སུམ་བཅུའི་དུས་དྲན། བོད་མིིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ།
རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་རྗེས་སྤྱི་ལོ་ ༡༩༥༩ ཟླ་བ་ ༣ ཚེས་ ༡༠ ཉིན་༧གོང་ས་མཆོག་རྒྱ་མིའི་དམག་སྒར་དུ་གཟིགས་མོར་གདན་ཞུས་ལྟར་ནང་དོན་ཕེབས་རྒྱུ་ཐུགས་གཏན་འཁེལ་བ་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་ཆོལ་གསུམ་བོད་རྒྱ་ཆེའི་སེར་སྐྱ་མི་མང་ནས་ཤེས་ཏེ་༧གོང་ས་ཆེན་པོ་གློ་བུར་བཙན་ཤེད་ཀྱིས་རྒྱ་ནག་ཏུ་གདན་འདྲེན་ཞུ་རྒྱུའི་ཉེན་འགན་མ་བཟོད་པར་བཀའ་ཤག་བརྒྱུད་ཕེབས་བཤོལ་ཡོང་བའི་གསོལ་འདེབས་ཞུས་པ་དང་ཆགས་གཅིག རྒྱ་དམར་གྱིས་སྤྱི་ནོར་༧གོང་ས་མཆོག་གི་སྐུ་ཕྱྭར་བསྡོ་བའི་བྱ་ངན་ལ་གདོང་ལེན་བྱ་ཆེད་ཆོལ་གསུམ་སེར་སྐྱ་མི་མང་སྟོང་ཕྲག་མང་པོ་མ་སྐུལ་དྭང་བླངས་ཐོག་ནོར་བུ་གླིང་ཁའི་ཕོ་བྲང་ཕྱི་རོལ་དུ་འདུ་འཛོམས་ཀྱིས། ཕྱི་རྒྱལ་རྒྱ་དམར་བཙན་འཛུལ་བར་བོད་ཀྱི་བདག་དབང་བོད་མིར་ཡོད་པས་རྒྱ་དམར་བོད་ནས་ཕྱིར་ལོག་དགོས་པའི་བོད་མིའི་རང་དབང་སྒེར་ལངས་ཀྱི་ལས་འགུལ་དངོས་སུ་བྱས་པའི་གལ་ཆེའི་དུས་ཚིགས་ཀྱི་ཉིན་མོ་ཞིག་སྟེ། བོད་ཀྱི་རྒྱལ་རབ་ལོ་རྒྱུས་ནང་ནམ་ཡང་བརྗེད་ཐབས་མེད་པའི་ཉིན་མོ་ཞིག་ཡིན། སྐབས་དེར་རྒྱ་དམར་གྱི་དྲག་མཚོན་འོག་བོད་མི་ཁྲི་ཚོ་མང་པོའི་ཚེ་སྲོག་ཤོར་ནས་བོད་ཀྱི་རྒྱལ་ས་ལྷ་ས་ཁྲག་གིས་ཚོས་པར་བྱས་པས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཁོང་གི་སྐུ་འཁོར་གཙོས་པའི་བོད་མི་སྟོང་ཕྲག་མང་པོ་ཕྱི་རྒྱལ་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་ཡོད། ལོ་ལྟར་སྤྱི་ཟླ་ ༣ ཚེས་ ༡༠ ཉིན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་མཛད་རྗེས་དང་སྐབས་དེའི་ཡ་ང་བའི་ལོ་རྒྱུས་ཀྱི་སྐྱོ་གར་དེ་དྲན་པའི་ཆེད་དུ་བཙན་བྱོལ་བོད་མི་གནས་ཡུལ་ས་གནས་གང་སར་རྒྱ་དམར་གྱི་དྲག་པོའི་དབང་བསྒྱུར་ལ་རྒོལ་བའི་ལས་འགུལ་སོགས་སྤེལ་ཏེ་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད།