མཐོང་གི་རེད། དཔེར་ན་ང་རང་ལ་ཆ་བཞག་ན་ཡང་དེ་འདྲ་མང་པོ་ཡོང་མྱོང་། སྐྱོན་མཐོང་མ་ཐག་ལམ་སེང་གཅིག་གིས་གཅིག་ལ་སྐྱོན་བརྗོད་ངན་སྨྲས་བྱེད་ཀྱིན་བསྡད་ན། དེ་ནི་སྟོང་བཤད་ཙམ་ལས་ཕན་ཐོགས་ཡོང་བའི་ངེས་པ་མེད། རང་གིས་སྐྱོན་མཐོང་ན་སྐྱོན་དེ་སེལ་བའི་ཐབས་ཤེས་ཇི་འདྲ་ཞིག་འདུག་བསམ་བློ་བཏང་། སྐྱོན་དེ་སེལ་བའི་ཐབས་ལམ་རྙེད་ན་སྐྱོན་ལ་སྐྱོན་བརྗོད་བྱེད་པ་དང་ཆབས་ཅིག་སྐྱོན་ཆ་སེལ་ཐུབ་པ་བྱ་དགོས། དེ་ལྟར་བྱུང་ན་ཡག་པོ་རེད། དེ་མིན་ཚིག་སྐམ་པོའི་སྐད་ཆ་བརྒྱ་བཤད་སྟོང་བཤད་བྱས་ཀྱང་། དུས་ཚོད་ཆུད་ཟོས་ལྟ་བུ་ལས་ཕན་ཐོགས་འབྱུང་མི་ཐུབ།
ང་ཚོས་སྐབས་རེ་དེ་འདྲའི་རིགས་ཡོང་གི་འདུག་པས། དེ་རིགས་ལ་གཟབ་གཟབ་བྱེད་དགོས། དེ་བཞིན་ཁྱེད་རང་ཚོ་གཞོན་ནུ་ནང་ཁུལ་ལ་ད་ལྟ་འབྲེལ་བ་ཡག་པོ་ཡོད་པ་བཞིན་ད་དུང་ཡག་པོ་ཡོང་བ་བྱེད་རྒྱུ་གལ་ཆེན་པོ་རེད། ཀུན་སློང་ངན་པ་ཡོད་མེད་ཇི་ལྟར་ཡང་། ཕན་ཚུན་སྐད་ཆ་བཤད་དེ་ལེགས་ཉེས་ཀྱི་རྐྱེན་པས་ཚིག་རྩ་སྒྲུག་རེས་བྱས་ནས་སེམས་ལ་ང་ཚོ་དང་ཁོ་ཚོ་ཟེར་བ་ལྟ་བུའི་འཐེན་འཁྱེར་ཞེ་འཁོན་བྱུང་ན་དེ་ནི་དུག་དང་འདྲ་བའི་གནོད་སྐྱོན་ཆེན་པོ་ཡིན། ང་ཚོས་སྤྱི་པའི་དོན་དག་སྒྲུབ་པའི་སྐབས་ལ་ཕར་ཚུར་སྐད་ཆ་ཤོད་སྐབས་ཡག་པོ་བྱས་ནས་ཤོད་པ་དང་། ཚིག་གནད་བརྗོད་དུས་ཙ་ན་བརྗོད་རྒྱུ་ཡོད་པ་བྱས་ན་ཡག་པོ་རེད།

ཇ༽ རྒན་གཞོན་བར་གསུམ་དང་། རང་འགན་ལེགས་སྒྲུབ།

དེ་བཞིན་མི་གཞོན་པ་དང་། མི་རྒན་པའི་བར་ལ་བསམ་བློའི་འཁོར་སྟངས་མི་འདྲ་བའི་རིང་ཐུང་སྣ་ཚོགས་ཡོང་བ་དེ་ང་ཚོ་བོད་པ་གཅིག་པུ་མིན་ཞིང་། འཛམ་གླིང་གང་སར་མི་ཐོག་རྒན་གཞོན་བར་ལ་བསམ་ཚུལ་རིང་ཐུང་དང་། བསམ་བློའི་འཁྱེར་སོ་འདྲ་མིན་ཡོང་གི་ཡོད། ང་ཚོ་བོད་པར་ཆ་བཞག་ན་མི་ཐོག་རྒན་པ་རྣམས་བོད་ནང་ལ་ཚར་ལོངས་བྱས། བོད་ནང་གི་གོམས་གཤིས་འཇགས་པ་ཞིག་ཆགས་ཡོད་ལ། ཁྱེད་རང་ཚོ་ཆུང་བ་ཁ་ཤས་ནི་རྒྱ་གར་ལ་སྐྱེས་པ་དང་། ཁ་ཤས་རྒྱ་གར་ནང་སྐྱེས་མེད་ནའང་བོད་ནས་ཚུར་ཆུང་ཆུང་སྐབས་ནས་འདིར་སླེབས་ཏེ་འཚར་ལོངས་བྱས་ཡོད་སྟབས། གཅིག་ནས་ལོ་ནའི་བབས་དང་། གཉིས་ནས་རྩ་བའི་འཚར་ལོངས་བྱེད་ས་མི་འདྲ་བའི་གནས་ཚུལ་གྱི་ཐོག་ནས་བསམ་བློའི་བར་ཁྱད་ཏན་ཏན་ཡོང་ངེས་རེད།
མི་རིགས་གཞན་དག་ལ་དེ་ལྟར་ཡོང་སྐབས་ང་ཚོ་བོད་པར་རྒན་གཞོན་བར་ལ་བསམ་བློའི་ཁྱད་པར་ལོས་ཡོད། དེ་རྒྱུ་རྐྱེན་མང་པོ་ཞིག་གི་ཐོག་ནས་ཆགས་པ་དེ་ལྟར་རེད། དེ་འདྲའི་རྒན་གཞོན་བར་ལྟ་ཚུལ་དང་། བསམ་ཚུལ་ཕྲན་བུ་མི་འདྲ་བ་ཡོང་གི་ཡོད་པ་དེའི་སྐོར་འབྲེལ་བ་དམ་ཟབ་དང་། བསམ་ཚུལ་གསལ་པོ་ཤོད་རེས་བྱས་ནས་རྒན་གཞོན་བར་མཐུད་ཁ་ཡག་པོ་རྒྱག་མ་ཐུབ་ན། བསམ་བློའི་ནང་མ་སྐྱིད་པ་དང་། བག་མི་ཕེབས་པ་ཡོང་རྒྱུར། དེ་རིགས་མི་འབྱུང་བའི་ཡིད་གཟབ་བྱེད་དགོས།
ངས་ལྷག་བསམ་ལག་ལེན་དུ་འཁྱོལ་དགོས་ཞེས་དུས་རྟག་ཏུ་ཤོད་ཀྱི་ཡོད་པ་ལྟར། སོ་སོའི་ལྷག་བསམ་གྱི་ཐོག་ནས་ཁ་ནས་བཤད་པའི་ཚིག་དེ་ལག་ལེན་གྱིས་ནོན་པ་ཞིག་དགོས་ཀྱི་འདུག ཁ་ནས་བཤད་པ་དེ་ལག་ལེན་གྱིས་ནོན་མ་ཐུབ་ན་གོང་དུ་བརྗོད་པ་བཞིན་བརྒྱ་བཤད་སྟོང་བཤད་ཇི་ཙམ་བྱས་ནའང་སྙིང་པོ་མེད། དེར་བརྟེན་ཚང་མས་སོ་སོ་སོ་སོར་སྐབས་སུ་བབས་པའི་ལས་དོན་སློབ་སྦྱོང་དང་། ལས་ཀ་བྱེད་མཁན་གང་ཞིག་ཡིན་རུང་། སོ་སོར་སྐབས་སུ་བབས་པའི་ལས་འཁུར་དེའི་ཐོག་ཏུ་སེམས་ཤུགས་བསྒྲིལ་ནས་རྒྱབ་མདུན་ངོ་ལྐོག་བྱེད་མི་དགོས་པའི་གཙང་མ་ཞིག་བྱས་ན་དེ་ལ་དཔགས་པ་ཞིག་ཕན་གྱི་རེད།

ཉ༽ དྲག་པོའི་སློབ་སྦྱོང་དང་། གོང་བུའི་ནུས་ཤུགས།

བར་ལམ་ལོ་ཤས་ནང་རྒྱ་ནག་གི་སྲིད་བྱུས་ཕྲན་བུ་འཇམ་དུ་ཕྱིན་ཡོད་ཀྱང་། བར་ལམ་དེ་ལ་ཡང་བསྐྱར་འགྱུར་བ་ཕྱིན་པ་ལྟ་བུ་འདུག གང་ལྟར་ཡང་མ་འོངས་པར་ང་ཚོ་བོད་དང་རྒྱ་ནག་བར་ལ་རྒྱུ་མཚན་དང་ལྡན་པའི་སྐད་ཆ་བྱས་ནས་གྲུབ་འབྲས་ཐོན་པ་དེ་འདྲ་ཡོང་སྲིད་པ་ལས་ཡོང་མི་སྲིད་པ་མིན། དེ་ལྟར་བྱུང་ན་རབ་དང་ཕུལ་རེད། དེ་ལས་དགའ་བ་གང་ཡོད། ཡིན་ནའང་གཅིག་བྱས་ན་གནས་ཚུལ་དེ་འདྲ་མིན་པར་འཁྲུག་པ་རྒྱག་དགོས་པ་ཡང་ཡོང་མི་སྲིད་མིན། དེར་བརྟེན་གཞོན་ནུ་ཕོ་མོ་ཚོའི་ནང་ལ་དྲག་པོའི་སློབ་སྦྱོང་ལ་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་མིན་ནམ་བསམ་གྱི་འདུག དེ་ལྟའི་སློབ་སྦྱོང་བྱེད་རྒྱུ་བྱུང་ན་དུས་ཚོད་འགྱུར་བ་གང་འདྲ་ཞིག་འགྲོ་གྲབས་ཡོད་མེད་ཆ་མ་མཆིས་སྟབས། གལ་སྲིད་དགོས་གལ་བྱུང་ན་ཕན་ཐོགས་པོ་ཡོང་གི་རེད།
མ་གཞི་མི་བསད་ཁྲག་སྦྱོར་གྱི་ལས་ཀ་བྱེད་རྒྱུ་ཤིན་ཏུ་ཐབས་སྡུག་རེད། ཡིན་ནའང་དངོས་ཡོད་གནས་ཚུལ་ལ་དེ་ལས་ཐབས་ལམ་གཞན་འགྲོ་ས་མེད་ན་བྱ་ཐབས་མེད། རྩ་བ་ནི་ཀུན་སློང་ལ་རག་ལུས་ཤིང་། ཀུན་སློང་བཟང་པོ་ཞིག་དང་འབྲས་བུ་བཟང་པོ་ཞིག་ཡིན་ན། ཀུན་སློང་དང་འབྲས་བུ་གཙོ་ཆེ་བ་ལས་ཐབས་གཙོ་ཆེ་བ་མིན། ཐབས་དེ་འབྲས་བུ་སྒྲུབ་པའི་ཐབས་ཤེས་ཡིན་པ་ལས་བསྒྲུབ་བྱ་མིན། བསྒྲུབ་བྱ་བཟང་པོ་ཞིག་དང་ཀུན་སློང་བཟང་པོ་ཞིག་ཡིན་ན། ཐབས་ལམ་ཞི་རྒྱས་དབང་དྲག་སྣ་ཚོགས་ཤིག་ནང་པའི་ཆོས་ཀྱི་ཐོག་ནས་གསུངས་ཡོད། དེར་རྟེན་ང་ཚོར་དེ་འདྲ་ཞིག་ཡོང་མི་སྲིད་པ་མིན་སྟབས། ཁྱེད་རང་ཚོ་གཞོན་ནུའི་ནང་ནས་དྲག་པོའི་སློབ་སྦྱོང་བྱེད་རྒྱུར་དོ་སྣང་མང་ཙམ་བྱས་ན་ཡག་པོ་མིན་ནམ་སྙམ་གྱི་འདུག
ས་གནས་གཡས་གཡོན་ནས་ཡོང་མཁན་གཞོན་ནུ་ཚོ་གལ་ཆེན་པོ་རེད། ཁྱེད་རང་ཚོ་ས་གནས་སོ་སོར་གཞོན་ནུའི་རྩ་འཛུགས་ཡག་པོ་བྱས་ནས་ལས་ཀ་བྱེད་དགོས། སྤྱིར་ས་གནས་མང་པོར་ཁ་གྲམ་ནས་བསྡད་པའི་ཁར། ཕན་ཚུན་ཡིག་འགྲུལ་གྱི་ཐོག་ནས་སྐབས་འཕྲལ་གྱི་གནས་ཚུལ་གསལ་པོ་འབྲེལ་བ་མ་བྱུང་བའི་ཉེར་ལེན་གྱིས་བསམ་ཚུལ་རིང་ཐུང་དང་། འདོད་པ་ཁེངས་མིན་ཡོང་སྲིད། དེར་བརྟེན་འཛོམས་རྒྱུའི་གོ་སྐབས་བྱུང་བའི་སྐབས་སུ་གང་ཅིའི་གོ་བསྡུར་ཞིབ་ལྷུག་བྱ་རྒྱུ་དེ་རྩ་བ་ཆེན་པོ་ཡིན། ཁྱེད་ཚོ་སོ་སོ་ས་ཁུལ་གང་ནས་ཡོང་བ་ཡིན་རུང་ཁུངས་སོ་སོར་གཞོན་ནུའི་ཚོགས་མི་ཡོད་སྟབས། ང་ཚོ་འདིར་བསམ་བློ་གཏོང་ཕྱོགས་གོ་བསྡུར་བྱས་པའི་གནས་ཚུལ་རྣམས་ཕར་སླེབས་ནས་ས་གནས་སོ་སོར་འགྲེལ་བཤད་རྒྱག་རྒྱུ་དང་། ས་གནས་སོ་སོར་སློབ་གྲྭ་བ་ལྟ་བུ་རེ་ཟུང་ཞིག་ལས་མེད་ནའང་། ཚང་མ་བསམ་ཕྱོགས་གཅིག་གྱུར་རྡོག་འགྲིལ་པོ་བྱས་ནས་ང་ཚོའི་གོང་བུའི་ནུས་ཤུགས་འདོན་རྒྱུ་དེ་གལ་ཆེན་པོ་རེད།
མི་རེ་རེ་གཉིས་རེའི་ནུས་པ་དང་། ཤེས་ཡོན་ཇི་ཙམ་ཡོད་ཀྱང་དེ་ཙམ་ཞིག་རེད། གོང་བུའི་ནུས་པ་བྱུང་ན་དེ་ལ་ནུས་པ་ཞིག་ཡོད། ང་ཚོ་བོད་མི་བཙན་བྱོལ་བར་ཆ་མཚོན་ན་མི་གྲངས་མང་པོ་གང་ཡང་མ་རེད། འཛམ་གླིང་ནང་སྲིད་དོན་གྱི་བཙན་བྱོལ་བ་མང་པོ་ཡོད། མང་ཉུང་ལ་ཆ་བཞག་ན་ང་ཚོ་ལས་ཤར་ཏུར་ཀི་སི་ཐན་ནམ་ཤིན་ཅང་གི་བཙན་བྱོལ་བ་མང་བ་ཡོད། ཧ་ལམ་འབུམ་ཕྲག་གཉིས་ལྷག་ཡོད་པ་ལྟ་བུ་འདུག དེ་བཞིན་ཤེས་ཚད་ཧྲག་ལོད་ཀྱི་སྒོ་ནས་ཆ་བཞག་ནའང་ཕལ་ཆེར་བོད་པ་རྣམས་ཧྲག་པ་ཡོད་བཟོ་མི་འདུག ཡིན་ནའང་ཤིན་ཅང་གི་བཙན་བྱོལ་བ་དང་། བོད་པ་བཙན་བྱོལ་བ་འདྲ་འདྲའི་ནང་ནས་བོད་པ་བཙན་བྱོལ་བར་རྒྱ་མིར་ན་ཟུག་ཆེ་བ་ཡོང་བ་འདི་ལ་རྒྱུ་མཚན་གཞན་དག་ཡོད་ཤག་ཀྱང་། གཙོ་བོ་གཅིག་ནི་ང་ཚོར་གོང་བུའི་ནུས་པ་ཞིག་ཡོད་པ་འདིས་བྱས་པ་ཡིན་སྟབས། འདི་ཧ་ཅང་རྩ་བ་ཆེན་པོ་རེད། དེར་བརྟེན་ང་ཚོས་ཕྱོགས་མཐའ་གང་དུ་ཡིན་ན་ཡང་གོང་བུའི་ནུས་པ་འདོན་དགོས། ས་ཕྱོགས་མཐའ་དབུས་གང་དུ་གནས་ཡོད་ཀྱང་ཚང་མའི་བསམ་བློའི་ཐོག་ནས་ཕན་ཚུན་གནས་ཚུལ་གསལ་པོ་ཤེས་པ་དང་། གཅིག་གིས་གཅིག་ལ་བསམ་བློའི་ཐོག་ནས་སེམས་ཐག་ཉེ་པོ་བྱས་ཏེ་་གཅིག་སྒྲིལ་གོང་བུའི་ནུས་ཤུགས་བྱུང་ན་འགྲིག་པ་རེད།

༼མཚམས་འདིར་བོད་མི་ནང་ཁུལ་གཅིག་སྒྲིལ་ཡོང་ཐབས་ཐོག་གྲོས་ཆོད་ཅིག་ཕུལ་ཡོད་ལགས་པ་ཞུ་ཕྱོགས་ཇི་འགབ་བཀའ་སློབ་ཐུགས་རྗེ་ཆེ་བ་ཞེས་ཞུས་པར།༽

ཏ༽ དགོས་ངེས་ཀྱི་འགྲེལ་བརྗོད་དང་། འབྲེལ་ལམ་དམ་ཟབ།

སྤྱིར་བཏང་གཅིག་སྒྲིལ་ཡོང་བའི་མཐུན་རྐྱེན་སྒྲུབ་ཕྱོགས་ཀྱི་ཐབས་ཤེས་གཅིག་དང་། གཅིག་སྒྲིལ་ཡོང་བའི་འགལ་རྐྱེན་འགོག་ཐབས་གཅིག་བཅས་གཉིས་ཡོང་མདོག་ཁ་པོ་རེད། དགག་ཕྱོགས་ནས་བཤད་ན་གནས་ཚུལ་ངོ་མ་རང་གིས་ཇི་བཞིན་མ་ཤེས་ཤིང་། དེ་ལ་རྒྱུ་མ་ཕུ་འདེད་ཀྱིས་བརྩད་དཔྱོད་མཐིལ་ཕྱིན་ཡང་མ་བྱས་པར་ཟེར་སྐད་རྗེས་འབྲང་གིས་གཅིག་གིས་གཅིག་ལ་ཁ་མང་པོ་བཏང་། རང་ཉིད་དགའ་མིན་གཞི་བཞག་གིས་སྣོན་མའི་སྒྲོ་འདོགས་བྱས་ཏེ་སྐད་ཆ་མང་པོ་རྒྱ་བསྐྱེད་བྱས་ཏེ་དོགས་པ་རྣམ་རྟོག་འཕར་སྣོན་བྱེད་པ་འདི་དག་གཅིག་སྒྲིལ་ལ་གནོད་འགལ་ཡོང་གི་འདུག་པས། དེ་རིགས་གང་ཉུང་བྱེད་དགོས་ལ། སྒྲུབ་ཕྱོགས་ནས་ང་ཚོ་ཡང་ཡང་འཚོགས་ནས་གོ་བསྡུར་བྱས་ཏེ་བསམ་བློའི་ནང་དོགས་པ་རྣམ་རྟོག་ཡོད་ན་དེ་རིགས་སེལ་ཐབས་བྱེད་དགོས།
རྩ་བ་ངས་གོང་དུ་བརྗོད་པ་བཞིན་ང་ཚོས་ལས་དོན་ཅི་བྱས་ཕྱི་ནང་ངོ་ལྐོག་ཏིལ་འབྲུ་ཙམ་ཡང་བྱེད་མི་དགོས་པ་ཞིག་ཡིན་པ་ལས། མདུན་ལ་བསྟན་རྒྱུ་ཞིག་དང་རྒྱབ་ལ་བྱེད་རྒྱུ་ཞིག་རྩ་བ་ཉིད་ནས་མེད་པ་ཞིག་ཡིན། དེར་བརྟེན་ད་ལྟ་ཕན་ལ་བོད་རིགས་ནང་ཁུལ་ལ་ཕྲན་བུའི་བསམ་བློ་རིང་ཐུང་ཡོང་བའི་རྒྱུ་རྐྱེན་ཕལ་ཆེ་བ་ནི་གནས་ཚུལ་མ་ཤེས་པ་དང་། དགོས་ངེས་ཀྱི་འགྲེལ་བཤད་གསལ་པོ་མ་བྱུང་བ། འབྲེལ་བ་འདང་ངེས་མ་བྱུང་བའི་རྐྱེན་གྱིས་བྱུང་བ་ཞིག་ལས། ང་ཚོའི་རྩ་བའི་བསམ་བློ་གཏོང་སྟངས་ལ་ནོར་འཁྲུལ་ཡོད་པའི་རྐྱེན་གྱིས་བྱས་པའམ། ངོ་ལྐོག་དང་ཕྱོགས་ལྷུང་ཡོད་པའི་རྐྱེན་གྱིས་བྱུང་བ་རེད་བསམ་པ་རྩ་བ་ཉིད་ནས་མེད།
ཆེས་རེ་ཟུང་ནི་ཐོག་མ་ནས་རང་གི་ཀུན་སློང་འཁྱོག་པ་ཡོང་སྲིད་ཅིང་། དེ་ནི་གནས་ཚུལ་ཐ་དད་རེད། སྤྱིར་བཏང་བོད་མི་ནང་ཁུལ་འགྲེལ་བཤད་གསལ་པོ་བྱེད་རེས་དང་། གནས་ཚུལ་གསལ་པོ་རྟོགས་རེས་བྱུང་ན་ང་ཚོ་ཚང་མ་གཅིག་སྒྲིལ་ཡོང་ངེས་ཡིན་པ་ལས། གཅིག་སྒྲིལ་མི་ཡོང་བའི་གཞི་རྩ་གང་ཡང་མེད། རྒྱུ་མཚན་དེ་འདྲར་བརྟེན་ང་ཚོ་གཅིག་གིས་གཅིག་ལ་ཕན་ཚུན་འགྲེལ་བཤད་ཡག་པོ་བྱས་ནས་གནས་ཚུལ་ཤེས་པ་ཞིག་དང་། ཕན་ཚུན་འབྲེལ་བ་དམ་ཟབ་ཅིག་བྱུང་ན་སྒྲུབ་ཕྱོགས་ཀྱི་མཐུན་རྐྱེན་དེ་རེད། ཆོལ་ཁ་དང་ཆོས་ལུགས་ཀྱི་ཐོག་ནས་འཁྱེར་འཐེན་བྱེད་པ་འདི་སྡུག་ཤོས་རེད། སྤྱིར་བཏང་གཞོན་ནུ་ཚོའི་ནང་ལ་ཆོས་ལུགས་ཀྱི་འཐེན་འཁྱེར་བྱེད་མཁན་ཕྲན་བུ་ཉུང་བ་མིན་ནམ་བསམ་པ་འདུག ད་ལྟ་དྲན་པ་དེ་འདྲ་ཞིག་འདུག
ང་རང་ཚོ་མི་སོ་སོས་སོ་སོར་ཞིབ་འཇུག་བྱེད་རྒྱུ་གལ་ཆེན་པོ་རེད། རྒན་གཞོན་བར་པ་སུ་ཡིན་རུང་། གཞན་ལ་ཤོད་པ་ལ་ཐོག་མར་རང་ཉིད་གཙང་མ་ཞིག་དགོས་ཤིང་། དེར་བརྟེན་རང་གིས་རང་ལ་དུས་རྟག་ཏུ་ཞིབ་འཇུག་བྱེད་དགོས། ངའི་བསམ་བློ་གཏོང་ཕྱོགས་དང་། བྱེད་ཕྱོགས་འདི་ལ་སྐྱོན་དང་ནོར་འཁྲུལ་ཡོད་མེད། རང་གིས་རང་ལ་ཞིབ་འཇུག་ཡག་པོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། རང་གིས་རང་ལ་ཞིབ་འཇུག་ཡག་པོ་བྱེད་མ་ཐུབ་ན། རང་ཉིད་སྣང་བ་དག་ནས་རང་ཉིད་སྐྱོན་གྱི་གོང་བུ་ཞིག་ཡིན་ན་ཡང་། ང་གང་འཚམ་ཞིག་ཡིན་བསམ་པ་དྲན། དེ་ལྟ་བུའི་ཐོག་ནས་སྐད་ཆ་སྟོང་བཤད་སོགས་ཀྱི་ཐོག་ནས་སྨྱོ་མཆོངས་རྒྱག་མཁན་གྱི་རིགས་ཡོང་སྲིད། དེར་རྟེན་རང་གིས་རང་ལ་ཞིབ་འཇུག་ནན་ཏན་བྱ་རྒྱུ་གལ་ཆེན་པོ་རེད། དེ་མིན་གཞན་དག་ཞུ་རྒྱུ་གང་ཡང་མི་འདུག བཀྲ་ཤིས་བདེ་ལེགས་ཡོད། ཅེས་བཀའ་སློབ་སྩལ།། །།