དེ་ཡང་སྤྱི་ལོ་ ༢༠༠༨ ལོའི་ཟླ་བ་ ༣ པའི་ཚེས་ ༡༠ ནས་རིམ་པས་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་གྱི་ལས་འགུལ་སྤེལ་ནས་སྤྱི་ལོ་ ༢༠༡༨ ཟླ་བ་ ༣ ནང་ལོ་ངོ་ཧྲིལ་པོ་བཅུ་ཏག་ཏག་འཁོར་བཞིན་པར་སོང་། ས་བྱི་ཞི་རྒོལ་གྱི་བྱུང་བ་དྲན་གསོ་ཞེས་པའི་གཏམ་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་སྤྱི་ལོ་ ༢༠༡༨ ཟླ་བ་ ༣ ཚེས་༡༣ ཉིན་གྱི་ཕྱི་དྲོའི་ཚོུད་ ༥ ཐོག་དྷ་ས་མེག་གྷན་བོད་ཁྱིམ་ཉིན་མོའི་སློབ་གྲྭའི་ཚོགས་ཁང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔས་གོ་སྒྲིག་གནང་ཡོད་པ་རེད།
གཏམ་བཤད་གནང་མཁན་དུ་གདན་ཞུས་སྐུ་མགྲོན་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་དགེ་འདུན་པ་བློ་བཟང་ཡེ་ཤེས་ལགས་དང་། དེ་བཞིན་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་འགན་འཛིན་དང་སྤྱི་ཁྱབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་སྒྲོན་གཉིས་བཅས་ཀྱིས་སྤྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་གྱི་བྱུང་རིམ་དང་ཁྱབ་ཚད། དགེ་སྐྱོན། ཕན་ནུས་སོགས་ཀྱི་ཐོག་ལ་གཏམ་བཤད་གནང་ཡོད་པ་མ་ཟད། མི་མང་གི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་ཀྱང་གནང་ཡོད་པ་རེད། གཏམ་བཤད་ལས་རིམ་གྲུབ་རྗེས་གཙོ་སྐྱོང་བ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་ནས་གཏམ་བཤད་ལས་རིམ་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་དང་། བྱེས་གྱར་བོད་མི་ཚོས་ས་བྱི་ཞི་རྒོལ་ཆེན་མོར་རྗེས་དྲན་ཙམ་མ་ཡིན་པར་བོད་མིའི་ལས་འགུལ་དང་འཐབ་རྩོད་རྒྱུན་སྐྱོང་གནང་དགོས་པའི་འབོད་སྐུལ་དང་། གདན་ཞུས་གཏམ་བཤད་པ་གཉིས་དང་མི་མང་ལ་ཐུགས་རྗེ་ཆེ་ཞུས་ཀྱིས་ལས་རིམ་རྒྱལ་ཁའི་ངང་གྲུབ་ཡོད་པ་རེད།